དོན་འགྲུབ་བཀྲ་ཤིས།
དཀར་འཇམ་ཤོག་བུའི་ངོས་ཡངས་ཀུན་གསལ་གྱི་དབྱིངས་སུ།།
འཕུར་རྩལ་ནུས་ལྡན་སྨྱུག་གུའི་མཁའ་ལྡིང་ལ་བཞོན་ནས།།
རླབས་ཆེན་མེས་པོས་བསྐྲུན་པའི་བསིལ་ལྡན་གྱི་ལྗོངས་ལ།།
བདེན་དོན་འོད་སྣང་འཚོལ་ཕྱིར་ལྟད་མོ་ལ་ཆས་འགྲོ །
འདས་པའི་ལོ་ཟླར་ཕྱིར་མིག་བལྟས་ན་ཟླ་མེད་སྔོན་བྱོན་མི་རིགས་ཤིག །
འཕུར་ལྡན་དུས་རབས་འདི་ལ་བསམ་ན་རྗེས་ལུས་ཐེབས་པའི་མི་རིགས་ཤིག །
འཕྲུལ་ལ་བཞོན་པའི་སྐྱེ་བོས་བལྟས་ན་རང་རྨོངས་ཕྱུགས་ཀྱི་སྤུན་ཟླ་ཞིག །
དེ་ཡང་ངེས་པ་དོན་གྱིས་བལྟས་ན་རང་དབང་དབེན་པའི་མི་རིགས་ཤིག །
ཅི་ན་དགྲ་པོས་ཧམ་བཤད་བྱས་ན་འབྲས་མེད་མཁོ་བོའི་ཆ་ཤས་ཤིག །
གཟུར་གནས་དེང་གི་མཁས་པས་བསམ་ན་རྟོགས་དཀའ་གསང་བའི་དོན་རྐྱེན་ཞིག །
ལྷད་མེད་འདས་པའི་ལོ་རྒྱུས་བསྟན་ན་འཇིག་རྟེན་འདི་ཡི་བདེན་གྲུབ་ཅིག །
དེ་ཡང་ངེས་པ་དོན་གྱིས་བལྟས་ན་རང་བཙན་གཙང་མའི་མི་རིགས་ཤིག །
ལེགས་ཉེས་མི་རྟོགས་མི་ཡིས་བལྟས་ན་དཔའ་སྐད་སྒྲོག་པའི་ངར་མ་ཞིག །
རིག་པའི་ཁྱུ་མཆོག་མཁས་པས་གཟིགས་ན་ཡོད་ཚད་སྒོམ་ནུས་བཟོད་ལྡན་ཞིག །
ཕྱི་དགྲ་དམར་པོའི་དཔུང་གིས་བལྟས་ན་ནུས་མེད་སྤྲང་པོའི་ཁྱུ་མཆོག་ཅིག །
དེ་ཡང་ངེས་པ་དོན་གྱིས་བལྟས་ན་ཞི་བདེར་བསྐྱོད་པའི་མི་རིགས་ཤིག །
དྲག་ལྡན་དམར་པོའི་མཚོན་གྱི་འོག་ན་དལ་མེད་བྲེལ་བའི་ཚེ་གཡོག་ཅིག །
མི་འདོད་སྡུག་གི་ཁུར་པོ་འདི་ཞེས་ཞུམ་པ་མེད་པའི་དྭ་ཕྲུག་ཅིག །
འཆི་མེད་ལྷ་ཡི་བདུད་རྩི་མ་ཐོབ་ལུས་ཟུངས་ཤོར་པའི་ནད་པ་ཞིག །
དེ་ཡང་ངེས་པ་དོན་གྱིས་བལྟས་ན་དཔུང་གཉེན་སྟོང་བའི་མི་རིགས་ཤིག །
དེ་ལྟར་མུ་མེད་བསིལ་ལྗོངས་མཛེས་སྡུག་གི་ལྟོས་ན་།།
དབང་མེད་ཟུམ་པའི་ངེད་ཅག་རང་དབང་གི་པདྨའི།།
གསེར་མདོག་ཟེའུ་འབྲུ་བདེ་སྐྱིད་ལྷུག་ལྷུག་ཏུ་བཞད་ཆེད།།
ཡང་དག་འོད་སྣང་འཚོལ་ཅིག་རིགས་མཐུན་གྱི་གྲོགས་རྣམས།།
༢༠༡༤ །༩ །༡༤