མདང་གི་སྐྱོ་སྣང༌།
བེ་རི་འཇིགས་མེད།
ཉིན་བྱེད་འོད་སྣང་ནུབ་རིའི་རྩེ་ནས་བཞུད།།
ཟླ་གཞོན་ཞུན་མས་ནོར་འཛིན་ཁྱོན་ལ་བྱུག།
ཀུན་རྟོག་མཚོ་རླབས་འཕྱུར་བའི་འཇུག་ངོགས་ནས།།
གཏི་མུག་གཉིད་ཀྱི་རྨི་ལམ་གྲོང་དུ་གཤེགས།།
ཐུན་གསུམ་གཉིད་ཀྱི་རྨི་ལམ་གྲོང་ཁྱེར་ནས།།
བརྩེ་སེམས་བྱམས་ཀྱིས་སྐྱོང་བའི་ཕ་མ་དང༌།།
སྙིང་སྡུག་སྤུན་མཆེད་རྣམ་པའི་ཞལ་རས་མཇལ།།
མིག་ཆུ་སབ་སིབ་གདོང་པའི་ངོས་ལ་འཐོར།།
ཁ་བའི་མེ་ཏོག་འཕུར་བའི་ཞིང་ཁམས་ནས།།
འཁྱར་འཁྱོར་གོམ་སྟབས་ལྷོ་མཐར་བསྒྱུར་བ་ནས།།
ལོ་ཟླའི་ཕྲེང་བ་རིང་མོའི་སྐྱིད་སྡུག་གི།
ངུ་མ་དགོད་པའི་མཇལ་འཕྲད་གཏམ་ལ་བྲེལ།།
སྒྱུ་མའི་འཇིག་རྟེན་ཟླུམ་པོའི་གར་སྟེགས་ཐོག།
མགོ་ནག་མི་ཡི་སྐྱིད་སྡུག་སྒྱུ་མའི་གར།།
སྣ་ཚོགས་འཁྲབ་སྟོན་བྱས་པའི་རླུང་འཚུབ་ཁྲོད།།
གསལ་རིག་བློ་འདི་མག་མོག་ཐལ་བས་བསྒྲིབས།།
མུན་སྟུག་སྨག་རུམ་འཐུག་པའི་ཚོར་ཀློང་ན།།
ཡུན་རིང་གྱེས་བྲལ་གདུང་བའི་གློག་འོད་དང༌།།
གཅིག་ཏུ་འདྲེས་པའི་དམར་ཆུང་སེམས་ཀྱི་ཁམས།།
རྟོག་འཆར་སྤྲིན་ནག་གསེབ་ཏུ་འབྲུག་བཞིན་ལྡིར།།
ཕ་མ་སྤུན་དང་ཉེ་འབྲེལ་ཕ་ཡུལ་བཅས།།
དྲན་པའི་བློ་ངོར་ཤར་ཐེངས་རེ་རེར་ཡང༌།།
དོན་ལྔ་སྣོད་དྲུགའཁྲུག་པའི་མིག་ལམ་ནས།།
རོ་དྲུག་འདུས་པའི་མིག་ཆུའི་ཆར་པ་བྲན།།
ལོ་ཟླ་ཞག་གི་ཕྲེང་བ་བགྲངས་པ་ཡི།།།
དགུང་གྲངས་རི་མོ་དཔྲལ་བ་ལ་བཀོད་པའི།།
བརྩེ་ལྡན་ཕ་མའི་གདོང་རིས་མཐོང་བའི་མོད།།
གནོན་ཐབས་མེད་པའི་སྙིང་ཆུང་དྲག་ཏུ་ལྡིང༌།།
ཅི་སླད་གངས་ལྗོངས་རྒྱབ་ཏུ་བསྐྱུར་བ་དང༌།།
བརྩེ་ལྡན་ཕ་མ་གྱེས་བྲལ་བྱུང་བའི་ཚུལ།།
སེམས་པའི་མེ་ལོང་ངོས་སུ་འཆར་བ་ན།།
ལོ་རྒྱུས་སྒྱུ་མའི་ཟློས་གར་ལྷམ་མེར་ཤར།།
ཀྱག་ཀྱོག་ནམ་ཟླ་རིང་པོའི་ལོ་རྒྱུས་ནང༌།།
ཚངས་པ་སྐྲག་ཅིང་བརྒྱ་བྱིན་འདར་བ་ཡི།།
ས་གཞི་གས་ཤིང་རི་བོ་བསྙིལ་པའི་ཚུལ།།
འདས་དོན་དམར་པོའི་ཁྲག་མཚོ་སྙིང་ནས་འཁོལ།།
ལགས་ཏེ་འདི་ནི་ཁ་བ་རི་བའི་ལྗོངས།།
དུས་འགྱུར་མེ་སྤུངས་ཀློང་དུ་ཚུད་པ་ནས།།།
བྱུང་བའི་དོན་རྐྱེན་མགོ་ཐོག་ལྷུང་བ་ལས།།
ནང་མི་མི་འདོད་ཁ་བྲལ་བྱུང་བ་ལགས།།
སྐྱིད་སྡུག་གཏམ་གྱི་གདུང་དབྱངས་ལེན་བཞིན་དུ།།
མཁར་རྔའི་དུས་བརྡ་རྣ་བའི་རྒྱ་སྒོར་ལྷུང༌།།
སྐྱིད་མ་སྡུག་གི་རྨི་ལམ་ཞིང་ཁམས་ནས།།
གྱེས་མཇལ་ཞུ་དུས་ཉིན་བྱེད་མཁའ་མཐར་འཛུམ།།
ལྟོས་དང་ཕ་གིའི་བར་བེར་ནགས་ཀློང་ན།།
སྙན་འགྱུར་ཁུ་བྱུག་དབྱངས་སུ་གྱེར་བ་ཡི།།
ཡིད་འོང་སྤུ་མདོག་མཛེས་པའི་བྱ་ཚོགས་འགའ།།
འདབ་གཤོག་ཅི་དགར་སྐྱོད་པའི་ཟློས་གར་མཐོང༌།།
གལ་ཏེ་བདག་ཀྱང་བྱེའུ་ཞིག་ཡིན་ན།།
ལྷན་སྐྱེས་གཤོག་སྒྲོས་མཁའ་མཐའ་གཤགས་བྱས་ཏེ།།
གངས་རིའི་མུ་ཁྱུད་མཛེས་པའི་ཕ་ས་ལ།།
ཕ་མ་མཇལ་ཁའི་སླད་དུ་ཅིས་མི་འཕུར།།
ཀྱ་ཀྱོག་དོག་པའི་གཡོ་སྒྱུ་རྫུན་མའི་འཕྲང་།།
ཇི་ལྟར་དོག་ཀྱང་ཞུམ་དང་སྐྱོ་བའི་སེམས།།
ནམ་ཡང་མེད་པའི་སྙིང་སྟོབས་མེད་གྱུར་ན།།
བདེན་པའི་འཐབ་རྩོད་རྒྱལ་ཁ་ལེན་ཐབས་བྲལ།།
དམ་པོས་གཅིང་བའི་བརྩེ་གདུང་ཞེན་ཆགས་སྒྲོག།།
ཇི་ཙམ་བསྲ་ཡང་དེ་ཙམ་གཅོད་པའི་སེམས།།
ནམ་ཡང་ཉམས་པ་མེད་པ་མི་མངའ་ན།།
ཡང་དག་རབ་བྱུང་བྱེ་མའི་ཁང་བུ་འདྲ།།
སྐྱེ་ཡུལ་ཆགས་སྡང་འདམ་བུའི་གྲོང་ཁྱེར་དུ།།
ནམ་ཡང་ལོག་འདོད་མེད་པའི་ཆོད་སེམས་ཞིག།
རྐང་གིའི་ཁོང་ནས་སྐྱེས་པ་མེད་པ་ལ།།
ངེས་འབྱུང་ལྡན་པའི་འདུལ་འཛིན་གཟུགས་བརྙན་འདྲ།།