ཨོ་གླིང་། འདྲེ་གླེན་པ།
སྐྱ་མདའ་བཀྱག་ཁར།
ང་རང་ཁུ་སིམ་མེར །
སྦྲ་མཐའ་བཀྱོགས་ནས་ཕྱིར་ལོག
རི་ཁའི་ལམ་ཕྲན་དེ་ནས།
ཉི་འོད་ཕྱོགས་སུ་འཐོར་དུས།
ང་ལ་འདང་རྒྱག་གསར་བ་ཞིག་སླེབས།
ཁག་མེད །
མདང་ནུབ་ང་འགྲོ་ཁར།
མྱི་ཁྱི་གཉིས་ཀྱིས་ཚོར་མེད །
ད་དུང་།
ནང་དུ་སླེབས་རྗེས།
མ་རྒན་དང་སྲིང་མོའི་ངོ་ལ་བལྟ་དགོས།
མ་ཟད་ཕ་རྒན་ལ་ཡང་ངོ་ཅུང་ཟད་ཚ་དགོས།
མདང་ནུབ་ཀྱི་མི་དེ།
ང་ལ་མཚོན་ན་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་མོད།
ང་ནི་གདོང་མི་མངོན་པའི་གྲིབ་མ་ཞིག་ཡིན་པ་ལས།
གཞན་ཅི་ཡང་མིན།
ཅིག་བྱས་ན།
མི་དེས་ད་ལྟ །
འབྲི་དང་མཛོ་མོ་གང་རུང་ཞིག་བཞོ་བཞིན།
མདང་ནུབ་ཀྱི་བདག་གི་ཕྱོགས་སུ་བསམ་བློ་གཏོང་གི་ཡོད་སྲིད།
5/9 / 2017.