བྱམས་པ་ལྷུན་གྲུབ།
དུས་ཀྱི་རྟ་ཕོའི་གོམ་སྟབས་ཕར་ཕར་འགྲོ །
ང་ཡིས་ཁྱོད་ཉིད་དྲན་སེམས་ཚུར་ཚུར་དམ།།
ལུས་ཀྱི་བར་ཐག་ལེ་དབར་སྟོང་གིས་ཆོད།།
སེམས་ཀྱི་བར་ཐག་སྐད་ཅིག་གཅིག་མི་ཆོད།།
ཁྱོད་ཀྱི་བརྩེ་བའི་ཞལ་གྱི་འཛུམ་རྣམ་དང་།།
འཇམ་པའི་ཕྱག་གིས་བྱིལ་བྱིལ་རེག་པ་དག །
བདག་སེམས་དབུས་ན་ལྷང་ལྷང་ཤར་བའི་དུས།།
ཁྱོད་ཉིད་དྲན་པའི་མིག་ཆུས་ངོ་གདོང་བརླན།།
ཨ་ཁ་ཤར་ཕྱོགས་དུད་སྤྲིན་ནག་པོ་དེར།།
སྙིང་རྗེའི་སེམས་ཀྱི་དྲི་ཙམ་སྟོང་བས་ན།།
ང་ཡི་ཟླ་བ་མཇལ་མེད་ནག་བསྒྲིབས་ཀྱིས།།
རྒྱང་ནས་རྒྱང་དུ་ཁ་བྲལ་གཏོང་བར་རྩོམ།།
འོན་ཀྱང་ང་དང་ང་ཡི་ཟླ་བ་གཉིས།།
ཕན་ཚུན་མཐོང་བ་སྤྲིན་གྱིས་སྒྲིབ་མོད་ཀྱང་།།
མཐོང་བ་མི་དགོས་ལྷད་མེད་བརྩེ་དུང་དེ།།
ཇི་ཙམ་འབད་ཀྱང་གཏན་དུ་སྒྲིབ་པ་མེད།།
ང་ཡི་ཟླ་བ་སྤྲིན་གྱིས་བསྒྲིབས་ནས་བཟུང་།།
ང་ཡི་སེམས་ན་ལྷོད་མེད་བྲེལ་བ་གཅིག །
ང་ཡི་སེམས་ན་བཟློག་མེད་འགན་ཁུར་ཞིག །
ང་ཡི་སེམས་ན་ཕུགས་བསམ་བརྟན་པོ་ཞིག །
ཡང་གཅིག་བསམ་ན་ང་ཡི་ཟླ་བ་ལགས།།
དུད་སྤྲིན་ནག་པོས་མཐོང་མེད་སྒྲིབ་པ་ནས།།
སྐུ་གཟུགས་ཨེ་བདེ་སྐུ་ཁམས་ཨེ་བཟང་ངམ།།
ཡང་ཡང་བསམ་པའི་བདག་སེམས་ངལ་བ་ཆེ།།
ཡུན་རིང་སོང་བའི་དུས་ཀྱི་སྐབས་མཚམས་རེར།།
ཤར་ནས་འདིར་ཟགས་སྐར་མདའ་རེ་གཉིས་ལ།།
བདག་གིས་ཁྱོད་ཀྱི་སྐུ་ཁམས་བདེ་མིན་དྲིས།།
བདག་གིས་ཁྱོད་ལ་འཚམས་འདྲིའི་སྤྲིང་ཡིག་བསྐུར།།
དེང་ནི་ཤར་ཕྱོགས་གནམ་གཤིས་ཇེ་སྡུག་སྡུག །
ཤར་གྱི་སྤྲིན་གསེབ་གློག་དམར་ཇེ་འཁྱུག་འཁྱུག །
ཤར་ནས་འདིར་ཟགས་སྐར་མདའ་ཇེ་ཉུང་ཉུང་།།
བདག་ལ་ཁྱོད་ཀྱི་གནས་འཕྲིན་ཇེ་དཀོན་དཀོན།།
ཨ་ཙི་སྔོན་མ་དྭངས་ཤིང་ཆེས་གཙང་བའི།།
ཤར་ཕྱོགས་མཁའ་ལམ་སྤྲིན་གྱིས་སྒྲིབ་ཆེ་བས།།
མི་བཟོད་གློག་དམར་མང་མང་མང་མང་འཁྱུག །
སྤྲིན་ནག་ཁྲོས་པའི་སེར་བས་གློག་དམར་བརྡུང་།།
ད་ནི་ད་ནི་ང་ཡི་ཟླ་བས་ཀྱང་།།
སྤྲིན་ལ་ཁྲོས་པས་གློག་དམར་འཁྱུག་སྲིད་ལ།།
སྤྲིན་ནག་ཁྲོས་ནས་ཐོག་དང་སེར་བ་ཡིས།།
ང་ཡི་ཟླ་བ་བཟོད་མེད་བརྡུང་ཡང་སྲིད།།
ཁྱོད་དང་ཟླ་བའི་དབར་ལ།
ལས་ཀྱི་རླུང་ཞིག་ཡོད་ན།
བསྒྲིབ་བྱེད་ཕྱོགས་བཞིར་གཏོར་ནས།
ཟླ་གཞོན་འཆར་ལ་ཅིས་བྲེལ།
སྔོན་བསགས་ལས་རླུང་མེད་ན།
མིག་གོང་ས་ལ་ལྷུང་ལྷུང།
ལྟས་ཀྱང་མཇལ་བར་མི་འགྱུར།
བྲམ་ཟེའུ་རྒས་པའི་དཔེ་བཞིན།
བོད་སྐད་སྙན་པོ་སྙན་པོ་བོ། ཡིག་སྐད་མི་སྙན་ནི་མི་སྙན་ནི་ཞིག་གི་ཐོག་ནས་བྲིས་འདུག།
ངའི་ཕ་སྐད་དྭངས་མོ་ཆུ་འདྲ་བོ།།
ཤོད་མ་ཤེས་འབྲི་ཡང་མ་ཤེས་ན།
བརྗོད་མི་བདེ་ལྕེ་རྩ་བཅག་སྤྱད་འདི།
གཅིག་བཀླགས་ནས་མྱིག་མཐར་ཆུ་ཞིག་འཁོར།།
གཞན་སྐྱོན་བརྗོད་པ་ཙམ་གྱིས་ག་ལ་འགྲིག།
རང་ལ་སྐྱོན་དེ་མེད་པའི་ངེས་པ་དང་།།
གཞན་སྐྱོན་བཅོས་པའི་ཐབས་ཤིག་སྟོན་ཐུབ་དགོས།།
དེ་མིན་རང་གིས་བྲིས་པ་ཐར་ཐོར་ཞིག།
ད་དུང་གཞན་གྱིས་བྲིས་ལ་མཚང་འབྲུ་བ།།
དེ་ནི་རང་མཚང་མ་འབྲུ་ངང་གིས་བུད།།
གང་ལྟར་བདག་གིས་འདི་དང་འདི་ལྟ་བུར།།
ད་ལྟ་ད་དུང་མང་དུ་མང་འབྲི་གིས།།
ཡར་ནས་ཡར་དུ་འགྲོ་ལ་འགོག་མི་ཐུབ།
ཁ་ལ་བདག་པོ་མེད་པའི་མྱི་ཞིག་གིས།།
གཞན་ལ་སྐྱོན་བརྗོད་ཏག་ཙམ་བཏང་བ་འདི།
ང་ལ་ཡོན་ཏན་མེད་པའི་རང་མཚང་ཡིན།
སྐྱོན་བརྗོད་ཁ་སྣར་ཕོག་སྡུག་མེད་པ་དེ།
ཁྱོད་ལ་མ་བསྟོད་མི་འགའི་ཁྱོའི་མཚང་རེད།
ཁ་བརྡའི་རྩོམ་མཆན་ང་ཡི་གསོལ་སྟོན་ཡིན།
ཞིམ་པོ་མེད་ན་ཁ་མཆུ་རྒྱག་ནི་རེད།
ང་ཡིས་སྤྲད་པའི་དུས་ཚོད་རྩ་ཆེན་ཡིན།
དེ་ལ་འབབ་པའི་རྩོམ་རྩལ་དགོས་ནི་རེད།
ཁྱོའི་རྩོམ་ཡང་ཡང་མཇལ་བའི་ལམ་སྣེ་ནས།།
དགྲ་གྲོགས་གང་ལ་ཆགས་མིན་གཞུག་ནས་ལྟ།