སྐྱོ་བྲག་དགའ་དབང་།
གནས་ཚུལ་ལྟར་ན། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་ཆོས་དབྱིངས་སུ་རོ་གཅིག་པ་ཡིན་ནའང་། སྣང་ཚུལ་ལྟར་ན། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་སྣང་གིན་ཡོད་པ་ལས། མྱང་འདས་ནི་དག་པའི་སྣང་བ་ཙམ་རེད་ལ། འཁོར་བའང་མ་དག་པའི་སྣང་བ་ཙམ་ཡིན་ནི་རེད། འཁོར་བའི་བདེ་འགྲོ་ངན་འགྲོ་ཡང་དག་མ་དག་གི་སྣང་བ་ཙམ་སྟེ། རང་དག་ན་ལྷ་དང་མིའི་དཔལ་ཡོན་སྣང་གིན་ཡོད་ལ། མ་དག་ན་དམྱལ་བ་ལ་ལྕགས་སྲེག་དང་། ཡི་དྭགས་ལ་རྣག་ཁྲག་སྣང་གིན་ཡོད།
སྤྱིར་བཏང་ང་རང་མ་དག་རབ་འབྱམས་པ་ཞིག་ཡིན་ནའང་། དིང་ཞག་ངའི་རོགས་ལ་ཡོད་པ་ནི།མཐོང་ལེགས་དབང་མོ།ཞེས་པའི་བཙུན་ཆུང་མ་ཞིག་རེད།
ཁོང་གི་ཕ་ཡུལ་ནི། བོད་མཐོང་སྒང་པ་དག་གིས་བྱ་ཁུ་བྱུག་གི་གནས་ཡུལ་དུ་བརྩི་བའི་མོན་ཡུལ་རེད། ཁོང་གི་མིང་ནི། དྲུང་གོ་ཤྲི་རྒྱལ་ཚབ་པ་མཆོག་གིས་གནང་བ་ཡིན་འདུག་ལ། མིང་འདི་ནི། ཁོང་གི་གནས་བབས་མཚོན་པའི་ལུང་བསྟན་ལྟ་བུར་ཡོད་དེ། ཁོང་གི་གཤིས་སྤྱོད་ཧ་ཅང་གི་བཟང་ཞིང་། རིག་པ་དཔེ་གྲུང་པོ་རེད་ལ། མགོ་ལུས་ཆེས་མཚུངས་ཤིང་། ལུས་ཀྱི་ཆ་ཤས་རེ་རེ་བཞིན་གྱི་དབྱིབས་ཀྱང་ཤིན་ཏུ་མཛེས། ཁ་དོག་ཀྱང་ཧར་པོ་མིན་པར། དཀར་ལ་སྣུམ་པའི་མདངས་ཅན་གྱིས་ཀུན་གྱི་མིག་ལ་ཧ་ཅང་མཛའ་བ་དང་། གདོང་པ་ལ་རྟག་ཏུ་འཁོར་བ་ནི་འཛུམ་མུལ་ཡིན་ཕྱིར། ཁོང་ནི་མཐོང་ན་མི་མཐུན་པ་མེད་པའི་ལེགས་པ་རེད་ལ། ཁོང་གི་ལྟ་སྤྱོད་བྱེད་ནུས་གང་ལ་བལྟས་ནའང་། བསོད་ནམས་དབང་ཐང་ནི་ཡོད་ངེས་ཅན་རེད་གདའ། ཁོང་ལ་ཡོད་པའི་ཡོན་ཏན་འདི་དག་གིས། ཁོང་ནམ་མཐོང་ལ་ང་དཔེ་དགའ་ཡི་ཡོད། རོགས་པ་བཟང་པོར་མཐོང་བ་ནི་ངེད་གཉིས་ཀའི་བདེ་སྐྱིད་ཡིན་ཐོག དགའ་བའི་དངོས་པོ་མཐོང་བའང་བདག་གི་བསོད་ནམས་རེད་སྙམ་པས། ང་ནི་དིང་ཞག་དགའ་ཞིང་སྤྲོ་ནས་བསྡད་ཡོད་དོ། །