རས་པ།
ལོ་ཤས་ནས་བཙན་བྱོལ་བོད་མིའི་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་མི་མང་གིས་བསམ་ཚུལ་གང་ཡོད་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་ཡོད། བསམ་ཚུལ་ནང་དུ་བོད་རང་གིས་ཡིད་ཆེས་དང་མཐར་ཐུག་ཏུ་བརྩི་བའི་ཐ་སྙད་ཁག་གཅིག་ཡོད་ཀྱང་། གོ་དོན་རྦད་དེ་འགྱུར་ཡོད། དཔེར་ན། འཐུས་མི་གང་རུང་གིས་ “ཧ་ཅང་དྲང་བདེན་གྱིས་བཤད་སོང་”ཟེར་བ་དང་། “ཧ་ཅང་བདེན་གཏམ་བཤད་སོང་”ཟེར་བ་ལྟ་བུ་རེད། སྐད་ཆ་དེའི་རྒྱབ་ལྗོངས་ནི་རང་ཉིད་ཆོལ་ཁ་གང་ཡིན་པ་དང་། སུ་དང་སུའི་ཕྱོགས་ལ་དགའ་བ་མཚོན་པ་ཙམ་རེད། ཕལ་ཆེ་བ་དེ་འདྲ་རེད།
གྲོས་ཚོགས་དང་འབྲེལ་བའི་བདེན་གཏམ་ཉམས་པ་དང་། རིག་གཞུང་གི་འདུ་ཤེས་བརླག་བཞིན་པ། ཧམ་བཤད་ཀྱི་མགོ་བོ་སུ་མཐོ་ན་དེ་ལ་རྒྱལ་ཁ་ཡོད་པ་ལྟ་བུའི་སྣང་ཚུལ་འདི་ཚང་མ་གྲོས་ཚོགས་ཀྱི་ཕྱག་ལས་གནང་སྟངས་དང་རྟེན་འབྱུང་གི་འབྲེལ་བ་ཡོད། ད་ལྟའི་དུས་སུ་ཕུགས་ཀྱི་འབྲེལ་བ་ལ་མ་ལྟོས་ཚེ་གྲོས་ཚོགས་ནི་བོད་དོན་འཐབ་རྩོད་ཀྱི་ངོ་བོར་ཡོད་པའང་གསལ་མི་ཐུབ་པའི་ཚད་དུ་སླེབས། ལས་ཡག་པ་ཞིག་ལ་སྲིད་སྐྱོང་གཙོས་གྲོས་ཚོགས་ཀྱི་བརྒྱ་ཆའི་མང་པོ་ཞིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་དམའ་འབེབས་དང་ཟུར་ཟའི་རིགས་ནི་༧གོང་ས་མཆོག་ལ་ཕན་གནོད་ཀྱི་སྐད་ཆ་མ་ཡིན་པར། བོད་ཀྱི་རྩ་དོན་དང་ཐད་གར་འབྲེལ་བ་ཡོད་པའི་གཏན་ཚིགས་ལ་ངེས་ཤེས་འཁྲུངས་ཡོད།
མང་གཙོའི་ལམ་ལུགས་ནང་དུ་ཆེས་ཉེན་ཁ་ཆེ་ཤོས་ཀྱི་གནད་དོན་གཉིས་ནི་ ‘ དངུལ་ཀྱི་སྟོབས་ཤུགས་དང་། དཔུང་གི་སྟོབས་ཤུགས་ཀྱིས་དབང་བསྒྱུར་བ་དང་བརྒྱུད་སྐུལ་བྱེད་པ་’དེ་རེད། མང་གཙོ་དང་འབྲེལ་བའི་སྲིད་དོན་རིག་གནས་མ་དར་བའི་གནས་སྐབས་ནི་ཉེན་ཁ་འདི་གཉིས་ཀྱི་བྲིན་ཁ་རྒྱུགས་དུས་ཆགས་ཀྱི་ཡོད། རང་རེའི་སྤྱི་ཚོགས་ནི་དབྱར་མགོ་བཙུགས་མ་ཐག་པའི་ཤིང་ཏོག་ཅིག་དང་འདྲ་བར་བཟོ་ལྟ་ཡོད་པ་ཙམ་ལས་སྨིན་མེད་པས། ཉེན་ཁ་འདི་ལ་དཔེ་གསར་གྱི་སྟོད་གོས་ཞིག་དང་འདྲ་བར་མང་ཤོས་ཀྱིས་དང་ལེན་དང་དགའ་མོས་བྱེད་ཀྱི་ཡོད། ཆབ་སྲིད་དང་ཉམས་མྱོང་གང་ཐད་ནས་ཕུན་སུམ་ཚོགས་པའི་འཐུས་མི་མང་པོ་ཞིག་ཀྱང་ལམ་ཁ་འདིར་རང་བཞིན་གྱིས་སྐུལ་འདེད་བྱེད་བཞིན་ཡོད།
རེ་རེའི་སྤྱི་ཚོགས་ཀྱི་མང་གཙོའི་ལམ་ལུགས་ནི་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་འཛིན་ལས་ཁུངས་དག་གི་སྒྲོམ་གཞིའི་ཐད་དང་། སྤྱི་དམངས་ཀྱི་བསམ་བློའི་སྒྲོམ་གཞི་དབར་ཧ་ཅང་དོ་མི་མཉམ་པའི་གནས་སྟངས་འོག་བསྡད་ཡོད། སྲིད་འཛིན་ལས་ཁུངས་དག་གི་སྒྲོམ་གཞི་ནི་བྱ་སྤུ་གནོན་གྱི་ཚུལ་དུ་བཅའ་སྒྲིག་གིས་སྐྱོང་བཞིན་ཡོད་ནའང་། སྤྱི་དམངས་ཀྱི་བསམ་བློའི་སྒྲོམ་གཞིར་གཞུང་གི་སྲིད་བྱུས་ལས་སྒེར་ལ་ཐོབ་ངེས་པའི་ཁེ་ཕན་དོན་དུ་གཉེར་བའི་ཤེས་ཚད་ཙམ་ཡང་མེད་ཀྱང་། ཞེན་ཁོག་ཉི་ཚེའི་བའི་རྗེས་སུ་རྒྱུགས་རྐྱང་རྒྱུགས་བཞིན་འདུག དེ་ལྟ་བུའི་ནོར་འཁྲུལ་གྱིས་ད་ལྟའི་བཙན་བྱོལ་སྒྲིག་འཛུགས་ཀྱི་མཇུག་འབྲས་ནི་ཆགས་འཇིགས་ཀྱི་སྣེ་མོ་ཞིག་ཏུ་བཞག་ཡོད།
མི་མང་ཡ་བྲལ་དུ་གྱུར་ཚེ་མཛད་གཙོ་རྣམ་པས་ཆིག་སྒྲིལ་བྱས་ཆོག་ཀྱང་། མཛད་གཙོ་རྣམ་པས་ཁ་འཐོར་གྱི་ས་བོན་བསྐྲུན་ཚེ་སུ་ཞིག་གིས་ཆིག་སྒྲིལ་གྱི་ལོ་ཏོག་བརྔ་དགོས། འདི་ནི་ཧ་ཅང་གོ་ལྡོག་པའི་ལས་དབང་སྡུག་པོ་ཞིག་རེད།
ཐེངས་འདིའི་གྲོས་ཚོགས་ཀྱི་བགྲོ་གླེང་གང་གནང་ཁག་ལ་ཉན་དུས། ཡིད་དབང་སུས་འཕྲོག་སོང་ཟེར་ན། སྲིད་སྐྱོང་མཆོག་དང་མདོ་སྟོད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་རྣམ་གཉིས་ཀྱིས་ཏེ། ཁོང་རྣམ་གཉིས་ནི་ཀླད་རྙིང་གི་སྒྲོག་གིས་མ་བཅིངས་པ། ཕྱོགས་ཞེན་གྱི་དྲི་མས་སྦགས་པ། གཡོ་སྒྱུ་ཡི་མགོ་གཉིས་མ་འབུར་བ། སྤྱི་སྒེར་ཡོངས་ཀྱི་མདུན་ལམ་ལ་ཁྱབ་མཉམ་གྱི་དགོངས་པ་ཟབ་མོར་བཞེས་ཐུབ་མཁན། རྨད་དུ་བྱུང་བའི་བསམ་སྤྱོད་ཅན་དུ་མཐོང་སོང་ན། དགའ་གུས་དང་ཤིས་ཚིག་གི་རི་མོ་སུས་མི་འབྲི། རྟག་ཏུ་བྲི་སྟེ། རྟག་ཏུ་དེ་ལྟར་ཡིན་པས་སོ། །
ང་ཚོས་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་རང་གི་བླ་མ་ཆེན་པོ་འདི་ལ་ཁ་གཏོང་མཁན་དག་ལ། རྒྱབ་སྐྱོར་གཞར་ཡང་བྱེད་མི་རིགས་མོད། རང་རེའི་སྤྱི་ཚོགས་ཀྱི་གུ་དོག་པ་དང་། ཐལ་ཆེ་བའི་བྱེད་སྤྱོད་དག་ངེས་པར་དུ་གསར་བརྗེ་བྱེད་དགོས། གཞན་དུ་ན། ཀྲུང་ཀོ་གཅིག་སྡུད་རིང་ལུགས་ལྟར་ཆགས་ཏེ། བཙན་དབང་གི་ཆིག་བསྒྲིལ་ཞིག་མ་གཏོགས་དོན་དམ་གྱི་ཆིག་བསྒྲིལ་ཞིག་གང་ནས་ཡོང།།