དགའ་དགའ།
གྲོང་ཁྱེར་རུམ་པའི་ཐལ་རྡུལ་ཟད་པོ་དེར།།
དགོན་ཆག་མང་པོའི་ཚོང་ར་ཆགས་འདུག་ན།།
རིགས་དང་རུས་ཀྱི་ཁ་བྱང་འཚང་ཁའི་ངང་།།
སྐྱ་སེར་མཉམ་དུ་བྲེལ་བའི་གནས་ལུགས་ཅི།།
རྫུན་གྱི་ཁུངས་སུ་བདེན་པའི་ཚིགས་སྣེ་དྲུད།།
བདེན་རྫུན་འདྲེས་མའི་རལ་གྲི་གཡུག་ཐེངས་རེས་།།
རང་མགོ་གཅོད་པའི་གཤིན་རྗེའི་གཡུལ་ས་ལྟར།།
བདག་གིས་སྙན་ངག་སྙིང་ནས་སྒོམ་བཞིན་ཡོད།།
རླངས་འཁོར་འཕྲུལ་རྟ་བཀོལ་བའི་བན་དེ་འགས།།
ཤེས་རབ་དབེན་པའི་རྔ་གོག་དྲག་རྡུང་གིས།།
ལྷ་དང་མི་སོགས་འགུགས་པར་མ་ནུས་ཤིང་།།
གནས་ལུགས་གནམ་གྱི་རྒྱལ་མོ་འཁྱོག་པོར་འདྲ།།
འཇིག་རྟེན་ཁམས་སུ་འཇིགས་པའི་ཆོས་ཤིག་སྟེ།།
འགྲོ་བ་མི་རྣམས་རྒུད་པའི་ཆོས་ཉིད་ལས།།
ནོར་བུ་ལེན་པའི་ཁོལ་པོ་ཇི་བཞིན་དུ།།
རང་མིང་རང་གིས་སྦས་ཏེ་ལག་འཇུ་བྱེད།།
བུད་མེད་བུ་ལ་དད་པའི་མཚོན་རྟགས་ཀྱིས།།
ལུས་ཀྱི་ཆ་ཤས་དམར་རྗེན་སྟོན་ཚུལ་ཙམ།།
ཁྱོ་མེད་མོ་ལ་དགའ་བའི་ཕོ་སར་ཚོས།།
སྐད་ཆའི་མགོ་རྟིང་བར་ནས་སྲེད་པ་བརྡར།།
དེང་གི་མི་ཚོས་ལྷ་དད་ཀླུ་གསོལ་ཞིང་།།
དངུལ་གྱི་བྲན་ནས་བདེ་བའི་སྐབས་མེད་ཅིང་།།
སེམས་པ་སེམས་ནས་ཡལ་བ་མི་ཚོར་བའི།།
འཁོར་བའི་ཆོས་ལ་ཞེན་པ་ཨེ་མ་མཚར།།
ནང་གི་རྟོགས་པ་ནམ་ཡང་མ་འཁྲུངས་ཤིང་།།
ཕྱི་ཡི་སྤྱོད་པ་རྒྱུན་དུ་གོམས་ལུགས་ཀྱིས།།
གྲོང་དང་གྲོང་ཁྱེར་དག་ཏུ་ཉུལ་བཞིན་པའི།།
ཁོ་བོས་ངེས་མེད་གནས་ནས་གནས་ལུཌ་རྙེད།།
2017-4-15-བལ་ཡུལ་ནས་སྦྱར།
ཨ་བྱང་གི་སྐོར་ལ་མཐོང་བའི་ལྟད་མོ།
http://www.guchusum.in/tib/2017/04/20/%E0%BD%A8%E0%BC%8B%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%91%E0%BD%98%E0%BD%82%E0%BC%8B%E0%BD%A0%E0%BD%81%E0%BE%B2%E0%BD%B4%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A3%E0%BD%BC/