ཆབ་མདོ་ངག་ཕུན།
གངས་རི་མཐོ༵་པོའི་རྩེ་མོ་ལ།།
སྒ༵ང་པ་བོད་ལ་ཉི༵་མདངས་ཁྱབ།།
ཟེ༵ར་མ་ཐིགས་པ་མཁའ་ནས་འབབ།།
དྲི་མེད་རླུང་བུ་ལྷབ་ལྷུབ་གཡོ།།
གངས་ལྗོངས་ཞིང་ས་གཤིན་པོ་ལ།།
འབྲུ་བཟང་སྙེ་མ་ལྡེམ་ལྡེམ་འགུལ།།
དུས་རབས་མཐུན་པའི་ཤེས་བྱ་སྤེལ།།
བཅུད་ལྡན་ཤེས་རིག་ལོ་འདབ་རྒྱས།།
ཞིང་འབྲོག་མི་མང་འཛུམ་རླབས་འཕྱུར།།
ཡིད་ལ་དགའ་ཚོར་སྟོན་ཟླ་ཤར།།
མ་རིག་མུན་པ་ཕ་མཐར་བྲོས།།
ཀུ་མུད་གཉེན་ཡང་གོང་དུ་འཕག།
ཀུན་ལ་གཏན་བདེའི་འོད་སྣང་སྦྱིན།།
བློ་གྲོས་གསར་པའི་བུང་ཚོགས་ལ།།
བཅུད་ལྡན་སྦྲང་རྩི་རོལ་ས་སྐྲུན།།
བརྩོན་འགྲུས་ཤེས་རབ་རྟ་ཕོ་ཆིབས།།
ཡངས་པའི་ས་ཆེན་རིམ་གྱིས་སྐོར།།
ཤེས་རིག་གཏིང་མཐའ་ཟབ་མཚོ་ལ།།
བློ་གཏན་འགྱུར་མེད་གྲུ་རྫིང་བསྟེན།།
གཏན་བདེའི་རིན་ཆེན་འོད་འབར་འབྱུང་།།
བརྩོན་འགྲུས་ལྷོད་མེད་རླུང་གིས་བསྐྱོད།།
ཤེས་བྱ་སྣ་ཚོགས་ཤེས་དགོས་ན།།
འདིར་ཕེབས་རང་རིགས་བློ་མཐུན་ཚོགས།།
ཤེས་རིག་ནོར་གྱི་བང་མཛོད་མཆིས།།
རིག་པའི་གཅེས་ནོར་མ་ལུས་ཚང་།།
ནམ་མཁའི་བྱ་ལམ་ཟིན་དགོས་ན།།
ཤེས་རིག་གཤོག་སྒྲོ་གོང་རྒྱས་གཞི།།
ཡངས་པའི་བྱ་ལམ་ཟིན་པར་ངེས།།
མ་གཡེང་མ་ལྷོད་གངས་ཕྲུག་རྣམས།།
བློ་རྩེ་ཆིག་སྒྲིལ་ཤེས་རིག་ལ།།
བརྩོན་འགྲུས་བརྩོན་དང་གངས་ཕྲུག་རྣམས།།
ང་ཚོར་དགོས་པའི་ཤེས་རིག་ཡིན།།
ཤེས་བྱ་ཡོན་ཏན་ལྷག་བསམ་སོགས།།
རང་ལུས་ཚང་ན་མཆོག་གི་ནོར།།
དེ་ལྷག་གནས་ནི་ཡོད་མ་ཡིན།།
དེང་དུས་འཕྲུལ་ཆས་སྤྱོད་ཤེས་ན།།
རང་ལ་དགོས་པའི་ཤེས་བྱ་ཐུབ།།
མ་ཤེས་རྩེད་མོར་གཡེང་འགྱུར་ན།།
ཕན་མེད་དུས་ཚོད་འཕྲོག་ལྷག་དང་།།
འདི་ཡིན་སྟོན་རྒྱུ་མེད་པར་གྱུར།།
ཧ་ཅང་ཉེན་ཁ་ཆེ་ཡོད་པས།།
འདི་རིགས་རང་རིགས་ན་གཞོན་རྣམས།།
ཆོག་ཤེས་ལྡན་པའི་སྤྱོད་ཤེས་མཛོད།།
བློ་འཕེལ་མེད་པའི་ཁ་བརྡ་སོགས།།
སྤང་ནས་ཤེས་རིག་བརྩོན་ན་མཛེས།།
ཤིང་རྟའི་གནམ་ལོ་སར་དུ་བཞད།།
ཆོལ་གསུམ་སྤུན་ཟླ་བློ་གྲོས་མཐུན།།
ཞི་བདེའི་རང་དབང་ཉི་འོད་ཤར།།
སྐྱེ་བུ་ཐམས་ཅད་སྐུ་ཁམས་བཟང་།།
གེགས་རིགས་བར་ཆད་ཞི་མཛད་ནས།།
ནད་མེད་ཚེ་རིང་བསམ་དོན་རྣམས།།
ཆོས་བཞིན་འགྲུབ་པའི་སྨོན་འདུན་དང་།།
ལྷག་པར་གངས་ལྗོངས་མི་དམངས་ལ།།
བཀའ་དྲིན་ཆེ་བའི་༸གོང་ས་མཆོག།
སྐུ་ཚེ་ཁམས་གསུམ་བརྟན་པ་དང་།།
མཛད་འཕྲིན་ཡར་ངོ་ཟླ་ལྟར་རྒྱས།།
འགྲོ་ཀུན་བདེ་ལ་འགོད་པར་ཤོག།
བདག་གི་སྨོན་ལམ་འདི་བཏབ་པས།།
ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག།
ཕྱི་ལོ་༢༠༡༤ ཟླ་༢ ཚེས་༢༢ ཉིན་ཕུལ།