འགར་ཚེ་རྒྱལ།
——-
བསིལ་རླུང་འཇམ་པོ་ཡུན་ནས་ཡུན་དུ་ལྡང་།།
སྤང་ཁའི་རྩི་ཏོག་ལྡེམ་ནས་ལྡེམ་དུ་གཡོས།།
ཉི་ཟེར་ཨ་ཐང་ཆད་པའི་ས་སྲོད་ན།།
འཇིགས་རུང་ཇག་གི་སོ་བ་གང་སར་སྐུང་།།
དངུལ་དཀར་དྲིལ་བུའི་རང་སྒྲ་སི་ལི་ལི།།
མཆོག་གསུམ་མཆོད་པའི་དབྱངས་རྟ་སྙན་ལྷང་ལྷང་།།
བྱ་བརྒྱ་ཚང་ལ་འཕུར་བའི་ས་སྲོད་ན།།
ཕོ་བྲང་དམར་པོའི་སྒོ་ཐེམ་འུར་གྱིས་ཁེངས།།
རི་ཁའི་ཕྱུགས་ཟོག་སྦྲ་ནག་མཐའ་ལ་བསྐྱིལ།།
རྫི་བོ་ཕོ་མོ་རང་རང་ཁྱིམ་དུ་ལོག།
མི་སྐད་ཡུན་གྱིས་འཇགས་པའི་ས་སྲོད་ན།།
སྒོ་ཁྱི་ངར་མའི་སེམས་པ་བྲེལ་འཚབ་འཚབ།།
དྭངས་གཙང་ཆུ་བོའི་རླབས་རྒྱུན་ཤག་ཤག་བཞུར།།
གསེར་མིག་འཁྱུགས་པའི་གར་འགྲོས་ཡིད་དུ་འོང་།།
མེ་ཏོག་བཞད་ཁ་ཟུམ་པའི་ས་སྲོད་ན།།
བུ་ཆུང་གངས་དགའི་ཕ་གཞིས་དགྲ་ལ་ཤོར།།
ཅང་ཤེས་རྨིག་སྒྲས་རི་བོའི་སྙིང་རྩ་སྒུལ།།
གཡང་དཀར་འབའ་སྒྲས་ནོར་འཛིན་ངལ་བར་བྱས།།
ཐོལ་དཀར་འབྲི་མོ་ངུར་པའི་ས་སྲོད་ན།།
བུ་མོ་གངས་དཀར་སྒྲོལ་མའི་བཞོ་དབྱངས་འགག།
དགོང་ཁའི་ཉི་ཟེར་མཚམས་སྤྲིན་མདངས་ཀྱིས་འཁྱུད།།
རྒྱང་མཐའི་རི་ཚོགས་མུ་ནས་མུ་རུ་ཡལ།།
ཡོད་ཚད་མིན་པས་སྒྲིབ་པའི་ས་སྲོད་ན།།
ལོ་ཆུང་བྱིས་པའི་ཀ་ཁའི་དབྱངས་རྟ་ཉམས།།
སྦྲ་མཐའི་དུད་ཞག་གཅོང་རོང་དོག་མོར་འཁྱིལ།།
རི་རྩེའི་ན་བུན་ལུང་གསུམ་མདོ་ཁར་འཚངས།།
ལྷོ་སྤྲི་ནག་པོ་འཐིབས་པའི་ས་སྲོད་ན།།
བརྒྱད་ཅུ་རྒན་པོ་རེ་ཐག་རྨང་ནས་ཆད།།
གནམ་མཐའི་གློག་ཞག་མྱུར་ནས་མྱུར་དུ་འཚུབ།།
སྤང་ཐང་ཡངས་མོར་འཇག་རྩྭས་ཤུགས་གླུ་གྱེར།།
དགོང་ཁའི་གྲིབ་གཟུགས་གཡོགས་པའི་ས་སྲོད་ན།།
གདོང་དམར་དཔའ་བོས་ལག་རྡང་རི་ནས་སྦྲེལ།།
ས་མཐའི་ཡུལ་གྱར་གཅིག་ནས་གཅིག་ཏུ་འདུས།།།
རང་དབང་དར་ཆ་ཤུགས་ཀྱིས་མཁའ་ལ་བསྐྱོད།།
ཞི་བདེའི་མར་མེ་སྦར་བའི་ས་སྲོད་ན།།
གངས་རིའི་བླ་མས་ཞི་སྨོན་རི་ནས་བཏབས།།