དགེ་འདུན་རྒྱ་མཚོ།
ཁ་རྩང་ཉིན་གུང་གི་ཆུ་ཚོད་གསུམ་དང་ཕྱེད་ཀ་ཡོལ་རྗེས་ང་རང་སློབ་ཕྲུག་ཚོའི་ཇ་འཐུང་ས་ལ་སོང་བ་ཡིན། སློབ་ཕྲུག་ཚོས་ཇ་འཐུངས་རྗེས་ཉལ་ཁང་རྒན་བདག་གིས་གད་རེས་པ་ཚོར་ལས་ཀ་བགོ་བཤའ་བརྒྱབ་སོང་། སློབ་ཕྲུག་འགའ་ཤས་ཀྱིས་གཟུགས་པོ་འཁྲུད་རྒྱུ་དང་ལ་ལས་གྱོན་གོས་སོགས་འཁྲུད་པར་འགྲོ་སོང་། ལས་མེད་ཚོས་ལྒང་ལི་རྩེ་རྒྱུར་གྲ་སྒྲིག་བྱེད་བཞིན་འདུག དགེ་རྒན་དངོས་གྲུབ་ནི་རྩེད་མོ་རྩེ་རྒྱུར་དགའ་བ་དང་ཁྱད་པར་དུ་ལྒང་ལི་རྩེ་བར་སྲོག་བློས་གཏོང་བྱེད་ཕོད་མཁན་ཞིག་ཡིན། ཁོས་ང་མཐོང་བ་དང་དགེ་རྒན་ལགས། སྤོ་ལོ་མི་རྩེའམ་ཟེར། ངས་མིན་པའི་ཚབ་ལ་མགོ་གཡུགས་ཙམ་བྱས་པ་ཡིན། དེ་ནི་ཁོས་ང་ལ་སྙད་རྐོ་གི་ཡོད་པ་ངས་ལོས་ཤེས། ངས་ཁོ་ལ་འཁྱམ་ཉུལ་དུ་མི་འགྲོའམ་ཞེས་དྲིས་པར་ཁོས་ང་ནི་ཁྱེད་རང་དང་ག་བ་འདྲ་གི་རེད། ང་ནི་སྔོན་འཇུག་དང་རྗེས་འཇུག་ཚང་མ་ཡོད་རེད་ཟེར། དེ་ནི་སྐྱེ་མན་དང་བྱིས་པ་ཡོད་ཟེར་བའི་དོན་རེད།
ང་ཡང་རོགས་པ་མེད་པར་འགྲོ་འདོད་མ་བྱུང་ལ་ཆུ་ཚོད་དྲུག་པ་ནས་སློབ་ཕྲུག་གི་རང་སྦྱོང་ལ་བལྟ་དགོས་པས་ཐག་རིང་དུ་དེ་བས་འགྲོ་འདོད་མ་བྱུང་། དེས་རྐྱེན་གྱིས་ངས་ཀྱང་ཁོ་ལ་སྐད་ཆ་འདྲ་བཤད་ནས་བསྡད་པ་ཡིན། ངས་བཤད་པའི་སྐད་ཆའི་ནང་དོན་ནི་འདྲེ་སྒྲུང་ཡིན་པ་དང་དེ་ཡང་ཁ་བརྡ་དྲྭ་ལམ་ནས་ལ་རྩེ་དཔེ་མཛོད་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ་འདྲེ་སྒྲུང་གི་རྩོམ་བསྐུལ་བྱས་འདུག་ལ་རྩོམ་ཡིག་འགྲན་བརྡུར་བྱེད་རྩིས་ཡོད་ཚུལ་བཤད་པ་ཡིན།
ངའི་སྐད་ཆ་དེ་ཁོའི་སྣང་བར་གཏན་ནས་འགྲོ་མ་སོང་། ཁོས་ང་ལ་བལྟས་ཏེ་གད་མོ་ཞིག་བརྒད་སོང་། ཁོ་ལ་བཤད་རྒྱུ་འགའ་ཤས་ཡོད་པ་འདྲ་ཡང་ཁ་ནང་ནས་ཕྱིར་མིད་ནས་བཤད་མ་སོང་། ཁོས་ཅི་ཞིག་བཤད་རྒྱུ་ཡིན་པ་ཡང་ངས་ཕལ་ཆེར་ཚོད་དཔག་བྱས་ན་ཤེས་ཐུབ། ཁོ་ནམ་རྒྱུན་ཆོས་ལ་མི་དད་པ་དང་འདྲེ་ལ་ཡིད་ཆེས་མེད་མཁན་ཞིག་ཡིན། ངེད་གཉིས་ལོ་ལྔ་ལ་མཉམ་དུ་བསྡད་པས་ང་ཁོ་ལ་རྒྱུས་ཅུང་ཟད་ཡོད།
ང་ལྒང་ལི་ལ་ལྟ་བར་མི་དགའ་བ་དེ་ཡང་ཁོས་ལོས་ཤེས། དེས་རྐྱེན་གྱིས་ཁོས་ང་ལ་བལྟས་དེ་དངོས་གནས་འཁྱམ་རྒྱུ་ཡིན་པས་ཟེར། ངས་ཡིན་ཅེས་ལན་བཏབ་པ་ཡིན། ཁོས་ཐང་ན་སྟོད་ཐུང་ཞིག་ཡོད་པ་དེ་གོན་བཞིན་འགྲོ་ན་འགྲོ་ཟེར། སློབ་གྲྭའི་ལྟག་རྒྱབ་ཀྱི་ལམ་ཆེན་དེ་དེད་ནས་འགྲོ་སྐབས་ཁོས་ང་ལ་། བོད་པ་ཚོ་ཁོམ་སོང་པ་འདྲ། འདྲེ་སྒྲུང་བྲིས་ནས་ག་རེ་བྱེད་དམ། རྒན་རང་གིས་འདྲེ་སྒྲུང་བཤད་ནས་སློབ་ཕྲུག་ཚོ་འཕྲོ་བརླགས་ལ་མ་གཏོང་རོགས་ཟེར། ང་ལ་ལན་ཞིག་བརྒྱག་རྒྱུ་ཡོད་ཀྱང་ཁོ་ཁོང་ཁྲོ་ལངས་པར་དོགས་ནས་ཅང་བཤད་མེད།
ཅུང་སོང་བའི་ལམ་སྣེ་དེ་ཁག་གཉིས་སུ་གྱེས་པ་དང་ལམ་གོང་མ་དེ་ནི་ངེད་གཉིས་འཁྱམ་ས་རང་ཡིན། ཁེར་ལམ་དེ་དེད་ནས་སོང་བའི་ལམ་གོང་ན་རི་འབུར་ཞིག་ཡོད་པ་དང་དེར་འཁྱམ་ས་ཧ་ཅང་ཡག་པོ་ཡོད། ཡིན་ན་ཡང་ས་དེ་ནི་དུར་ཁྲོད་ཅིག་ཡིན། ས་ཆ་དེ་ནི་ཧིན་རྡི་བ་ཚོའི་རོ་བསྲེག་སའི་དུར་ས་ཞིག་ཡིན་པ་དང་དེའི་འདབས་ན་བོད་པའི་རོ་བསྲེག་ས་ཞིག་ཀྱང་ཡོད། ས་ཆ་དེ་གནས་དབེན་པ་དང་ཁ་ཁུ་སིམ་པོ་ཡོད། རི་མགོ་དེ་ནས་རྒྱང་ལྟ་བྱས་ན་ཕྱོགས་བཞིའི་ཡུལ་ལྗོངས་མང་བོ་ཞིག་ཀྱང་མཐོང་ཐུབ་པས་ང་ནམ་རྒྱུན་དེར་འགྲོ་རྒྱུར་དགའ་བོ་ཡོད།
དུར་ཁྲོད་ཀྱི་འདབས་ན་སྒོ་ཆེན་ཞིག་ཡོད་པ་དང་སྒོ་དེ་བོད་པས་བཟོས་པ་ཡིན་པ་བལྟས་ན་ཤེས་ཐུབ། གནམ་ངོས་ལ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཞིག་བྲིས་ཡོད། གཡས་གཡོན་དུ་མ་ཎི་སོགས་སྔགས་ཡིག་བྲིས་པའང་མང་། ངེད་གཉིས་ས་དེར་བསླེབས་དུས་ཉི་མ་ནུབ་ནས་ཅང་འགོར་མེད་མོད། ནུབ་ཕྱོགས་ནས་སྨུག་ལོང་ཞིག་ཀྱང་འཕྱུར་བས་གནམ་ངོ་ཅུང་ཟད་ནག་པ་དང་ས་མདོག་ལོག་པ་ཅུང་སྔ་བ་ལྟར་སྣང་། རི་དེའི་གཡས་གཡོན་ལྗོན་ཤིང་གིས་བཏུམས་ཡོད་པས་བྱ་དང་བྱེའུ་ཚོས་ཀྱུར་ཀྱུར་གྱིས་མགྲིན་སྒྲ་བར་མེད་དུ་སྒྲོགས། ཕལ་ཆར་གྱིས་ཚང་བཙལ་ནས་ཁོམ་ལོང་མེད་པ་འདྲ།
རྒན་དངོས་གྲུབ་ཁོ་བོད་རིགས་ཡིན་ཡང་རྒྱ་གར་ནས་སྐྱེས་པ་དང་རྒྱ་གར་ནས་མཚར་ལོངས་བྱུང་བས་དབྱིན་ཇི་དང་ཧིན་རྡིའི་སྐད་ཡག་པོ་ཡོད། རྒྱ་གར་ཀྱི་མི་སེར་གྱི་ལག་འཁྱེར་ཡང་ཡོད་པས་བོད་གཞུང་དང་བོད་དོན་ལ་དེ་ཙམ་མི་དགའ་མཁན་ཞིག་ཀྱང་ཡིན། ཡིན་ན་ཡང་དེ་ནི་ཁོའི་རང་དབང་དང་ཐོབ་ཐང་ཡིན་པས་ངས་དེའི་སྐོར་ལ་ནམ་ཡང་རྩད་བརྒྱབ་མ་མྱོང་། ཁོ་བོད་ལ་ཐེངས་གཅིག་ཀྱང་སོང་མ་མྱོང་བས་ངས་ཁོ་ལ་བོད་ཀྱི་ཁོར་ཡུག་དང་རི་ཆུ་ལུང་གསུམ་ངོ་སྤྲོད་ཕྲན་ཙམ་བྱས་པ་ཡིན། ངས་སྐད་ཆ་བཤད་ནས་མ་ཚར་གོང་ས་རུབ་ནས་ནག་ཁུང་ཆགས་སོང་། མདང་དགོང་གནམ་ངོ་ཡང་ཡག་རྒྱུ་མེད་པས་མུན་འཐིབས་པ་ཧ་ཅང་སྟུག་ཆེས།
ཁོས་ང་ལ་གསལ་འདེབས་ཞིག་བྱས་སོང་། དེ་ནི་ཁྱོད་སློབ་ཕྲུག་ཚོའི་རང་སྦྱོང་ལ་ལྟ་བར་མི་འགྲོའམ་ཟེར་བ་དེ་རེད། ངས་ཉལ་ཁང་གི་ཕ་མ་དང་རྒན་བདག་སོགས་ཡོད་པས་སྐྱོན་མེད་པའི་རྣམ་འགྱུར་བསྟན་པ་ཡིན། དོན་དངོས་སུ་ཁོ་ཕྱིར་འགྲོ་འདོད་ཆེན་པོ་ཡོད། མ་ཟད་ཁོ་སྐྲག་ནས་འདར་གྱིན་ཡོད། ངས་ཁྱོད་ལ་ག་རེ་བྱས་སོང་དྲིས་པ་ཡིན། ཁོས་གཡས་ལྟ་གཡོན་ལྟ་ཅིག་བྱས་པ་དང་དེ་རིང་མུན་པ་ཧ་ཅང་ནག་པོ་ཆགས་བྱ་ཟེར། ངས་སྐྱོན་ཡོད་མ་རེད། ང་ནམ་རྒྱུན་འདིར་ཡོང་གིན་ཡོད། ང་ཡོད་ས་ནས་སུས་ཀྱང་གནོད་སྐྱེལ་ཐུབ་ནི་མ་རེད་ལབ་པ་ཡིན། དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ནི་ངས་ཕ་ཡུལ་གྱི་སྐོར་བཤད་ནས་ད་དུང་ཚར་མེད།
བར་མཚམས་ཤིག་ནས་ཁོས་ང་ལ་འབྱར་ནས་ཡོང་གིན་འདུག ངའི་དཔུང་བ་ལ་འཐམས་ནས་ལྷོད་དཀའ་བ་ལྟར་བྱེད། ངས་ག་རེ་བྱུང་སོང་དྲིས་པ་ན་ཁོས་འོག་ཏུ་མཛུབ་མོ་བཙུགས་ནས་ཤིང་ནགས་གསེང་ནས་ཅིག་གྲགས་གི་འདུག་ཟེར། ངས་སྐྱོན་ཡོད་མ་རེད། བྱ་བྱེའུ་དང་རི་དྭགས་དེ་འདྲ་ཡིན་རྒྱུ་རེད་ལབ་པ་ཡིན། ཁོས་མ་རེད། སྐད་དམིགས་བསལ་ཅིག་འདུག་པས་གདོན་འདྲེ་ཡིན་ས་རེད་ཟེར། ངས་ས་སྟོངས་འདི་འདྲ་ཞིག་ན་འདྲེ་ཨེ་ཡོད་དམ། འདྲེ་འདིར་ཡོང་ནས་ཁོ་ལ་ཟ་རྒྱུ་ཅང་མེད་པ། མ་མཐའ་ཡང་ཁོས་རང་ཉིད་ལ་ཟ་རྒྱུ་དང་འཐུང་རྒྱུ་ཡོད་ས་ཞིག་བཙལ་ངེས་རེད་ལབ་པ་ཡིན།
ངས་མུ་མཐུད་ནས་ཕ་ཡུལ་གྱི་དགོན་པའི་སྐོར་བཤད་པ་ཡིན། ཁོས་ངའི་སྐད་ཆ་ཉན་རྒྱུ་གཡུགས་ཞོག ངའི་སྟེང་དུ་ཁོ་ཁྲོ་ལངས་ཡོང་གིན་འདུག དེ་ནས་ངས་ཁྱེད་རང་འདུག་འདོད་མེད་ན་འགྲོ་ན་འགྲིག་གི་རེད། ང་ག་ལེར་ཡོང་གི་ཡིན། ངས་ད་དུང་ཁ་འདོན་ཚར་མེད། འོག་གི་ལམ་ཆེན་ནས་བཟུང་ཡར་འགྲོ་མར་འགྲོ་བ་ཚང་མ་མི་ཤ་སྟག་རེད། སྐྲག་དགོས་པ་ཡོད་མ་རེད་ལབ་པ་ཡིན། ཁོས་ང་ལ་བལྟས་ཏེ་ཁྱོད་མི་སེམས་གནག་ཞིག་རེད། ང་ནི་ཞེད་ནས་ཨིར་བརྟན་གི་མི་འདུག་ཟེར། ངས་ག་རེ་ཡིན་ནམ། རང་འདྲེ་ཡོད་པར་ཡིད་ཆེས་ཀྱི་ཡོད་དམ་ཅེས་དྲིས་པ་ཡིན། ཁོས་འདྲེ་ཟེར་བ་ཞིག་ཡོད་རེད་ཟེར་ན་ང་ཡིད་ཆེས་ཀྱི་མེད་ཟེར།
རྒན་ཁོ་ངོ་མ་སྐྲག་གི་ཡོད་པ་འདྲ། ཁོ་གཅིག་པུར་འགྲོ་ཐུབ་ཀྱི་མི་འདུག དེ་ནས་ངེད་གཉིས་མཉམ་དུ་ཕྱིར་ལོག་པ་ཡིན། དུར་ཁྲོད་ནས་ལམ་ཆེན་ཁའི་བར་དུ་ཁོ་ལ་ཁ་གྲག་རྒྱུ་གཏན་ནས་མེད། ངའི་དཔུང་བ་ལ་འཇུས་ནས་གཏན་ནས་གློད་མ་སོང་། ལམ་ཆེན་ནང་དུ་སླེབས་པ་དང་ཁྱིམ་ཚང་འགའ་ཤས་ཀྱི་སྒེའུ་ཁུང་ལས་གློག་སྒྲོན་ཀྱི་འོད་སྣང་འཕྲོ་བ་མཐོང་། ཁོས་སྤོབས་པ་ཇེ་མཐོར་སོང་བ་དང་། ང་ལ་ད་གས་ཀྱི་སྐད་དེ་ག་རེ་རེད། འདྲེ་སྐད་ལྟ་བུ་ཞིག་རེད་ཟེར། ངས་ཁྱོད་ཀྱིས་འདྲེ་ཅི་འདྲ་ཞིག་ཡིན་པ་ཤེས་ཀྱི་ཡོད་དམ། ཅེས་དྲིས་པར་ཁོས་མཐོང་མ་མྱོང་ཟེར།
དེ་ནས་ངས་འདྲེ་ཟེར་བ་དེ་མིའི་རྣམ་རྟོག་གིས་བཟོས་པ་ཞིག་རེད་མ་གཏོགས་དོན་དངོས་སུ་ཡོད་རྒྱུ་མ་རེད་ལབ་པ་ཡིན། དེ་ནས་ཁོས་བདེན་པ་རེད། འདྲེ་ཟེར་བ་དེ་ཆོས་ལུགས་པ་ཚོས་སྒྲོ་བཏགས་ནས་བཟོས་པ་རེད། མི་ལ་ཞེད་སྣང་བསྐུལ་ནས་ཆོས་འོག་ལ་འཇུག་གི་ཡོད་རེད། དེ་ཆོས་ལུགས་པ་ཚང་མས་གཡོ་རྒྱུས་ཞིག་རེད། དེ་ཁོ་ཚོའི་འཚོ་ཐབས་ཞིག་ཀྱང་རེད། ལྷ་ཡུལ་དང་དམྱལ་བ་སོགས་བཤད་ནས་མི་ལ་མགོ་སྐོར་གཏོང་གིན་ཡོད་རེད། ང་མཐོ་སློབ་ན་ཡོད་དུས་ནས་དེའི་སྐོར་ལ་བསམ་བློ་བཏང་ཚར་བ་ཡིན་ཟེར། སློབ་གྲྭའི་སྒོ་ཁར་མ་སླེབས་བར་དུ་ཁོས་ཅི་བཤད་ལ་ཉན་ནས་ཡོང་བ་ཡིན།
མདང་དགོང་སྒོ་སྲུང་རྒད་པོ་ཞིག་ཡོད་པ་དེ་ཡང་མེད། སྒོ་ཕྱེས་ནས་ཡོད་པས་སུ་ཡང་ནང་དུ་འཛུལ་རྐྱང་རེད། ཟྭ་རྒན་ཞིག་ཡོད་པ་དེ་སྒོ་ངོས་ལ་བཀལ་ནས་བཞག་འདུག སློབ་ཕྲུག་ཚོའི་རང་སྦྱོང་ད་དུང་ཚར་མེད་པས་ངས་ཐད་ཀར་ཚོམ་ཆེན་གྱི་གློག་འོད་དེར་ཁ་གཏད་ནས་སློབ་ཕྲུག་ཡོད་སར་སོང་བ་ཡིན། དེ་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འགོར་ནས་འཆི་མེད་བདེ་སྐྱིད་དང་མཚམས་གཅོད་གཉིས་ཡོང་སོང་། མོ་གཉིས་ཀ་ཉལ་ཁང་གི་རྒན་བདག་རེད། མོ་གཉིས་ཀྱིས་ང་ལ་ལྟ་བཞིན་ཨ་མ་སྐལ་བཟང་སྒྲོལ་མའི་རྣ་ལམ་ལ་ཤབ་ཤུབ་ཅིག་བཤད་སོང་། བུ་མོ་ཚོའི་རྣམ་འགྱུར་དེ་ནི་རྒྱུན་ལྡན་ཞིག་ཡིན་པས་དེ་ཙམ་དོ་སྣང་བྱས་མེད། བུ་མོ་འདི་ཚོས་སློབ་ཕྲུག་གི་རང་སྦྱོང་ལ་མི་བལྟ་བར་གང་དུ་སོང་བ་ཡིན་ནམ་སྙམ།
ཉལ་ཁང་ཨ་མ་ལགས་འཛུམ་བཞིན་ངའི་འཁྲིས་ལ་ཡོང་སོང་། རྒན་ལགས། རྒན་དངོས་གྲུབ་བཟའ་བ་གཉིས་འཁོན་བཞིན་ཡོད་པ་འདྲ། རང་ཅིག་ཕེབས་ན་མ་རེད་པས་ཟེར། ངའི་སེམས་ལ་དོགས་པ་ཞིག་ཤར། ངེད་གཉིས་ཕྱི་ལ་འཁྱམས་ནས་འཕྱི་བོ་ཆགས་སོང་། ཚེ་བརྟན་གྱིས་སྣང་བ་མ་སོང་བ་འདྲ་བསམ་སོང་། ང་དེ་ལ་སོང་ནས་ཕན་ཐོག་ག་རེ་ཡོད་རེད་ལབ་པ་ཡིན། མཚམས་དེར་བུ་མོ་གཉིས་ཀྱང་རྩིབས་ལ་བསླེབས་ཚར་འདུག ཕན་ཐོག་ཡོད་རེད། རྒན་གྱི་གྲོགས་པོ་མ་རེད་པས་ཟེར། ངས་འཛུམ་ཙམ་ཞིག་བྱས་པ་ལས་ལན་ཅི་ཡང་བཏབ་མེད། རྒྱུ་མཚན་ནི་སློབ་ཕྲུག་གི་འཁྲིས་ནས་དགེ་རྒན་བར་གྱི་འབྲེལ་ལམ་དེ་ཡག་པོ་མེད་ཀྱང་ཡོད་ཁུལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ལ་ངའི་རྩ་དོན་ཞིག་ཀྱང་ཡིན།
ཆུ་ཚོདབཅུ་དང་ཕྱེད་ཀའི་ཐོག་ང་ཚོས་རང་སྦྱོང་གྲོལ་དུ་བཅུག་པ་ཡིན། ང་རང་ཤག་དུ་འབྱོར་བ་དང་སློབ་གྲྭའི་ཇ་མ་རྒད་པོ་ཞིག་ཡོད་པ་དེས་ང་ལ་འོ་ཇ་ཕོར་བ་གང་འཁྱེར་ནས་སླེབས་བྱུང་། ཁོ་ངའི་ནང་དུ་འཛུལ་བ་དང་ཕྱི་ནས་སྐད་བརྒྱག་གིན་འདུག་ཟེར། སུ་རེད་དམ་དྲིས་པར་མ་ཤེས། དགེ་རྒན་དངོས་གྲུབ་ཡིན་པ་འདྲ་ཟེར། སྐད་ཅོར་དེ་དག་ངའི་སྒེའུ་ཁུང་ལས་ཀྱང་གྲགས་ཡོང་གིན་འདུག སྐད་སྒྲ་དེ་གོ་བ་དང་ང་མྱུར་དུ་ཕྱིར་ལ་བུད་ནས་བལྟས་པ་ཡིན། བུ་མོའི་ཉལ་ཁང་གི་གཡས་ཕྱོགས་ན་གློ་སྒོ་ཞིག་ཡོད་པ་དེའི་འགྲམ་ན་འཚུབ་ལང་ལོང་བྱེད། སློབ་ཕྲུག་མང་བོས་མཐའ་བསྐོར་ནས་བསྡད་འདུག
ང་མཐོང་བ་དང་བུ་མོ་སྐོར་ཅིག་ངའི་འཁྲིས་ལ་ཚུར་བརྒྱུགས་ཡོང་ནས་རྒན་ལགས། རྒན་དངོས་གྲུབ་ལགས་དོ་དགོང་འདྲེ་ཡིས་བཟུང་བྱ་ཟེར། ངས་ཀྱང་ཡ་མཚན་རེད་བསམ་སོང་། ང་རྒན་གྱི་རྩིབ་ལ་མ་སླེབས་མཚམས་སུ་ཁོ་ཡར་ལངས་ཏེ་སློབ་ཕྲུག་ཚོ་ལ་བསྡིགས་སོང་། ཁོས་གཤེ་བ་ལ་སྐྲག་ནས་སློབ་ཕྲུག་མང་བོ་རང་རང་སར་འགྲོ་སོང་། ཁོའི་རྩིབས་ན་ཡོད་པ་དེ་ནི་ཉལ་ཁང་གི་བུ་རྒན་བདག་བཞི་རེད། རྒན་གྱིས་ང་མཐོང་བ་དང་ངོ་ཚ་ནས་དཔྲལ་བ་རྩིག་པ་ལ་བསྙེས་ནས་བསྡད་སོང་། ངས་ག་རེ་བྱས་པ་རེད་ཅེས་རྒན་བདག་ལ་རྣམ་འགྱུར་བྱས་པ་ན་ཁོ་ཚོས་ཧ་གོ་མ་སོང་། ང་ཚོ་རང་སྦྱོང་གྲོལ་ནས་ཡོང་དུས་རྒན་འདིར་བརྡབས་ཚར་འདུག་ཟེར།
དེ་ནས་ང་ཚོས་རྒན་སྤྱོར་ནས་གཟིམ་ཤག་དུ་ཁྲིདཔ་ཡིན། སྒོ་འགྲམ་ལ་བསླེབས་དུས་ཁོས་ལག་པ་བརྐྱངས་ཏེ་ད་འགྲིག་སོང་། ཐུགས་རྗེ་ཆེ། ནང་ན་སྐྱེ་མན་དང་ཕྲུ་གུ་གཉིས་ཉལ་བསྡད་ཡོད་ཟེར། བདེན་ནི་རེད། ཁོ་ལ་སྐྱེ་མན་ཞིག་ཡོད་པ་དེ་ཡང་མིང་་ཚེ་བརྟན་ཟེར། མོ་ཡང་སློབ་གྲྭ་འདིའི་འཛིན་གྲྭ་བརྒྱད་པའི་དབྱིན་ཇིའི་སློབ་དགེ་ཡིན། ཁོ་གཉིས་ལ་ཕྲུ་གུ་གཉིས་ཡོད་པའི་ཆེ་བ་བུ་མོ་ཞིག་ཡིན། དེའི་མིང་ལ་ནོར་བུ་སྒྲོལ་མ་ཡིན། མོ་དབྱིན་ཇིའི་སློབ་གྲྭ་ན་ཡོད་པས་འདིར་བསྡད་མེད། ཆུང་བ་དེ་བུ་ཞིག་ཡིན་པས་ངག་དབང་རྡོ་རྗེ་ཟེར། སྐྱེས་ནས་ཟླ་གསུམ་ལས་འགྲོ་མེད། ལུས་ཚོན་པོ་མགོ་ཆེན་པོ་ཅན་ཞིག་ཡིན།
དེ་ནས་ཕྱིར་ཡོང་བཞིན་པའི་སྐབས་ལམ་བར་ནས་རྒན་བདག་རྡོ་རྗེ་རྒྱལ་མཚན་གྱིས་ང་ལ་འདི་འདྲ་ཞིག་ལབ་སོང་། རྒན་དངོས་གྲུབ་ཉལ་ཁང་གི་འོག་སྒོ་ནས་མ་ཡོང་བར་ཉི་ཐོག་གི་གློ་སྒོ་ནས་འཛུལ་ཡོད་འདུག སུམ་ཐོག་གི་སྐས་སྒམ་ཁ་ན་སློབ་སྤྱི་ལ་ཅ་ལག་སྐྱེལ་མཁན་གྱི་རྒྱ་གར་ཞིག་ཡོད་པ་དེས་འགྲོ་ལམ་མ་ཤེས་པར་ལྷག་ཡོད་རེད། རྒན་ཡར་ཡོང་བ་རྒྱ་གར་བས་ཧ་གོ་ནས་སྒུག་ཡོད་རེད། རྒྱ་གར་བ་ནི་ལོ་བགྲེས་པོ་དང་ཅུང་སྐམ་པོ་ཞིག་རེད། མགོ་ལ་ལྕགས་སྒམ་ཞིག་ཀྱང་ཁུར་ཡོད་རེད། རྒན་ལགས་ཀྱིས་དོ་སྣང་མ་བྱས་པར་ཡར་འཛུལ་ཚེ་རྒྱ་གར་བ་དང་གདོང་ཐུག་བརྒྱབ་པ་རེད། གོས་དཀར་བོ་གྱོན་པའི་མི་གཟུགས་པོ་རིང་བོ་ཅན་དེ་རྒན་ལགས་ཀྱིས་གདོན་འདྲེ་རེད་བསམ་ནས་སྐྲག་ཐག་ཆོད་པ་དང་ཁ་ནས་ཨག་སྐད་ཤོར་བ་རེད།
རྒྱ་གར་བས་རྒན་ལགས་སྐས་གདང་ཐོག་ནས་འགྱེལ་སོང་བསམ་ནས་མགོ་ལ་ཁུར་བའི་ལྕགས་སྒམ་དེ་ས་ལ་བཞག་པ་དང་ཡོང་ནས་རྒན་ལགས་བསྐྱོར་བ་རེད། རྒན་དེ་བས་ཀྱང་ཞེད་ནས་དྲན་པ་ཐོར་བ་རེད། རྒྱ་གར་བས་ནག་ཁུང་ནང་ནས་ཅི་ཡང་མི་མཐོང་བས་རྒན་དྲུད་ནས་རྒྱབ་ལོག་གི་གློག་སྒྲོན་འོག་ལ་བཞག་པ་དང་སློབ་ཕྲུག་ཚོ་སྐད་གཏོང་གི་ཡོང་བ་རེད། ང་ཚོ་ཡོང་དུས་བུ་མོ་སྐོར་ཞིག་ཀྱང་འདུག་ལ་རྒྱ་གར་བས་རྒན་འབོད་ཀྱིན་འདུག སློབ་ཕྲུག་འདིས་ང་ལ་རྫུན་བཤད་དོན་མེད། ང་ཕྱིར་ནང་དུ་ཡོང་ནས་ཉལ་རྗེས་ཀྱང་བསམ་བློ་མང་བོ་བཏང་བ་ཡིན། རྒྱུ་མཚན་ནི་ཁོ་གཉིས་ཅི་ཕྱིར་བཟའ་འཁོན་བྱས་པ་དང་རྒན་ལགས་འདིར་འགྱེལ་དགོས་དོན་ཅི་ཡིན་གསལ་བོར་མ་ཤེས་པའི་རྐྱེན་གྱིས་རེད། ་་་་་་་་་་་་
སྤྱི་སྐད། སྒེར་སྤྱད།
་་་་་་་་་་་་་་་་་་་་་་་་་་་་་་་
ཁ་རྩང་། མདང་།
ལྒང་ལི། སྤོ་ལོ།
འགྲན་བརྡུར། འགྲན་སྡུར།
གློག་འོད། གློག་སྒྲོན།
ངའི་བསམ་འཆར་ལ། དགག་པ་གནང་ན། དགའ་བསུ་ཡོད་ལགས།
ལྷ་འདྲེ་ལ་ཡིད་ཆེས་མི་བྱེད་མཁན་ཞིག་གློ་བུར་དུ་འདྲེ་འཁྲུལ་ལ་འདྲོག་ནས་དྲན་མེད་བརྒྱལ་སོང་འདུག དམངས་ཁྲོད་ཀྱི་འུག་པའི་རྫུན་དྲུག་འདྲ་ཞིག་རེད།
ཨ་ཁུ་འདིས་སྒྲུང་ཅང་འབྲི་ས་མ་རེད་དུས་ཚོད་ཁྲོག་བརླག་རེད། དེ་ལས་ཁ་འདོན་འདྲ་བྱ་ན་ལེགས།
ཁ་རྩང་་ནི་་་་་་ཁ་སང་དང་དོན་གཅིགཡིན། ཉིན་མོ་ལ་གོ་དགོས།
མདང་ནི་ཁ་སང་དང་འདྲ་ཡང་དོན་གཅིག་མིན་་་་་མཚན་མོ་ལ་གོ་དགོས།
ལྒང་ལི་ནི་བོད་སྐད་ཡིན། ་་་་་་བོད་ལ་ཁ་སྐད་དང་ཡིག་སྐད་གཉིས་ཡོས།
ཕ་སྐད་གཙང་མ་བཤད་རྒྱུར་སྣང་ཆུང་གཏན་ནས་བཤད་མི་ཉན།
སྤོ་ལོ་ནི་དབྱིན་སྐད་ཡིན་་་་་བོད་ལ་ཟུར་ཆགས།་་་་་ལྒིང་ལི་ལ་གོ་ན་འགྲིག
འགྲན་བརྡུར་ནི་་་་་་འགྲན་བསྡུར་དང་དོན་གཅིག་་་་་་་་
འགྲན་སྡུར་ནི་་་འགྲན་པར་སྨོན་པའམ་་སྐུལ་ཚིག
གློག་འོད་ནི་་་་་་གློག་སྒྲོན་མིན། ་་་གང་གློག་འོད་ལས་བྱུང་བའི་འོད་ལ་ཟེར།
གློག་སྒྲོན་་་ནི་གློག་མིན་་་་་་་་གང་གློག་འོད་འབྱུང་སའི་་གློག་ཞུན་ལ་གོ
བརྡ་གསར་རྙིང་དང་་་་་་ཁ་སྐད་དང་ཡིག་སྐད་་་་་ཟུར་ཆགས་སོགས་པ་སྦྱང་ནས་བྱང་ཆུད་པར་བྱོས་ཤིག
བསྟན་འཛིན་རྒྱལ་པོ་ནས་གསུང་བ་བདེན།
ངས་འདྲེ་སྒྲུང་འབྲི་མི་ཤེས།
མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་བསྡད་ན་མི་འགྲིག
ངས་རྩོམ་འབྲི་བ་ལ་སྦྱང་གི་ཡོད།
དངོས་པོ་གང་ཞིག་ཡིན་ཡང་འགྱུར་ལྡོག་ཡོད་པ་ནི་ཆོས་ཉིད་ཅིག་རེད།
ཆོས་ཉིད་འདི་ངེས་པར་དུ་ཤེས་དགོས།
དངོས་པོ་དང་གང་ཟག་ལ་ལ་རྟག་པ་རང་བྱུང་བ་ཞིག་ནང་པ་ཚོས་མི་འདོད།
དེས་རྐྱེན་གྱིས་སྔར་འདྲེ་ཁས་མི་ལེན་པ་ཞིག་ཕྱིར་སུ་འདྲེ་ཁས་མི་ལེན་རང་ལེན་དུ་གྱུར་པར་དངོས་སྟོབས་རིག་པ་ལ་བརྟེན་ནས་ངས་སྒྲུབ་ཀྱིན་ཡོད། མ་ཐ་ཡང་སྒྲུང་ཆ་ཚང་ལ་གཟིགས་ནས་ལན་བརྒྱག་རོགསཞུ་བ་ཡིན།
དེང་སང་རྒྱལ་པོ་་་རྩ་རྫོགས་བྱས་ཟིན་པ་རེད་་་་་་རང་རྒྱ་བོ་་་་མིན་ནམ་་་་་ཡིག་ནོར་ཡིན་ས་རེད་་་ཧ་ཧཧ་
ཀུ་རེ་ཡིན་་་གྲོགས་པོ་་་
ཁ་རྩང་དང་། ཁ་སང་གཉིས་དོན་གཅིགན་ཡང་། Yesterday མདང་གཅིག་ཐད་པར་མཐོང་།
ལྒང་ལི་དང་། སྤོ་ལོ་གོ་ས་གཉིས་སོ་སོར་ཡོད།
སྤོ་ལོའམ་པོ་ལོ་ནི། བོད་སྐད་གཙང་མ་རེད། དཔེར་རྟ་རྟ་རྩེད་པོ་ལོ་བཞིན་ནོ།
འགྲན་བརྡུར་ནི་་་་་་འགྲན་བསྡུར་དང་དོན་གཅིག་་་་་་་་ ཨ་་ཡིན་ནམ། ཁུངས་འཁྱེར་ཤོག
གློག་ཐག གློག་རྐུད། གློག་འོད། གློག་འཕྲུལ། ཆུ་གློག སྐམ་གློག་སོགས་ཡོངས་སུ་གྲགས་ཟིན་པ་རེད་དོ།། །།
གཅིགན་ཡང་། འདི། ཡིན་ན་ཡང་བཅོས། དཔེར་རྟ་རྟ་རྩེད་པོ་ལོ་་་ འདི། དཔེར་ན་རྟ་རྩེད་པོ་ལོ་་་ལ་བཅོས་ནས་གཞན་ངའི་ནོར་འཁྲུལ་གང་བྱུང་བ་ལ་ཐེར་འདོན་བྱས་ན། དགའ་བསུ་ཡོད་དོ།། །།
འདྲེ་སྒྲུང་ཉོབ་ཏོ་ཞིག་འདུག འདྲེ་སྒྲུང་ཟེར་ན་མགོ་བཙུགས་དུས་གཅིན་པ་འཆོར་བ། བར་དུ་བསླེབས་དུས་སྟུག་དྲི་འཆོར་བ། མཇུག་ལ་བསླེབས་དུས་སྐྱག་པ་འཆོར་བ་ཞིག་འབྲི་དགོས་པ་རེད།
ཀླུ་སྨྱོན་ལགས། སྔོན་མ་ངས་ཁྱེད་ཀྱི་སྔགས་སྒྲུང་དངངས་སྐྲག་ལྗིད་པོ་ཞིག་ཀློག་མྱོང་། མར་ཙམ་ནས་ཀློག་པ་མིན་པར་ལྟད་མོ་ཞེད་སྣང་ཚ་པོ་ཞིག་བལྟས་པ་ནང་བཞིན་བྱུང་། ད་ཐེངས་ཁྱེད་ཀྱིས་ཀོ་ཐག་མ་གློད་ན་ཕོ་ཡིན།
ངས་འདྲེ་སྒྲུང་འབྲི་དུས་འདྲེ་དེ་ཚོ་རང་ཉིད་ཀྱིས་མཐོང་བཞིན་པའི་ཚོར་སྣང་བསྐྱེད་དེ་འབྲི་གི་ཡོད་པས། སྐབས་མང་པོར་འདྲེ་སྒྲུང་འབྲི་དུས་སེམས་ནང་དངངས་སྐྲག་ལངས་ཏེ་ལུས་ཀྱི་བ་སྤུ་གཟེངས་ཡོང་གི་འདུག སྤྱིར་ན་སྒྲུང་འབྲི་དུས་རང་ཉིད་ལ་ཚོར་བ་དེ་མེད་ན་ཀློག་པ་པོའི་ཡིད་འགུག་མི་ཐུབ་ཐག་ཆོད་རེད།
སེམས་ནས་གང་དྲན་འཛུབ་རྩེ་ནས་ཐོན་མཁན་ཞིག་ཡིན་ན་ཁྱེད་ཀྱི་གསུང་དེ་མད།
ཆགས་བྱ། འགྲོ་བྱ། བསྡད་བྱ། ལྟ་བུའི་སྐབས་ཀྱི་བྱ་དེ་ནི་བཞག་ཡིན་པ་རེད། ཆགས་བཞག། འགྲོ་བཞག། བསྡད་བཞག་ལྟ་བུ་རེད། དེ་རིང་འདིར་འབྲི་དགོས་དོན་ནི། ཁྱེད་རང་གཅིག་པོ་ལ་མིན། ཁ་བརྡ་ཚང་ན་འདིའི་སྐོར་གྱི་དཀའ་ངལ་ཅན་སྐྱག་པ་ལས་འབེལ་པོ་འདུག། བྱས་ཙང་དེ་འདྲ་ཞིག་འབྲི་ཤོར་སོང་།
ཀརྡོ་ལ་བཀའ་ལེན་ཡག་པོ་ཁ་གསལ་ཞིག་སྤྲད་འདུག་བསམ། དེ་དང་ལྷན་དུ་མིང་དོན་དང་སྐད་ཡིག་ལ་ཡང་ཡག་པོ་ཡོད་པའི་སྣང་བ་ཞིག་འཁོར། དེ་ནི། ང་ཆེས་དགའ་ས་དེ་ཡིན།
སྒྲུང་རིང་ཆ་ཚང་ཀློག་པའི་ངལ་བ་མ་ཡོད་ཐལ། མགོ་རུ་མགོ། ཞབས་རུ་ཞབས། བར་རུ་བར་ནས་མྱིག་བལྟས་ཤར་ཤར་རེ་བྱས་ཡོད། ད་ཕྱི་དང་ད་འགས་ནི་དོན་གཅིག་དང་། ད་འི་དང་ད་ད་གཉིས་ཡང་དོན་གཅིག་དུ་འདོད་པས། དུས་སྔ་གཞུག་གི་ཁྱད་པར་ཡོད་པ་རེད། ཁྱེད་ཀྱི་སྒྲུང་རིང་ན་གོ་ནོར་ཞིག་ཡོད་པའི་ཟུར་ཙམ་རིག།
འདྲེ་བཤད་འབྲི་བ་ལ་ཁ་སྐད་དང་ཤ་གསེང་གི་ཚོར་བ་སྐྲག་དངངས་བ་དེ་ཡིག་ཐོག་ལ་ཕབས་དགོས་བས། བོད་སྐད་བོད་ཡིག་ཡར་རྒྱས་འགྲོ་བ་ལ་ཕན་སྲིད་པ་ཞིག་རེད་འདོད་པས། ཤུགས་རྒྱོབས་ཞུ་འདོད་བྱུང་།