བསྟན་འཛིན་བདེ་དབྱངས།
ལས་འབྲས་གོ་བབ་ལྡོག་པ།།
དེང་གི་སྐྱེ་བོའི་ཆ་ལུགས།།
སྙིང་གཏམ་ཆུ་མོར་བཤད་པ།།
གཏམ་ལན་ཉ་མོས་གནང་བྱུང་།།
གནད་ཀྱི་འགག་ལ་ཐུག་པའི།།
ལས་དོན་འཐུས་ཤོར་བཏང་བར།།
མི་སྙན་ལུང་བསྟན་གནང་དུས།།
སྡིག་ར་ཡར་སྐུལ་མར་སྐུལ།།
རང་བློར་མཐུན་པའི་ལུང་བསྟན།།
སྙན་སྙན་སྙན་པ་ཕེབས་ན།།
ཆོས་སྐྱོང་ཆོས་སྐྱོང་ཟེར་ནས།།
བརྐྱངས་ཕྱག་ཡར་འཚལ་མར་འཚལ།།
བྱས་ཉེས་ཡོངས་བསྒྲགས་གནང་བའི།།
སྔ་ཕྱིའི་ལུང་བསྟན་རི་མོ།།
སྔོན་པོའི་ཆུ་ལ་བརྫངས་ནས།།
ཆོས་སྐྱོང་བདུད་ལ་བཟུང་སོང་།།
སྲིད་པ་འཁོར་བའི་ལས་ལ།།
སྲིད་དོན་ལྟད་མོ་ཆེ་བ།།
བཀའ་སྤྱི་དགོངས་པ་འཁྲུག་ནས།།
བདེན་གཏམ་ཆུ་ལ་གཡུགས་བྱུང་།།
མཐོན་པོའི་ཁྲི་ཡི་ཆེད་དུ།།
འུར་གཏམ་ཡར་སྒྲོག་མར་སྒྲོག།
སྤྱི་དོན་ཁ་ལ་འཁྱེར་ནས།།
རང་དོན་དང་པོར་སྒྲུབ་སོང་།།
གྲོས་ཚོགས་ར་བའི་འཁྲབ་སྟོན།།
བལྟས་ན་ལྟད་མོ་ཆེ་བ།།
དྲི་བ་ཤར་ལ་བཏང་བའི།།
དྲི་ལན་ནུབ་ལ་བསྐྱོན་སོང་།།
སྲ་བརྟན་སྲ་བརྟན་ཟེར་ནས།།
ཉིན་ཞག་ལོ་ཡིས་ཟོས་སོང་།།
ཕྱོགས་ཞེན་དཔུང་པའི་གྲོག་རོང་།།
ཉམས་ཆུང་མགོ་ཡོམ་འཁོར་ས།།
མ་རབས་གདོང་ལྤགས་མཐུག་པོས།།
བྱས་ཉེས་ངོས་ལེན་མི་འདུག།
ཉམས་ཆུང་ཡ་རབས་ཅན་པོ།།
བློ་ཕམ་ངང་ལ་ཕེབས་སོང་།།
བཀའ་བློན་གསེར་རྡོག་འདྲ་བོ། །
བཟང་སྤྱོད་སྒོ་ནས་ཕེབས་སོང་། །
འཕྲོད་བཀའ་ཁྱི་སྐྱག་འདྲ་བོ། །
ད་དུང་འཛུམ་མེར་བཞུགས་བཞག །
སྲིད་སྐྱོང་འཁྲབ་རྒྱུ་མང་ནས། །
རང་མདོག་ལྷང་ལ་འབུད་དུས། །
ཁ་གཏད་ཚོགས་གཙོ་སྤེན་ཚེས། །
མདུན་ནས་སྐྱོབ་ཐབས་གནང་བྱུང་། །
སྐྱོབ་དང་མ་སྐྱོབ་མི་འདུག །
གཤིས་ངན་དེ་ལས་མེད་ན། །
ཡང་སྐྱར་སྲིད་དེ་སྐྱོང་བར། །
དམངས་ལ་འདོད་པ་མི་འདུག །
འདོད་དང་མི་འདོད་མ་གསུངས།
འོས་སྡུའི་ལས་རིམ་ཚར་སོང་།
དེ་ལས་ང་ཚོར་དགོས་པའི།
སྡོག་རྩ་གཅིག་སྒྲིལ་གནང་དང་།