གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། (ལྡི་ལི་མཐོ་སློབ།)
གཅིག
མདང་དགོང་མཚན་གང་བོར་ཨ་རག་འཐུངས་དྲགས་པའི་དབང་གིས་ཡིན་ནམ། ཡང་ན་དེ་རིང་ཚ་གདུག་ཆེ་དྲགས་པའི་དབང་གིས་ཡིན་ནམ། ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ཡས་མས་ཙམ་ཞིག་ལ་ནོར་བཟང་གློ་བུར་དུ་གཉིད་ལས་སད། ཁོས་མིག་གཉིས་ཕྱེ་མ་བཙུམ་གྱིས་རང་གི་མགོ་བོ་ཕུར་ཙམ་བྱེད་པ་དང་། ཉེ་འགྲམ་གྱི་ཅོག་ཙེ་ཆུང་ཆུང་ཞིག་གི་འགྲམ་ནས་ཐ་མག་སྒམ་ཤོག་དེ་ཚུར་བླངས། ཁོ་རང་ད་ལྟ་ཉོབ་སྣང་ཇི་ཙམ་སྐྱེས་ནའང་། སྒེའུ་ཁུང་གི་དྲ་མའི་ངོས་ལས་ཉི་ཐིག་གང་ཙམ་ཞིག་ལྷུང་འདུག་ཅིང་ཕྱི་རོལ་ལ་མོ་ཊ་ཕར་འགྲོ་ཚུར་འོང་བྱེད་པའི་སུན་སྒྲ་འདི་ཡིས་མ་གཞི་ནས་ཁོ་རང་ལ་དུས་ཚོད་ག་པར་སླེབས་ཡོད་མེད་ཀྱི་གསལ་འདེབས་ཙམ་ཞིག་བྱེད། ཁོས་གོམ་པ་འཁྱར་འཁྱོར་ངང་ཕྱི་སྒོའི་ཕྱོགས་སུ་སོང་ཞིང་ཁྲུས་ཁང་ནང་ནས་ངོ་གདོང་ལ་ཆུ་གཏོར་ཙམ་བྱེད་ནས་མེ་ལོང་ལ་ཡུན་རིང་བལྟས། ད་ལྟ་ནོར་བཟང་ཡར་ལངས་ནས་ཁྲུས་ཁང་ནང་དུ་སོང་ན་ཡང་། ཁང་པ་ཆུང་ཆུང་འདིའི་ནང་རོལ་དུ་གསར་བུ་གཉིས་ཙམ་ཞིག་ད་དུང་ཡང་གཉིད་ལབ་ཐན་ཐུན་རེ་རྒྱག་གིན་སྔུར་བ་དྲག་པོ་འགྲན་བཞིན་འདུག་ལ། ཁོ་རང་གཉིས་ཉལ་སའི་ཉེ་འགྲམ་གྱི་གྲུ་ཁ་ཞིག་ཏུ་མལ་སྟན་སྟོང་བ་གཞན་ཞིག་ལྷག་འདུག་པ་འདིས་ཁང་ཆུང་གྲུ་བཞི་འདི་སྦྱིན་བདག་ནོར་བཟང་ཙམ་ཞིག་མ་ཡིན་པར་ད་དུང་ཡང་ཕོ་གསར་གསུམ་ཙམ་ཡོད་པ་འདྲ།
ནོར་བཟང་ཁོས་མཁྲིག་པའི་ཆུ་ཚོད་ལ་བལྟས་ཙམ་བྱས་ནས་ཕངས་སེམས་ཆེན་པོས་“དེ་རིང་ཡང་འཛིན་གྲྭར་ཕྱིས་དྲགས་སོང་”ཞེས་རང་གི་རང་ལ་ཆིག་ལབ་ཙམ་རྒྱབ་ནས་ཁང་པའི་ནང་དུ་སོང་། ད་ལྟ་ཁོ་རང་གྲོགས་པོ་བཞི་ཡི་ཁྲོད་ནས་ལངས་མཁན་སྔ་ཤོས་ཨང་གཉིས་པ་དེ་ཡིན་ལ་ཁོས་མིག་གཉིས་ཀྱི་ཕར་ཚུར་ཡུན་རིང་བལྟས་དུས་བློ་བཟང་སྔ་མོ་ནས་མཐོ་སློབ་ཏུ་སོང་ཚར་འདུག ཁོ་ཚོའི་ཁང་པ་དེར་གཙང་སྦྲ་ཙམ་ཞིག་མ་བྱེད་ནས་ཕལ་ཆེར་ཉིན་མ་གང་ཙམ་ཞིག་སོང་ཡོད་པ་འདྲ། ཁང་པའི་ཕྱི་ནང་དང་གཡས་གཡོན་གང་སར་རྐང་ལྷམ་དང་རྐང་སུག་རང་འགར་གཡུགས་འདུག་ཅིང་ཤེལ་དམ་ཆགས་རོ་དང་ཐ་མག་སྙིགས་རོ་ཡི་གད་སྙིགས་ཕྱོགས་ཚང་མར་ཁེངས་འདུག ནོར་བཟང་གིས་ཁོ་རང་ཉལ་སའི་ཁང་པའི་དེའི་དྲི་ངན་སྣ་ནང་དུ་ཁ་ཅིང་རང་གི་མིག་འདུན་དུ་བསམ་ཡུལ་ལས་འདས་པའི་གད་སྙིགས་དེ་དག་མཐོང་དུས་ཁོ་རང་ལ་མ་གཞི་ནས་གཙང་སྦྲ་བྱེད་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་མོད།
འོན་ཀྱང་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་སྐད་ཅིག་ཅིག་ལ་གོམས་གཤིས་ལ་འགྱུར་སོང་ཚེ་དེ་ཡི་རང་ཉིད་ལ་སྣང་འཇོག་ཅི་ཡང་མ་བྱེད་པའི་དགེ་མཚན་དེ་ནོར་བཟང་ལ་སྔ་ས་ནས་ཡོད་པ་འདྲ། ཁོས་ད་ཅི་སྣ་
ནང་དུ་ཁ་བའི་དྲི་ངན་དེ་ད་ལྟ་གོམས་ལོབས་སུ་སོང་འདུག་ཅིང་། ཁོ་རང་ལ་གློ་བུར་དུ་གཙང་སྦྲ་བྱེད་འདོད་ཀྱི་འདུན་པདེ་ཡང་རྨང་ནས་ཡལ། ད་ལྟ་ཁོ་རང་མར་ཡང་བསྐྱར་ཉལ་དགོས་བསམ་ཡང་གཉིད་གཏན་ནས་མ་ཁུག་ལ་ཁང་པ་དེའི་ནང་ནས་ལངས་མཁན་སྔ་ཤོས་དེ་ཡིན་ཙང་ཕྱི་རུལ་དུ་ཟ་མ་ཉོ་ཁར་འགྲོ་རྒྱུ་བསམ་བློ་དེ་འཁོར། ཁང་པའི་ཕྱི་རོལ་དུ་ཉི་མའི་འོད་མདངས་སྔ་ས་ནས་ནོར་བཟང་གི་མགོ་ཐོག་ཏུ་ལྷུང་འདུག་ཅིང་། ཁོས་ཡ་ཐོད་ལག་པའི་བཀབ་ཙམ་བྱེད་ནས་ “ལྟས་ངན་འདི་འོད་མདངས། མི་གསོན་པོ་ཡིན་ཀྱང་ཚིག་རལ་གཏང་རྒྱུ་གདོན་མི་ཟ ”ཅེས་ཉི་མའོ་འོད་དང་དྲོད་གཉིས་ཀར་འཁང་ར་དང་ལེ་བདའ་གྲངས་མེད་ཅིག་བྱེད།
ད་ལྟ་ཁོས་ཉི་མར་འདི་ཙམ་གྱི་འཁང་ར་དང་ཟུར་ཟ་བྱས་པ་དེར་རྒྱུ་མཚན་མེད་པ་ཡང་མ་ཡིན་ཏེ་ཕྱི་ཟླ་ལྔ་པ་དང་དྲུག་པའི་ཟླ་མཇུག་གི་ལྡི་ལི་ཚ་བ་ནི་དུས་རྒྱུན་གྱི་ཟླ་བ་གཞན་དག་དང་མ་འདྲ་བར་ཆེ་ཤོས་ཀྱི་གྲས་ཡིན་ལ། གལ་ཏེ་ཁྱེད་རང་རྒྱལ་སྤྱིིའི་གནས་ཚུལ་དང་གསར་འགྱུར་ལ་དོ་སྣང་སྤྲོད་མཁན་གྱི་མི་ཞིག་ཡིན་ཚེ་དུས་རྒྱུན་བརྙན་འཕྲིན་དང་ཚགས་པར་གྱི་ཁྲོད་ན་ཚ་བ་དེའི་རྐྱེན་པས་གཞུང་ལམ་གྱི་ཟུར་དང་སྲང་ལམ་གཡས་གཡོན་དུ་མུ་ལྟོ་བ་དང་ཞིང་པ་ཉམ་ཐག་གྲོངས་པའི་གྲངས་འབོར་ཉིན་རེ་བཞིན་འཕར་བའི་གནས་ཚུལ་མཐོང་ཐོས་སུ་འགྱུར་གྱིན་ཡོད། འོན་ཀྱང་གྲོང་འཁྱེར་དེའི་ཚ་བ་ཇི་ཙམ་ཆེ་ན་ཡང་ “ རྒྱ་གར་རྒྱལ་ས་ལྡི་ལི་”ཞེས་ཡུལ་མི་ཚོས་མགྲིན་དབྱངས་གཅིག་མཐུན་གྱི་འབོད་ཀྱིན་ཡོད་ཅིང་། གནས་དེར་གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་ཤུལ་རྗེས་གང་ཙམ་ཞིག་མཐོང་ཡོད་ལ། ས་ཆ་དེར་འཁྲུག་ཆ་དང་འདུ་འཛི་མང་བའི་རྐྱེན་གྱིས་ཡུལ་སྐོར་སྤྲོ་འཆམ་པ་དང་། མཐོ་སློབ་འགྲིམས་མཁན་གྱི་གསར་བུ་གསར་མོ་ཇེ་མང་ནས་ཇེ་མང་རེད།
གཉིས།
ནོར་བཟང་ཡང་སྐྱེས་བུ་གཞན་དག་དང་འདྲ་བར་ཐོག་དང་པོར་ལྡི་ལི་སླེབས་དུས་ཀྱི་ཉིན་མོ་ནི་དགུན་གནང་གི་སློབ་གྲྭའི་གུང་གསེང་སྐབས་རེད། ཁོ་རང་གི་ཨ་ཕ་འདི་སྔོན་རྡ་རམ་ས་ལར་གཞུང་ཞབས་ཤིག་གི་ངོ་བོ་ཐོག་ནས་བྱ་བ་གྲུབ་ཀྱིན་ཡོད་ལ། སྐབས་འགར་ནོར་བཟང་ཁོས་ཉིན་གཉིས་གསུམ་ཙམ་ཞིག་རང་གི་ཨ་ཕའི་སར་མ་འགྲོ་གོང་ལྡི་ལིར་སློབ་གྲོགས་དགའ་ཉེ་ཁག་ཅིག་དང་ལྷན་དུ་མགྲོན་ཁང་སྟབས་བདེ་ཞིག་གླས་ནས་སྤྲོ་སྐྱིད་གཏོང་གིན་ཡོད་ལ་སྐབས་འགར་ “༦༤”རྟགས་ཅན་གྱི་གཞང་ཁང་དུ་ཉུལ་ནས་ཁོ་ཚོས་འདོད་པའི་ལོངས་སྤྱོད་ཚིམ་པར་བྱེད་ཀྱིན་ཡོད། འདི་སྔོན་ཁོ་རང་འཛིན་རིམ་བཅུ་གཉིས་ཀྱི་
ཡིག་རྒྱུགས་གྲུབ་མཚམས་སུ། རང་གི་ཨ་ཕར་ལྡི་ལི་མཐོ་སློབ་ཏུ་འགྲོ་རྒྱུ་བསམ་འཆར་བཏོན་ན་ཡང་། ཨ་ཕས་རང་གི་བུ་གྲོང་ཁྱེར་གྱི་ཟང་ཟིང་དང་འདུ་འཛི་ལ་མགོ་གཡེངས་ནས་མ་འོངས་འཕྲོ་བརླག་འགྲོ་རྒྱུ་རེད་དགོངས་ནས་དང་པོ་ཁས་མི་བླངས་མོད། རྗེས་སོར་ནོར་བཟང་གིིས་མཐོ་སློབ་མཐར་སོན་མ་ཐག་བོད་གཞུང་ནང་ལས་བྱེད་བྱ་རྒྱུ་ཡིན་པའི་མནའ་ཚིག་དེར་ཨ་ཕ་ཡིད་མགུ་ནས་ཁོ་རང་གི་བསམ་འཆར་བཞིན་གྲུབ་རྒྱུ་ཡིད་རྟོན་བྱུང་།
ད་ལྟ་ཁོ་རང་མ་ཡུམ་སློབ་གྲྭ་དང་ཁ་བྲལ་ནས་ལོ་ངོ་གཉིས་ཙམ་ཞིག་ཧྲིལ་གྱི་འདས་པ་དང་། མཐོ་སློབ་ནང་གསར་གྲོགས་གང་མང་ཞིག་བསྒྲིགས་ནས་རང་སྣང་གང་ཤར་གྱི་འཚོ་བ་སྐྱེལ་བཞིན་ཡོད། ནོར་བཟང་ཁོ་རང་མཐོ་སློབ་ཏུ་དང་པོ་སོང་དུས་ཅུང་ཙམ་ཞིག་ཉོབ་སྣང་སྐྱེས་པ་དང་། རང་ཉིད་ཀྱི་ཉེ་འཁོར་ཚང་མར་ཁ་སང་གི་རྒྱུས་ཡོད་གྲོགས་པོ་ཚོའི་ཁ་བརྡ་དང་བོད་དགེ་སེམས་ཤུགས་ཅན་ཚོའི་སྐད་ངག་ཚབ་ཏུ་ད་ལྟ་མཐོ་སློབ་ཀྱི་འཛིན་ཁང་ཁོད་ཡངས་འདི་ནང་དུ་སློབ་མ་བདུན་བཅུ་ཙམ་གྱི་སྐད་ཅོར་དང་འུར་ཟིང་གི་རྣམ་པའི་ཁེངས་ནས་འདུག་ལ། སྣང་ཚུལ་འདི་ཡིས་སྐབས་འགར་ཁོ་རང་ལ་ཚམ་ཚོམ་མེད་པར་སེམས་འཚབ་དྲག་པོ་རེ་བླངས་པར་བྱེད།
རྗེས་སུ་ཉིན་ཞག་གི་འཕྲེང་བ་གང་ཙམ་ཞིག་འདས་པ་དང་ཁོ་རང་དང་མཐོ་སློབ་གཅིག་པའི་བོད་པའི་ཕོ་གསར་གཉིས་ཙམ་ཞིག་དང་ངོ་ཤེས་སུ་འགྱུར། ཁོ་ཚོས་སློབ་ཚན་གྱི་དུས་ཡུན་སྟོང་བ་དང་མཐོ་སློབ་ཀྱི་གནང་བ་ཅུང་ཟད་ཙམ་རེ་ཐོབ་དུས་མཉམ་དུ་རུག་རུག་བྱས་ནས་མཚན་གང་བོར་ཨ་རག་བཏུང་ནས་འུར་རྒྱག་གིན་ཡོད། ད་ལྟ་ཁོ་ཚོས་འདོད་གཏམ་གླེང་ཤོར་དང་ཟ་མ་མཉམ་དུ་ཟ་ཞོར་ཕན་ཚུན་རིམ་བཞིན་འདྲིས་ལོབས་སུ་འགྱུར་ནས་མཐོ་སློབ་དང་ཐག་ཉེ་བའི་ས་ཆ་(vijay nagar) ཞེས་པ་དེ་རུ་ཁང་པ་ཆུང་ཆུང་ཞིག་གླས་ནས་མཉམ་དུ་འདུག་གིན་ཡོད། ད་ཅི་གོང་དུ་སྔུར་བ་དྲག་པོ་འཐེན་བཞིན་པའི་མི་གཉིས་དེ་ནི་ནོར་བཟང་དང་མཐོ་སློབ་གཅིག་པའི་སྐྱབས་ཆེན་དང་འཇིགས་རྡོར་གཉིས་རེད། ཁང་པ་འདིའི་ནང་ཁོ་ཚོ་གསུམ་ཙམ་ཞིག་མ་ཡིན་པར་འདི་སྔོན་དོ་ཚིགས་སྐབས་སླེབས་པའི་བློ་བཟང་ཡང་ཁོ་ཚོ་དང་མཉམ་དུ་འདུག་གིན་ཡོད། ཁོ་ཚོ་ཁང་པ་གཅིག་ནང་མཉམ་དུ་བསྡད་ན་ཡང་། ནོར་བཟང་ཁོ་རང་བློ་བཟང་དང་ནམ་ཡང་མཐུན་གྱིན་མེད་ལ་དཀའ་ངལ་དེ་སེལ་རྒྱུར་ནོར་བཟང་ལའང་ཐབས་ཤེས་གང་ཡང་མེད་པ་འདྲ།
ཕྱོགས་གཅིག་ནས་བློ་བཟང་ཁོ་རང་འཇིགས་རྡོར་དང་སྤུན་ཉེ་ཡིན་པའི་ངོ་སོ་འཁྱེར་ནས་ད་ལྟ་མཉམ་དུ་འདུག་གིན་ཡོད་ལ། བློ་བཟང་ཁོས་ཁང་པ་དེའི་ནང་དུ་ལས་ཀ་ལས་པ་དང་ཟ་མ་གཡོས་སྦྱོར་བྱེད་པའི་ཉིན་གཅིག་མེད་ལ། སྐབས་འགར་ཁོས་ཁུ་སིམ་མེར་ཟ་ཁང་དྲག་གྲས་ཤིག་གི་ནང་དུ་རང་ཉིད་གཅིག་བུ་ཟ་མ་རླངས་པ་འཐུལ་ལེ་རེ་ཟ་བ་མཐོང་དུས་ནོར་བཟང་གཏིང་ནས་སྤོ་ལངས་འགྲོ།
འོན་ཀྱང་ད་ལྟ་ཁོ་ཚོ་མཉམ་དུ་གཤིབས་ནས་ལོ་ངོ་གཉིས་ཙམ་ཞིག་སེ་གོལ་གཏོགས་པ་བཞིན་འདས་སོང་ལ་ལོ་རྗེས་མའི་ཟླ་མཇུག་ཙམ་ལ་ཁོ་ཚོ་ཚང་མ་ལྡི་ལི་མཐོ་སློབ་ནས་བསླབ་པ་མཐར་སོན་པའི་ལག་འཁྱེར་རེ་བླངས་ནས་ཡང་ན་སློབ་གཉེར་མུ་མཐུད་བྱ་རྒྱུ་དང་། གཞན་སྤྱི་ཚོགས་ནང་བྱ་བ་གྲུབ་རྒྱུ་རེད།
གསུམ།
ནོར་བཟང་གིས་མི་གསུམ་ལ་འདང་ངེས་ཙམ་གྱི་ཟ་མ་སྟབས་བདེ་ཅིག་དང་(coco cola) ཤེལ་དམ་གསུམ་ཙམ་ཉོས་ནས་ཁང་པའི་ནང་དུ་ཉོབ་སྣང་གིས་སོང་དུས་འཇིགས་རྡོར་དང་སྐྱབས་ཆེན་གཉིས་ད་དུང་ཡང་སྔུར་བ་དྲག་པ་རེ་འཐེན་ནས་ཉལ་ནས་བསྡད་འདུག འཇིགས་རྡོར་གིས་རྐང་པ་དྲི་ངན་ཅན་འདི་སྐྱབས་ཆེན་གྱི་ཁའི་འགྲམ་ལ་སླེབས་ལ་ཁད་བྱེད་ཡོད་ཡོད་ན་ཡང་། ཁོ་རང་ད་དུང་ཡང་སྣང་འཇོག་སྤུ་ཙམ་མེད་པར་གཉིད་ལབ་ཐན་ཐུན་རྒྱག་བཞིན་པའི་ངང་ཚུལ་དེ་མཐོང་དུས་ནོར་བཟང་གློ་བུར་དུ་བགད་མོ་ཡིད་ཚིམ་པ་ཞིག་ཤོར་བ་དང་། ཁོས་སྐྱབས་ཆེན་གྱི་འཕོངས་ཤའི་སྟེང་དུ་རྡོག་ཐོ་ཆུང་ངུ་ཙམ་
གཞུས་ནས་ “ད་ཡར་ལོངས། བྱོལ་སོང་གཉིས། བོད་མི་རིགས་ཀྱི་སོན་རྩྭ་རུལ་སོང་བ་མིན་ནམ།”ཞེས་གོ་རྒྱུ་ཡོད་པའི་སྐད་ཆ་ཞིག་བཤད་ནས་ཟ་མ་གྲ་སྒྲིག་བྱེད། ད་ཅི་ནོར་བཟང་ཁོས་ཐབས་ཤེས་གང་ཡོད་འཚོལ་ནས་ཁོ་རང་གཉིས་གཉིད་སྣང་དེ་ལས་གྲོལ་ཐབས་བྱེད་ཀྱང་འབྲས་མེད་དུ་སོང་བས་མཐར་འུ་ཐུག་ནས་ཁང་པའི་ནང་གི་ཚ་གྲང་སྙོམས་བྱེད་ཀྱི་འཕྲུལ་འཁོར་དེ་སྒོ་བཀག
ད་ལན་ནོར་བཟང་གིས་ཐབས་ཤེས་དེར་དངོས་གནས་འབྲས་བུ་ཅུང་ཟད་ཐོན་པ་འདྲ། སྐྱབས་ཆེན་གྱིས་མིག་གཉིས་ཕུར་ཙམ་བྱེད་ནས་ “གློག་ཤི་བ་མིན་ནམ་”ཞེས་གཟུགས་པོ་ཡོངས་ལ་ཚ་བ་འཚིག་པའི་ཉམས་སྣང་ཞིག་བཏོན་ནས་འགྲམ་ན་ཡོད་པའི་འཇིགས་རྡོར་ལ་ “ལྦེ། འཇིགས་རྡོར་གླང་རྒན་ཁྱོད། ཁྱེད་རང་སང་ཉིན་ལས་འགུལ་ཆེད་དུ་གཞོན་ནུ་ཚོགས་མི་གཞན་དང་ལྷན་དུ་ཚོགས་འདུ་འཚོགས་རྒྱུ་གྲོས་བྱེད་མེད་དམ། མགྱོགས་པོ་ཡར་ལོངས། ”ཞེས་ཁོའི་སེམས་མེད་བེམ་པོ་ལྟ་བུ་ལུས་པོ་དེ་དཀྲུག་དཀྲུག་ཡུན་རིང་བཏང་བས་འཇིགས་རྡོར་ཡང་དངངས་འཚབ་ཞིག་དང་ལྷན་དུ་གཉིད་ལས་སད།
ཁོས་མཁྲིག་མའི་ཆུ་ཚོད་ལ་བལྟས་ཙམ་བྱས་ནས་ “ཏོག་ཙམ་མིན་ན་ཕྱིས་དྲགས་འདུག”ཅེས་རང་གིས་རང་ལ་གསལ་འདེབས་ཙམ་བྱས་པ་དང་གོས་ཐུང་གི་བརླ་ཁུག་ནང་ནས་སྒོར་མོ་སུམ་བརྒྱ་ཙམ་ཞིག་བླངས། ད་ལྟ་འཇིགས་རྡོར་ཡར་ལངས་ནས་དུས་ཡུན་ཐུང་ཐུང་ཙམ་ལས་ཕྱིན་མེད་ན་ཡང་། ཁོར་ཟ་མ་བཟའ་རྒྱུ་དུས་ཚོད་ཙམ་ཞིག་མི་འདུག་ལ་ནོར་བཟང་དང་སྐྱབས་ཆེན་གཉིས་ཀྱི་ངོར་བལྟས་ཙམ་བྱེད་ནས་ “དགོང་མོ་ཟ་མ་བཟོས་མི་དགོས། ངས་ཟ་ཁང་ནས་འཁྱེར་ཡོང་།”ཞེས་བཅོལ་གཏམ་ཆུང་ངུ་ཞིག་བཞག་ནས་ཁང་པའི་ཕྱི་རོལ་དུ་བྱ་འཕུར་བ་ལྟར་སོང་། སྐྱབས་ཆེན་དང་ནོར་བཟང་ཁོ་རང་གཉིས་ཀྱིས་ད་ཅི་འཇིགས་རྡོར་གྱི་བྲེལ་ཟིང་དང་འཚུབ་ཆ་ཆེ་བའི་རྣམ་པ་དེར་དོ་སྣང་འདི་ཙམ་མི་བྱེད་པའི་ཚུགས་ཀ་འདིར་བལྟས་དུས་ཕལ་ཆེར་འདི་ནི་རྒྱུན་ལྡན་གྱི་སྣང་ཚུལ་ལྟ་བུ་ཞིག་ལ་བརྩིས་ན་ཡང་ཆོག་ལ། ཡང་ན་ཁོ་རང་གཉིས་གྲོད་ཁོག་ལྟོགས་དྲགས་པའི་དབང་གིས་ཡིན་ཞེས་ལབ་ཀྱང་ཕལ་ཆེར་རྫུན་དུ་མི་འགྲོ། འོན་ཀྱང་འཇིགས་རྡོར་ཁོ་རང་བོད་དོན་དང་འབྲེལ་བའི་ལས་འགུལ་གང་མང་་་་ཞིག་ལ་མཉམ་ཞུགས་བྱས་བྱེད་པའི་རྐྱེན་གྱིས་མཐོ་སློབ་ལ་འགྲོ་རྒྱུ་དུས་ཚོད་གང་ཙམ་ཞིག་རྒྱ་ཡན་དུ་སོང་ཡོད་ལ་ད་ལྟ་མཐོ་སློབ་ཀྱི་ཡིག་རྒྱུགས་ཀྱང་སླེབས་གྲབས་ཉེ་བས་ད་ནི་གནམ་རྒན་མས་སྙིང་རྗེ་སྤྱན་གྱི་གཟིགས་ན་མ་གཏོགས་ཐབས་ཤེས་གང་ཡང་མེད་པ་ལྟ་བུར་འགྱུར།
ནོར་བཟང་ཁོ་གཉིས་ཟ་མ་བཟས་ཚར་བ་དང་(coco cola) རྔམ་འཐུང་རེ་བྱས་ནས་ཁ་བརྡ་གླེང་མགོ་བརྩམས། སྐྱབས་ཆེན་ཁོ་རང་ནོར་བཟང་དང་བསྡུར་ཚེ་དཔལ་འབྱོར་གྱི་ཡོང་སྒོ་དེ་ཙམ་ཡག་པོ་མེད་ལ། ཁོ་རང་ཆུང་ཆུང་སྐབས་བོད་ནས་སླེབས་དུས་རྒྱ་གར་ནང་གཉེན་ཉེ་དང་སྤུན་མཆེད་ཟེར་བའི་མི་ཞིག་མེད་ལ། འདི་སྔོན་སྟེས་དབང་གིས་སློབ་གྲྭའི་སྐབས་སུ་གྲྭ་པ་ཞིག་གིས་ཕ་ཡུལ་གཅིག་པ་ཡིན་ཞེས་རོགས་གང་ཐུབ་བྱས་ན་ཡང་ཕན་ཚུན་རིམ་བཞིན་ལྟ་བ་མ་མཐུན་པའི་རྒྱུ་རྐྱེན་ལ་བརྟེན་ནས་འབྲེལ་བ་ཡང་ཡུན་གྱིས་ཆད། ད་ལྟ་ནོར་བཟང་དང་སྐྱབས་ཆེན་ཁོ་རང་གཉིས་ཀྱི་ཁ་བརྡའི་གླེང་གཞི་གཙོ་བོ་ཡང་སྐྱབས་ཆེན་བོད་ལ་ལོག་རྒྱུ་དེ་རེད་ལ་ནོར་བཟང་གིས་ “ཁྱེད་རང་བོད་ལ་ལོག་ན་ཆོག་ཀྱང་། ད་ལོ་ལོ་གཅིག་ཙམ་ཞིག་སྡུག་རུས་རྒྱབ་ནས་བསྡད་ན་ང་ཚོ་དང་མཉམ་དུ་བསླབ་པ་མཐར་སོན་གྱི་རེད་”ཅེས་ཨུ་ཚུགས་ཀྱི་ཡང་ཡང་བཤད་ཀྱང་། སྐྱབས་ཆེན་གྱིས་ཁོའི་སྐད་ཆ་དེར་གཏིང་ནས་ཁྲོས་པ་འདྲ། ཁོས་ཁོང་དགོད་ཙམ་བྱེད་ནས་“མ་གཞི་བྱས་ན་ང་རང་རྒྱ་གར་ལ་འདུག་ན་སྐྱོན་མི་འདུག་མོད། འོན་ཀྱང་ལོ་ངོ་གསུམ་ཙམ་ཞིག་མཐོ་སློབ་ནང་སོང་སོང་བའི་མཐར་ང་ཚོར་ལག་འཁྱེར་རྫུན་མ་ཞིག་མ་གཏོགས་དོན་དངོས་ཀྱི་ཤེས་ཡོན་ཞིག་བཏོན་རྒྱུ་ཡོད་དམ།
ང་རང་མ་གཞི་ནས་བཙན་བྱོལ་གྱི་འཚོ་བ་ལ་ཞེ་མེར་གཏིང་ནས་ལོག་སོང་།”ཞེས་དངན་མ་རྟ་རྔ་ཙམ་ཞིག་འཐེན་ནས་མདུན་གྱི་ཐ་མག་སྒམ་ཤོག་དེ་ལས་ཐ་མག་རྐང་ཅིག་བཏོན་ནས་མེ་བསྒོས་ཙམ་བྱེད། ཁོ་རང་གཉིས་ཛ་དྲག་གི་གླེང་མོལ་བྱེད་བཞིན་པའི་སྐབས་དེར་བློ་བཟང་རྟབ་རྟབ་པོར་མལ་ཁང་ནང་འཛུལ་ཡོང་ནས་ཁོ་གཉིས་ལ་འཛུམ་ཙམ་བྱེད་སོང་། ནམ་རྒྱུན་བློ་བཟང་ཁོ་རང་འཛིན་གྲྭ་གྲོལ་ནས་མལ་ཁང་ནང་འཛུལ་ཡོང་དུས་རྟག་པར་ལག་སྟོང་མཆན་སྟོང་ཡིན་ལ་ཁོའི་རྒྱུན་ལྡན་གྱི་བྱ་སྤྱོད་ཁྱད་མཚར་འདིར་སྐྱབས་ཆེན་གོམས་ལོབས་སུ་སོང་ནས་འདི་ཙམ་གྱི་སྣང་འཇོག་མི་བྱེད་མོད། འོན་ཀྱང་ནོར་བཟང་ལ་མཚོན་ན་ཁོའི་སྐྱོན་ཤིག་ཙམ་ཡང་མིག་ངོར་གཡག་རོ་ལྟ་བུ་ཞིག་ཏུ་མཐོང་འགྱུར་བས། བློ་བཟང་ལ་ “དེ་རིང་ཡང་ལག་པ་སྟོང་པ་སླེབས་ཡོད་དམ།
སྐབས་འགར་ཟ་མ་དང་ཆུ་གྲང་མོ་འདྲ་ནང་དུ་འཁྱེར་ཡོང་ན་དགེ་བའི་ལས་སུ་འགྱུར་འགྲོ།”ཞེས་གོ་རྒྱུ་ཡོད་པའི་སྐད་ཆ་ཞིག་བཤད་ནས་ཕྱི་སྒོའི་ཕྱོགས་སུ་སོང་། ད་ལྟ་བློ་བཟང་ཁོ་རང་ནང་དུ་སླེབས་མ་ཐག་ཡིན་ཅིང་། ད་ཅི་ནོར་བཟང་གི་བཤད་པའི་སྐད་ཆ་དེར་ཡ་ལན་རེ་སློག་རྒྱུ་འཁོན་སེམས་གཏིང་ནས་བཅངས་ཡོད་ན་ཡང་། ཁོའི་ཁ་རྩོད་འདི་ཡི་མཇུག་འབྲས་ལ་བསམ་བློ་གཏོང་བ་ཡིན་ནམ། གང་ལྟར་ཁང་པའི་ཕྱི་རོལ་གྱི་བར་འཁྱམས་ན་ཐ་མག་འཐེན་བཞིན་པའི་བློ་བཟང་གྱི་རྒྱབ་གཟུགས་དེར་མིག་བགྲད་ཙམ་ཞིག་བྱེད་ནས། དུས་རྒྱུན་ས་ཆ་གང་སར་སོང་ཡང་ལུས་དང་གྲིབ་མ་ལྟ་བུ་ཁ་བྲལ་དཀའ་བའི་ཀོ་ཁུག་རྫིག་པོ་དེ་མལ་སྟན་སྟེང་དུ་ཤུགས་ཀྱིས་གཡུགས་ནས་རླུང་འཇགས་ཐབས་བྱེད།
བཞི།
ཚ་བ་ཆེ་བའི་དབྱར་གཞུང་གི་དུས་ཚོད་འདི་ལྟ་བུར་མཚོན་ན། ཁོ་ཚོ་གྲོགས་པོ་བཞི་བོར་གཉིད་ཁུག་རྒྱུ་དང་། ཡང་ན་འཛིན་གྲྭར་འགྲོ་རྒྱུ་ལས་ལས་ཀ་གཞན་གང་ཡང་མེད་ཅིང་། སྐབས་རེར་སྐྱབས་ཆེན་གྱི་ཁོ་ཚོའི་མ་འོངས་པའི་མདུན་ལམ་དང་འབྲེལ་བའི་སྐོར་ལ་བསམ་བློ་རེ་གཏོང་དུས། ཁོའི་སྣང་བ་རང་དབང་མེད་པར་སློབ་གྲྭའི་སྐབས་ཀྱི་སྐྱིད་སྣང་དོད་པའི་དུས་ཚོད་འདི་དག་ལ་ཕྱིན་འགྲོ། ཁོ་རང་སློབ་གྲྭར་ཡོད་དུས་སློབ་གྲྭའི་སྒྲིག་འཛུགས་དང་དགེ་རྒན་གྱི་སློབ་འཁྲིད་ཡུན་རིང་པོ་འདི་དག་ལ་ཡིད་སུན་ནས་ཚམ་ཚོམ་མེད་པར་མཐོ་སློབ་ནང་ནམ་ཞིག་སླེབས་ཡོང་གིས་འདང་རྒྱག་ནང་ལྷུང་མྱོང་ཡོད་ལ། སྐབས་འགར་རང་ཉིད་ཀྱི་སློབ་གྲོགས་ཚང་མར་ང་ཚོ་ཚང་མ་ངོ་མ་“ གཟེབ་ནང་གི་བྱིའུ་དང་ཁྱད་མི་འདུག ”ཅེས་འཁང་ར་དང་ལེ་བདའ་བྱས་པ་བགྲང་གིས་མི་ལང་། འོན་ཀྱང་ད་ལྟ་ཁོ་རང་སྒྲིག་འཛུགས་དང་སློབ་འཁྲིད་ཉུང་ངུ་ཙམ་ལས་མེད་པའི་མཐོ་སློབ་ནང་སླེབས་ཡོད་ན་ཡང་། ཁོའི་སེམས་ནང་རང་དབང་ཟེར་བ་ཞིག་ནམ་ཡང་མ་ཚོར་ལ། གལ་ཏེ་ཁོ་རང་རྒྱ་གར་ནང་འཚོ་བ་བསྐྱལ་བའི་དབང་དུ་བཏང་ན་ཡང་བོད་ནས་སླེབས་པའི་གསར་འབྱོར་ཡོངས་དང་མཚུངས་པར་ཁང་ཆུང་གྲུ་བཞི་གུ་དོག་པོ་ཞིག་གི་ནང་དུ་མི་ཚེ་རྫོགས་རྒྱུ་ཡིན་པ་ཚོད་བགམ་བྱེད་བཞིན་ཡོད།
སྐྱབས་ཆེན་གྱིས་དེ་ལྟར་བསམ་བློ་གཏོང་བཞིན་སང་ཉིན་བོད་ལ་ངེས་པར་དུ་ཐེངས་ཅིག་ཁ་པར་རྒྱག་རྒྱུ་དྲན་བསྐུལ་བཏང་བ་དང་། དུས་ཡུན་གང་ཙམ་ཞིག་གི་རྗེས་ཁོ་རང་དང་ནོར་བཟང་ཁོ་གཉིས་ཕྱི་རོལ་དུ་འཁྱམས་ཉུལ་བྱེད་དུ་སོང་། “བློ་བཟང་སླེབས་མེད་དམ། མ་གཞི་མི་འདི་ཚོ་ལ་ཁ་ཡག་བྱས་ན་དུས་ཚོད་འཕྲོ་བརླག་རང་རེད། ”ཅེས་ནོར་བཟང་གིས་ཐ་མག་རྐང་གཅིག་ལ་མེ་བསྒོས་ནས་སྐྱབས་ཆེན་ལ་དེ་ལྟར་བཤད། སྐྱབས་ཆེན་གྱིས་ནོར་བཟང་གི་ཕྲག་པར་ཁུ་ཚར་ཡང་མོ་ཞིག་རྡེབ་ཙམ་བྱེད་ནས་ “ཡ་གྲོགས་པོ། ད་ཁྱོད་སེམས་ཁྲལ་བྱེད་མི་དགོས། བློ་བཟང་ཁོ་རང་བདུན་ཕྲག་རྗེས་མའི་ནང་ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་ཁར་འགྲོ་ཡག་རེད། ཁོ་རང་ལ་ཁ་སང་རང་ཨ་རིའི་ཀོ་ལོམ་བི་ཡ་སློབ་གྲྭ་ཆེན་མོའི་སློབ་ཡོན་གྱི་འཚུད་རྒྱུགས་ནང་རྒྱུགས་འཕྲོད་ཡོད་པའི་ཡི་གེ་ཞིག་འབྱོར་འདུག ”ཅེས་གསལ་འདེབས་ཙམ་བྱས་ནས་ཁོ་རང་གཉིས་རིམ་བཞིན་ཁྲོམ་གཞུང་གི་ནང་དུ་སླེབས། ཁྲོམ་གཞུང་འདི་ས་ཆ་གཞན་དག་དང་བསྡུར་ཚེ་འདུ་འཛི་དང་ཟང་ཟིང་འདི་ཙམ་ཆེ་རྒྱུ་མེད་ན་ཡང་རྒྱབ་མདུན་གང་སར་ཁྱི་ཤ་བུ་མོ་(ཨ་སམ་དང་མ་ནི་པུར་གཡས་གཡོན་གྱི་མི་ཚོས་ཁྱི་ཤ་ཟ་གི་ཡོད་ཙང་ཁྱི་ཤ་ཞེས་པ་དེ་ཁོ་ཚོའི་སྤྱི་མིང་ལྟ་བུ་ཞིག་ཏུ་འགྱུར།) དང་རྒྱ་གར་བུ་མོ་ཕར་འགྲོ་ཚུར་འོང་བྱེད་པ་གང་ཙམ་ཞིག་མཐོང་རྒྱུ་འདུག་ལ་། སྐྱབས་ཆེན་གྱིས་ཉེ་འགྲམ་ན་སྐོམ་ཆུ་འཐུང་བཞིན་པའི་བུ་མོ་ཞིག་ལ་མིག་བལྟ་ཡུན་རིང་བྱེད་ན་ཡང་། བུ་མོ་དེ་ཚུར་འཛུམ་ཙམ་ཡང་མ་བྱེད་པར་རྒྱང་དུ་གྱེས་འགོ་བརྩམས།
ཚུལ་དེ་ནོར་བཟང་གི་མཐོང་ནས་སྐྱབས་ཆེན་ལ་པྲ་ཆལ་ཆེ་བའི་འཛུམ་མདངས་ཤིག་འཕངས་ནས་ “ཡ་གྲོགས་པོ་སེམས་འཚབ་མ་བྱེད། ད་ལྟ་མཐོ་སློབ་ཀྱི་ཡིག་རྒྱུགས་སླེབས་གྲབས་ཉེ་བའི་སྐབས་དེར་ཚ་བ་འདི་ཡིས་མ་གཞི་ནས་མི་རྣམས་ལ་སུན་སྣང་ཞིག་སྟེར་གྱིན་ཡོད་པ་འདྲ། ལྟོས་དང་། ད་གིན་བུ་མོ་ངོ་གདོང་ན་འཛུམ་ཙམ་ཡང་མི་འདུག ”ཅེས་ཀུ་རེའི་འདྲེས་མའི་གཏམ་དེ་བཤད། “འོ་ན་གྲོགས་མཆོག་
ཁྱེད་རང་གིས་ང་ལ་དགའ་རོགས་ཤིག་འཚོལ་རྒྱུ་རོགས་བྱེད་དང་། གྲོང་འཁྱེར་གྱི་ཚ་བ་ཆེན་པོ་འདི་ཡི་ཁྲོད་དུ་རང་ཉིད་ལ་སྙིང་གཏམ་བཤད་སའི་དགའ་མ་ཞིག་མེད་དུས་ངོ་མ་ཁེར་རྐྱང་རེད། ”ཅེས་དངན་མ་རིང་པོ་ཞིག་འཐེན་ནས་སྐྱབས་ཆེན་གྱིས་དེ་ལྟར་བཤད། ཁོ་རང་གཉིས་འདོད་གཏམ་སྣ་ཚོགས་ཤིག་བཤད་ཀྱིན་ཉེ་འགྲམ་ན་ཀོ་ཕེ་བཏུང་སའི་ཇ་ཁང་ཞིག་གི་ནང་དུ་འཛུལ་ཅིང་། འདིར་མཐོ་སློབ་ཀྱི་གསར་བུ་གསར་མོ་གང་ཙམ་ཞིག་འཛོམས་འདུག ཁོ་ཚོ་ཕལ་ཆེ་བ་ཞིག་སོ་སོའི་དགའ་རོགས་དང་ལྷན་དུ་ཕན་ཚུན་སྙིང་གཏམ་གླེང་ཞིང་། བརྩེ་སེམས་བཏོན་གང་ཐུབ་བྱེད་ཀྱིན་འདུག་ལ་རྒྱབ་ལྗོངས་ཀྱི་གླུ་དབྱངས་
སྙན་མོ་སྐད་ཆུང་ཆུང་འདི་ཡིས་ཁོ་ཚོ་ལྷག་པར་དུ་བརྩེ་དུངས་ཀྱི་འཇིག་རྟེན་གཞན་ཞིག་ལ་འགྲུལ་བཞུད་བྱ་རྒྱུ་རམ་འདེགས་བྱེད་བཞིན་ཡོད།
ནོར་བཟང་ཁོ་གཉིས་ཀྱིས་ཀོ་ཕེ་དཀར་ཡོལ་གང་རེ་མངགས་ནས་ཟུར་གྱི་མི་གཉིས་ཙམ་སྡོད་སའི་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད། ཁོ་རང་གཉིས་ཚགས་པར་དང་བརྙན་འཕྲིན་སོགས་ལ་བལྟས་ནས་ཚོུད་
གཉིས་ཙམ་ཞིག་ཟིན་འདུག་ལ་ཕྱི་རོལ་ལ་མུན་པ་ཡང་རུབ་ཙམ་བྱེེད་འདུག སྐྱབས་ཆེན་གྱིས་མཁྲིག་མའི་ཆུ་ཚོད་ལ་བལྟས་ཙམ་བྱེད་ནས་ “ད་འཇིགས་རྡོར་ཕལ་ཆེར་ནང་དུ་ཐོན་ཡོད་རྒྱུ་རེད། ”ཅེས་ནོར་བཟང་ལ་དྲན་སྐུལ་གཏོང་ཙམ་བྱས་པ་དང་། དུས་ཡུན་གང་ཙམ་རྗེས་ཁོ་རང་གཉིས་ཇ་ཁང་དེ་ནས་ཐོན་འགོ་བརྩམས། ད་ལྟ་ནོར་བཟང་དང་སྐྱབས་ཆེན་གཉིས་ལམ་དུ་འགྲོ་ཞོར་དུ་སྐད་ཆ་བཤད་རྒྱུ་གང་ཡང་མེད་ལ། དགོང་མོ་ཅི་ཞིག་བྱ་རྒྱུ་འཆར་གཞི་ཡང་གང་ཡང་མེད་མོད། འོན་ཀྱང་ནོར་བཟང་གི་བརླ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་བར་མེད་དུ་གྲགས་ཅིང་། ཁོས་ཅུང་སུན་སྣང་སྐྱེས་པའི་ཉམས་ཀྱི་ “ ལྦེ། སུ་ཡིན་ནམ། ”ཞེས་ལྡོག་འདྲི་བྱས་དུས་ཕ་རོལ་པའི་སྐད་མདངས་ནི་བུ་མོ་ཞིག་གིས་སྐད་རེད་འདུག མོས་ “ལྦེ། ནོར་བཟང་ཡིན་པས། ད་ཕལ་ཆེར་སོ་སོའི་དགའ་རོགས་ཀྱི་སྐད་མདངས་ཀྱང་དྲན་པ་བརྗེད་ཚར་བ་རེད་དམ།
ངེད་གཉིས་ཕན་ཚུན་དགའ་རོགས་བསྒྲིགས་ནས་ལོ་ངོ་གཉིས་ཙམ་ཕྱིན་ནའང། ཁྱོད་ངའི་སྐྱེས་སྐར་བརྗེད་ཟིན་པ་ཡིན་ནམ།” ཞེས་ཚེ་བརྟན་སྒྲོལ་མའི་ཅུང་ཁྲོས་པའི་ཉམས་ཀྱིས་ནོར་བཟང་ལ་དེ་ལྟར་བཤད། ད་ལྟ་ནོར་བཟང་གི་སེམས་ནང་བུ་མོ་འདི་ཚོ་ངོ་མ་དངུལ་ཁུག་སྟོང་བ་བཟོ་རྒྱུ་དང་། སྤྲོ་སྐྱིད་གཏང་རྒྱུ་ལས་ལས་ཀ་གཞན་མེད་དམ་སྙམ་ནས་སུན་སྣང་དྲག་པོ་སྐྱེས་ན་ཡང་ཁོས་འཇམ་པོའི་ངག་གིས་ “ ཡ་ཚེ་བརྟན་སྒྲོལ་མ། ཁྱེད་རང་དེ་ལྟར་ཟེར་མི་རུང་། ང་ཚོ་གྲོགས་པོ་ཚོས་ཁྱེད་རང་གི་སྐྱེས་སྐར་ལ་སྔ་ས་ནས་གྲ་སྒྲིག་བྱེད་ནས་བསྡད་ཡོད།” ཅེས་ཕ་རོལ་པའི་སེམས་ཁམས་བདེ་ལ་འཇགས་ཐབས་བྱེད། འདི་སྔོན་ནོར་བཟང་ཁོ་རང་བུ་མོ་དང་དགའ་རོགས་བསྒྲིག་རྒྱུ་འདི་ཙམ་གྱི་བྱང་ཆུབ་པ་ཞིག་མེད་ན་ཡང་། ད་ལྟ་ཁོ་རང་ཚེ་བརྟན་སྒྲོལ་མ་དང་ཁ་ཐུག་པ་ནི་སྟེས་དབང་ཞེས་ལབ་ཀྱང་ཆོག་ལ། ལས་དབང་ཞེས་འབོད་ན་ཡང་སྐྱོན་མེད་སྙམ གང་ལྟར་ཁོ་རང་གཉིས་གཅིག་སེམས་གཅིག་ལ་ཆགས་ནས་ལོ་ངོ་གཉིས་ཙམ་ཞིག་ཧྲིལ་གྱིས་འདས་པ་དང་། ཚེ་བརྟན་སྒྲོལ་མ་ནི་རྒྱ་གར་རྡོ་རྗེ་གླིང་ས་ཁུལ་ནས་སྐྱེས་པའི་བུ་མོ་ཞིག་ཡིན་ལ་སྐབས་འགར་ཁོ་མོས་རྒྱ་གར་དང་དབྱིན་ཇིའི་མདངས་འདྲེས་མའི་བོད་སྐད་ད་མ་དིག་འདི་དག་བཤད་དུས། ནོར་བཟང་ལ་འཚུབ་ཆ་དང་བགད་མོ་བླངས་པ་བགྲང་གིིས་མི་ལང་མོད། གང་ལྟར་ད་ལྟ་མོའི་པཱ་ལགས་ནི་བོད་གཞུང་གི་བཀའ་བློན་ཞིག་གི་མིང་བྱང་འཁུར་ནསཡོད་པས། ནོར་བཟང་ལ་མཚོན་ན་མ་འོངས་པར་ཏན་ཏན་ཕན་ཐོགས་ངེས་ཡིན།
ལྔ།
ད་ལྟ་ནོར་བཟང་དང་སྐྱབས་ཆེན་ཁོ་རང་གཉིས་ཁྲོམ་ནང་དུ་ཡང་བསྐྱར་སོང་ནས་ལྦུ་ཆང་ཤེལ་དམ་ཁ་ཤས་དང་ཟས་རིགས་སྣ་མང་ཙམ་ཉོས་ནས་ཁང་པའི་ནང་དུ་མགྱོགས་མྱུར་གྱིས་སོང་། འཇིགས་རྡོར་སྔ་མོ་ནས་ནང་དུ་སླེབས་ཡོད་ལ། ཁོས་ཀྱང་བློ་བཟང་དང་མཉམ་དུ་ཁང་པར་གཙང་སྦྲ་སྟབས་བདེ་ཞིག་བྱས་ཏེ་ཁོ་ཚོར་སྒུག་ནས་བསྡད་འདུག སྐྱབས་ཆེན་ཁོ་རང་ཁང་པའི་ནང་དུ་སོང་ནས་དང་པོ་འཇིགས་རྡོར་དང་བློ་བཟང་གཉིས་ལ་འཛུམ་ཙམ་བྱེད་པ་དང་། དེ་ནས་སྐད་ཤུགས་ཆེ་ཙམ་གྱིས་“ཡ་ཕོ་གསར་ཚོ། དེ་རིང་ང་ཚོའི་ཁང་པ་ཆུང་ཆུང་འདི་ནང་ཚེ་བརྟན་སྒྲོལ་མའི་བུ་མོ་ཁ་ཤས་འཁྲིད་ནས་ཡོང་གིན་ཡོད། ཕྱོགས་
གཅིག་ནས། དེ་རིང་ཁོ་མོའི་སྐྱེས་སྐར་ཡིན་ལ་གཉིས་ནས་ཁོ་མོ་ནོར་བཟང་གི་དགའ་རོགས་ཡིན་པས། ང་ཚོ་གྲོགས་པོ་ཚང་མས་དེ་རིང་མཚན་གང་བོར་ཨ་རག་རྒྱག་ཚད་ཅིག་འཐུང་ནས་ཁོ་ཚོ་ཚང་མར་གསོལ་སྟོན་ཡིན་བསམ་བསམ་ཞིག་བཤམ་རྒྱུ་སེམས་ལ་བྱོས་ཨ། ”ཞེས་ནོར་བཟང་གི་ངོར་པྲ་ཆལ་ཆེ་བའི་འཛུམ་མདངས་ཞིག་བཏོན་ནས་དེ་ལྟར་བཤད། ནོར་བཟང་གིས་ཀྱང་དེ་ལྟར་ཡིན་པའི་བརྡ་ལ་མགོ་བོ་ལྡེམ་ཙམ་བྱེད་ནས། ཁོ་ཚོ་ཚང་མའི་ངོ་ལ་བཙན་ཚུགས་ཀྱི་འཛུམ་མདངས་ཞིག་འཕངས།
ད་ལྟ་མཚན་མོའི་ཆུ་ཚོད་དགུ་པ་ཡས་མས་ཤིག་ཡིན་ན་ཡང་ཚེ་བརྟན་སྒྲོལ་མ་དང་མོའི་གྲོགས་མོ་ཚོའི་གྲིབ་མ་ཙམ་ཡང་ཁོ་ཚོའི་ཁང་པའི་ཉེ་འགྲམ་ན་མཐོང་རྒྱུ་མི་འདུག ནོར་བཟང་གི་སེམས་ལ། བུ་མོ་འདི་ཡིས་ངོ་མ་རྫུན་བཤད་པ་མིན་ནམ་སྙམ་སྟེ། ཁ་པར་ཡར་བླངས་ཙམ་བྱེད་ནས་ཕྱི་སྒོའི་ཕྱོགས་སུ་འབུད་ཙམ་བྱེད། ཕྱི་རོལ་དུ་མུན་པ་རུབ་ནས་ཚ་དྲོད་གང་ཙམ་ཞིག་འཇགས་འདུག་ལ། ཁོ་ཚོའི་ཁང་པའི་ཉེ་འགྲམ་ནས་འཐེན་ཡོད་པའི་ལམ་གཞུང་དེ་ནས་གཞི་ནས་བུ་མོ་ལྔ་དྲུག་ཙམ་ཞིག་སྐད་ཅོར་རྒྱག་གིན་ཡར་ཡོང་གིན་འདུག། ནོར་བཟང་གིས་ “ཡ་ད་གཞི་ནས་སླེབས་སོང་།”ཞེས་མགྱོགས་པོ་སྐད་འཛེགས་ནས་
མར་བབས་ཡོང་སྟེ། ཁོ་ཚོ་བུ་མོ་ཚང་མ་ཁང་པའི་ནང་དུ་བསུས། ཚེ་བརྟན་སྒྲོལ་མའི་ནོར་བཟང་ལ་འཐམས་ཏེ་ཁོའི་འགྲམ་པ་གཡས་པར་འོ་ཞིག་བྱས་ནས་ཕན་ཚུན་ངོ་སྤྲོད་ཐུང་ངུ་ཙམ་བྱེད་པ་དང་། དེ་ནས་སྐྱབས་ཆེན་དང་འཇིགས་རྡོར་གཉིས་ཀྱིས་མོའི་གྲོགས་མོ་རྣམས་ལ་ “འདི་རུ་སྡོད། གན་ན་སྡོད་”ཞེས་ད་ལྟ་བློ་བཟང་ཚུད་པའི་ཁོ་ཚོའི་གྲོགས་པོ་རྣམས་ལ་གཉིད་སྣང་ཙམ་ཡང་མེད་པར་མིག་ཟུང་ལ་གྲུང་ཤ་དོད་པའི་འོད་ཅིག་འཁྱུག་ཡོང་གིན་གདའ། དེ་རིང་ཁོ་ཚོ་ཁ་སང་གི་མཚན་མོ་དང་མ་འདྲ་བར་ཨ་རག་རྒྱག་ཚད་ཅིག་བཏུང་ཡག་ཡིན་པ་འདྲ། ད་ལྟ་འཇིགས་རྡོར་གྱི་གན་ན་བསྡད་ཡོད་པའི་ཚེ་བརྟན་སྒྲོལ་མའི་གྲོགས་མོ་ཞིག་གིས་རྒུན་ཆང་ཤེལ་དམ་བཞི་ཙམ་ཞིག་བཏོན་ནས་ཁོ་ཚོ་ཚང་མའི་དཀྱིལ་དུ་བཞག
མ་གཞི་དུས་རྒྱུན་ནོར་བཟང་དང་ཁོ་ཚོའི་གྲོགས་པོ་རྣམས་མཉམ་འཛོམས་བྱས་ནས་མཚན་གང་བོར་ཨ་རག་འཐུང་གིན་ཡོད་ལ་དེ་ནས་བཟི་ཁ་ཅུང་ཙམ་འཕེལ་དུས་ཁོ་ཚོའི་ཐུན་མོང་གི་གླེང་གཞི་གཙོ་བོ་ནི་བོད་མི་རིགས་ཀྱི་རང་དབང་དང་འཐབ་རྩོད་འབྲེལ་བའི་སྐོར་ལ་ཡིན་ལ་སྐབས་འགར་འཇིགས་རྡོར་ངར་ལངས་ནས་“ ང་ཚོས་གཞོན་སྐྱེས་ཚོས་དངོས་གནས་འཇོན་གིན་མི་འདུག ”ཅེས་ཁུ་ཚུར་གྱང་ལ་བརྡབས་
ནས་ཨ་རག་གི་ཤེལ་དམ་བཅག་པ་མང་མེད་ན་ཉུང་ཉུང་མིན། འོན་ཀྱང་དེ་རིང་ནམ་རྒྱུན་དང་མ་མཚུངས་པར་སེམས་ཤུགས་ཅན་གྱི་འཇིགས་རྡོར་ཁོས་ཀྱང་བུ་མོ་རྣམས་ལ་རྒུན་ཆང་ཤེལ་ཕོར་གང་བཀྱགས་ནས་ “མང་ཙམ་བཏུང་།ང་ཚོ་སང་ཉིན་ནམ་མ་ལངས་བར་ཨ་རག་རྒྱག་ཚད་ཅིག་བཏུང་དགོས།”ཞེས་མཚར་གཏམ་སྣ་ཚོགས་ཤིག་བཤད་ཀྱིན་འདུག ནོར་བཟང་གིས་ཁོ་ཚོ་ཚང་མ་ཅུང་ཙམ་བཟི་ཡོད་པའི་ཚུགས་ཀ་དེར་བལྟས་ཙམ་བྱེད་པ་དང་། དེ་ནས་ཚེ་བརྟན་སྒྲོལ་མའི་མདུན་དུ་རྒུན་ཆང་ལྟེམས་མེར་འཁྱིལ་ཡོད་པའི་ཤེལ་ཕོར་དེ་བསྲིངས་ཙམ་བྱེད་ནས་སྐད་ཤུགས་ཆེ་ཙམ་གྱིས་ “ཡ་ངའི་སྙིང་ཉེ་བའི་གྲོགས་པོ་དང་
གྲོགས་མོ་ཚོ། ང་ཚོ་དེ་རིང་མཉམ་འཛོམས་བྱུང་བ་ཡོད་པ་འདི་ཚེ་བརྟན་སྒྲོལ་མའི་སྐྱེས་སྐར་གྱི་ཆེད་དུ་ཡིན་པས། དང་པོ་ཁོ་མོར་ཚེ་འདིར་བགེགས་དང་བར་ཆད་སོགས་གང་ཡང་མ་ཡོང་བའི་སྨོན་འདུན་དང་། བྱོལ་སོང་ང་ལྟ་བུར་མཚོན་ན། མཐོ་སློབ་ཀྱི་སྒོ་ཐེམ་སྟེང་དུ་རྐང་རྙོབ་ཙམ་བྱེད་ཐུབ་པ་ལས། དོན་དངོས་ཀྱི་ཤེས་ཡོན་སོགས་གང་ཡང་མེད་ལ། ཕོ་རྒོད་པོ་ཞིག་གིས་ཉམས་ཡོད་ཟེར་ཀྱང་ཕལ་ཆེར་རྫུན་དུ་ཕྱིན་འགྲོ།
འོན་ཀྱང་ཁོ་མོས་ལོ་ངོ་གཉིས་ཙམ་ཞིག་ང་ལ་ལྷད་མེད་ཀྱི་བརྩེ་དུངས་བཅངས་པ་དེར་ངས་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།”ཞེས་གྲོགས་པོ་ཚོའི་ངོ་ལ་བལྟས་ཙམ་བྱེད་ནས་དེ་ལྟར་བཤད། ད་ལྟ་ནོར་བཟང་གི་བཤད་པའི་སྐད་ཆ་དེར་ཚེ་བརྟན་སྒྲོལ་མ་གཏིང་ནས་ཡིད་འགུལ་ཐེབས་པ་འདྲ། ཁོ་མོས་རྒུན་ཆང་འཐུང་དྲགས་ནས་མིག་རྩ་དམར་པོར་འགྱུར་ཡོད་ཀྱང་། ནོར་བཟང་ལ་ཤུགས་ཀྱིས་འཐམས་ནས་ “ གླེན་པ་ཁྱོད། དེ་འདྲ་ཟེར་ག་ལ་རུང་། ཁྱེད་རང་ལ་ཤེས་ཡོན་དང་ཕོ་ཉམས་མེད་ཟེར་ཡང་། ངའི་མིག་མདུན་གྱི་རྒྱལ་སྲས་ཁྱོད་ཡིན།” ཞེས་འཛུམ་ཙམ་བྱེད་ནས་དེ་ལྟར་ལབ། སྐྱབས་ཆེན་གྱིས་ཁོའི་མིག་མདུན་གྱི་ཕོ་མོ་གཉིས་གཅིག་སེམས་གཅིག་ལ་འདྲེས་པའི་ལྷད་མེད་ཀྱི་བརྩེ་དུངས་དེ་མཐོང་ནས། རང་ཉིད་ལ་ཡང་སྙིང་གཏམ་བཤད་སའི་དགའ་མ་ཞིག་ཡོད་ན་ཅི་མ་རུང་སྙམ་པ་དང་། ཁོས་ཅི་ཞིག་བསམ་བློ་འཁོར་བ་ལྟར་ལམ་སེང་མདུན་གྱི་བུ་མོ་འདི་གཉིས་ལ་འདོད་གཏམ་སྣ་ཚོགས་ཤིག་བཤད་ཀྱིན་ཕན་ཚུན་ཨ་རག་འདྲེན་རེས་རྩེད། ད་ལྟ་འཇིགས་རྡོར་ཡང་ཨ་རག་གི་ཡོངས་སུ་བཟི་བ་འདྲ། ཁོའི་མིག་ཙམ་མ་ཟད་ངོ་གདོང་ཡང་རྟ་མགྲིན་དམར་པོ་ལྟ་བུ་འགྱུར་འདུག་པས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡར་ལངས་ཙམ་བྱེད་ཀྱང་མར་རང་ཅག་ལྷུང་འགྲོ།
བློ་བཟང་གིས་རང་གི་སྤུན་ཉེ་ཡི་ལ་རྒྱ་མ་འཆོར་བའི་ཆེད་དུ་ཕྲག་པ་ནས་སྐྱོར་ཙམ་བྱེད་པ་དང་། འཇིགས་རྡོར་ཁོ་རང་ཡང་ཚང་མའི་དཀྱིལ་དུ་ཡར་ལངས་ནས་ “གྲོགས་པོ་ནོར་བཟང་གི་བཀའ་དྲིན་ལ་བརྟེན་ནས་དེ་རིང་གི་མཚན་མོ་འདི་དངོས་གནས་སྐྱིད་པོ་བྱུང་སོང་། ངས་དེ་རིང་བཟི་གཏམ་བཤད་ནས་ཁྱེད་ཚོའི་སྣང་བ་སྐྱིད་པོ་དེ་དཀྲོག་དོན་མེད། འོན་ཀྱང་ཡག་ན་སྡུག་ན་ང་ཚོ་ཚང་མ་ལས་དབང་གཅིག་པའི་སྤུན་ཟླ་ཡིན་པས། ད་ལྟ་ང་ཚོ་མཐོ་སློབ་ནང་སླེབས་ནས་ལོ་ངོ་གཉིས་ཙམ་ཞིག་ཕྱིན་ཀྱང་། འཛིན་གྲྭར་དུས་ཐོག་འགྲོ་མཁན་ཆེས་ཉུང་ཤས་ཡིན་ལ། ད་ནི་མཐོ་སློབ་ཀྱི་ཡིག་རྒྱུགས་སླེབས་པར་ཉིན་ཞག་
བདུན་ཙམ་ལས་མི་འདུག་པས། ང་ཚོ་གྲོགས་པོ་ཚང་མས་སང་ཉིན་ནས་བཟུང་སྟེ་ཨ་རག་ཉུང་ཙམ་དང་། སློབ་སྦྱོང་མང་ཙམ་བྱེད་ནས་སླེབས་ལ་ཉེ་བའི་ཡིག་རྒྱུགས་ལ་སྐར་གྲངས་མང་ཙམ་ལོན་རྒྱུ་སྟ་གོན་བྱེད་ན་ག་འདྲ་འདུག ”ཅེས་ཚང་མའི་ངོ་ལ་བལྟས་ནས་བསམ་འཆར་དེ་ལྟར་བཏོན།
སྐྱབས་ཆེན་གྱིས་ཀྱང་འཇིགས་རྡོར་གྱི་བཤད་པ་ངོ་མ་བདེན་པ་ཡིན་པའི་ཚུལ་དུ་མགོ་བོ་ལྡེམ་ཙམ་བྱེད་པ་དང་། དེ་ནས་མགྲིན་པ་སེལ་ཙམ་བྱེད་ནས་ “གྲོགས་པོས་བཤད་པ་ངོ་མ་བདེན་པ་རེད། ཡ་དེ་རིང་
ང་ཚོ་གྲོགས་པོ་གྲོགས་མོ་ཚོས་ཨ་རག་རྒྱག་ཚད་ཅིག་བཏུང་ཡ།”ཞེས་ཨ་རག་གི་ཤེལ་དེམ་ཡར་བཀྱགས་ཏེ། འཇིགས་རྡོར་གྱི་ཤེལ་ཕོར་ནང་གང་ཙང་བླུགས་ཅིང་། དུས་ཡུན་གང་ཙམ་ཞིག་གི་རྗེས་ཁོ་ཚོ་ཚང་མ་འཁྲུལ་སྣང་དང་བཟི་ཁ་བཙན་པའི་འཇིག་རྟེན་གཞན་ཞིག་ལ་ཉུལ་འགོ་བརྩམས་སོང་། ད་ལྟ་ཕྱི་རོལ་ན། བསིལ་རླུང་འཇམ་པོ་ཞིག་གི་ཤུ་སྒྲ་ཙམ་ལས་གཞན་གང་ཡང་ཐོས་རྒྱུ་མི་འདུག་ཅིང་། རྫས་དུད་ཁ་རླངས་ཀྱི་འཁྲིགས་པའི་གྲོང་འཁྱེར་གྱི་ནམ་མཁའ་དེར་སྐར་མ་རབ་རིབ་ཙམ་ལས་མཐོང་རྒྱུ་མེད་པ་དེར་ཚོད་བགམ་རེ་བྱེད་དུས་སང་ཉིན་ཡང་བསྐྱར་ཚ་གདུག་ཆེ་བའི་ཉི་མ་ཞིག་བཏོན་རྒྱུ་ཡིན་པ་གདོན་མི་ཟ།
གང་ལྟར་དེ་རིང་ནོར་བཟང་ཁོ་ཚོའི་སྡོད་སའི་ཁང་པ་ཆུང་ཆུང་དེའི་ནང་རོལ་དུ་གྲོགས་པོ་གྲོགས་མོ་ཚང་མ་འཚང་ཁ་ཤིག་ཤིག་བྱེད་དེ་ཉལ་ནས་འདུག་ལ། ཁོ་ཚོ་སྣང་བ་གང་ཡང་མེད་པར་སྡུར་བ་དྲག་པོ་
འཐེན་བཞིན་པའི་ཉམས་སྣང་དེར་བལྟས་དུས། མདང་དགོང་འཇིགས་རྡོར་གྱིས་ཁ་ཕོ་བསྒྲགས་པ་ཇི་བཞིན་ཁོ་ཚོ་ཚང་མ་མཐོ་སློབ་ལ་འགྲོ་རྒྱུ་དུས་ཚོད་ཏག་ཏག་དེར་ཡར་ལངས་ཐུབ་བམ།
མཁྲིག་པའི་ཆུ་ཚོད་ལ་བལྟས་ཙམ་ན་་་་མཁྲིག་མ་་་ཡིན་པར་སེམས་་་་་མཁྲིག་པ་་་ཟེར་བ་གོ་ཁག་པོ་འདུག།