ལྡོང་ཆུ་ཤེལ། ༼སྐད་འཕྲིན་ལས་བཤུས་པའོ།། ༽
དོགས་དཔྱོད་དང་པོ།
དེ་ཡང་སྟོན་པའི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་མཐའ་དག་ལ་རིགས་ལམ་དྲི་མ་མེད་པས་དཔྱད་ནས་ཡིད་ཆེས་ཀྱི་ངེས་པ་རྙེད་པའི་སྟེང་ནས་འཇུག་དགོས་པ་ནི་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བའམ་རིགས་པའི་རྗེས་སུ་འབྲང་བ་དག་གི་ལས་སུ་བྱ་བ་ཡིན་ནོ་ཞེས་ལུང་གི་རྒྱབ་རྟེན་དང་བཅས་ཏེ་མང་པོ་ཞིག་གི་ཁ་ན་རླུང་ལྟར་གྲག་གོ།།
དེས་ན་ཁོ་བོས་འདིར་བརྗོད་འདོད་པ་ནི་བོད་ཀྱི་མཁས་མི་མཁས་ཐམས་ཅད་ཀྱི་ཁ་བྱང་ལག་བྱང་དུ་གྱུར་ཅིང་། སྟོན་པ་སངས་རྒྱས་ཀྱི་བཀའ་ཡིན་ན་བསྲེགས་བཅད་བརྡར་གསུམ་གྱིས་གསེར་ལ་བརྟག་པ་ཇི་བཞིན། ལུང་དོན་ལ་ཚད་མ་གསུམ་གྱིས་ཡང་དང་ཡང་དུ་དཔྱད་ནས་ཁས་ལེན་པ་ལས་རང་གར་ཁས་མི་ལེན་པར་གདམས་པའི་ཚིགས་བཅད་ཅིག་ཡོད་པ་ནི། འདི་ལྟར། “དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །”ཞེས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། “ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །”ཅེས་པ་ལ་སོགས་པ་ཡིན་ནོ།།
འོ་ན་གོང་དུ་དྲངས་པའི་སངས་རྒྱས་ཀྱི་གསུང་ཚིག་ཤོ་ལོ་ཀ་གཅིག་པོ་དེ་སྟོན་པས་གནས་གང་ཞིག་ཏུ་འཁོར་སུ་ཞིག་ལ་བཀའ་བསྩལ་པ་ཡིན་ནམ་ཞེས་དྲིས་ཚེ། མཁས་པར་རློམ་པ་ཕལ་མོ་ཆེ་ཞིག་ཁ་མུག་མུག་ཙམ་གྱིས་སྨྲ་བ་འགགས་ནས་ལྐུགས་པར་འགྱུར་ངེས་པ་ཁོ་བོས་ཡིད་ཚོད་བྱས་ཆོག་གོ།།
དེས་ན་འགའ་རེས་ཇི་སྐད་དུ་ཞེས་པ་ཙམ་གྱིས་ལུང་ཚིག་དེ་འདྲེན་རྐྱང་བྱེད་བཞིན་ཡོད་པ་དང་། མང་པོ་ཞིག་གིས་མདོ་ལས་ཞེས་པ་ཙམ་མ་གཏོགས། མདོ་གང་གི་ནང་དུ་གསུངས་ཡོད་པ་འཆད་རྒྱུ་མེད་ལ། ཞུ་ཆེན་པ་ཚུལ་རིན་སོགས་མཁས་པ་སྐོར་ཞིག་གིས་ཆོས་མངོན་པའི་མདོ་ལས་ཞེས་གསུངས་པ་དང་། ཡང་མཁས་པ་ལ་ལས་སྟུག་པོ་བཀོད་པའི་མདོ་ལས་ཞེས་བྲིས་ཡོད་ནའང་། དོན་དམ་དུ་སྟུག་པོ་བཀོད་པའི་མདོར་ཚིགས་བཅད་དེ་འདྲ་བ་ཞིག་གཏན་ནས་མི་སྣང་ངོ་།།
གཅིག་བྱས་ན། བོད་འགྱུར་གྱི་མདོ་དེ་ལ་བམ་པོ་བཞི་དང་ལེའུ་དགུ་བཞུགས་པ་དང་། ལེའུ་དགུ་པ་དེ་ཡང་གཤམ་ནས་ཁ་མི་ཚང་བའི་བཤད་ཚུལ་ཡོད་ལ། ད་དུང་མདོ་དེ་སྟོང་ཕྲག་བཅུ་གཉིས་པའི་རྒྱན་སྟུག་པོ་ལས་ཇི་སྙེད་པའི་མདོ་ཡིན་པ་ལས། སྟུག་པོ་བཀོད་པའི་མདོ་ཁ་ཚང་ནི་མིན་པར་ངེས་སོ།།
བོད་འགྱུར་མ་ཡིན་པའི་སྟུག་པོ་བཀོད་པ་གཞན་ཞིག་ཏུ་ཡོད་ན་ནི་བརྟག་པར་བྱ་དགོས་པ་ཡིན་ལ། དེ་མིན་བསྟན་པ་ཕྱི་དར་གྱི་སྐབས་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ནས་དེང་གི་བར་བྲིས་མ་དང་པར་མའི་རྒྱུན་ཇི་སྙེད་ཅིག་བཞུགས་པའི་ཁྲོད་དུ་སྟུག་པོ་བཀོད་པར་ཚིག་དེ་འདྲ་ཞིག་མ་བྱུང་ཞིང་། མདོ་དེ་ལ་འགྱུར་མི་འདྲ་བ་གཞན་ནི་ཕལ་ཆེར་མ་བྱུང་བ་འདྲ་ཡང་། ད་དུང་བརྟག་དཔྱད་དང་འཚོལ་ཞིབ་བྱེད་རྒྱུ་གལ་ཆེའོ།།
འདྲེན་བྱེད་དངོས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པར་རྣ་ཐོས་ཙམ་གྱིས་གཡམ་ལ་རྒྱུག་པ་འདི་མཁས་ཉམས་སུ་མི་ཆེ་ནའང་། གནའ་ནས་དེང་གི་བར་བོད་ཀྱི་སྲོལ་དུ་གྱུར་ཡོད་པས་ཐབས་ཅི་ཡོད། དེས་ན་ཁོ་བོས་མཚམས་འདིར་སྐད་གསང་མཐོན་པོས་བརྗོད་རྒྱུ་ཞིག་ལ། ཚིགས་བཅད་འདི་རྒྱན་སྟུག་པོ་བཀོད་པའི་ལུང་ཚིག་ལྟ་ཅི། ཐ་ན་ཚིགས་སུ་བཅད་པ་འདི་ཇི་མ་ཇི་བཞིན་ཞིག་ད་སྔར་ལག་སོན་བྱུང་བའི་བཀའ་མདོ་རྒྱུད་གང་དུའང་མི་རྙེད་ལ། ད་དུང་མཁས་པ་འགའ་རེས་ལང་ཀར་གཤེགས་པའི་མདོ་ལས་ཞེས་འཁོད་ཡོད་པའང་མཐོང་མོད། བཀའ་འགྱུར་དུ་ལང་གཤེགས་ཀྱི་ཆོས་ཚན་གཉིས་བཞུགས་པའི་ནང་དུ་ལུང་ཚིག་འདི་འདྲ་ཞིག་གཏན་ནས་མེད་དོ།།
འོན་ཀྱང་། གསང་སྔགས་ཀྱི་རྒྱུད་གསར་རྙིང་རྣམས་སུ་ཚིག་ཟུར་མི་འདྲ་བ་ཙམ་མ་གཏོགས་དོན་འདྲ་བ་གཅིག་མིན་དུ་མར་བྱུང་སྟེ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་གཉིས་ཀྱིས་བསྒྱུར་བའི་《དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་》(སྡེ་པར་བཀའ་འགྱུར། རྒྱུད་འབུམ། ༼ག༽ ལྡེབ་༢༡༦སྲིབ་ཕྲེང་༦པ་)ལས། “བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པ་འམ། །གཞན་གྱིས་མཁས་པ་འཇུག་མི་བྱ། །”ཞེས་དང་། གུ་ཧྱ་གསང་བ་དང་འབྲོག་མིས་བསྒྱུར་བའི་སྔ་འགྱུར་《མ་མོའི་ལམ་རྒྱུད་ལུང་》(སྡེ་པར་རྙིང་རྒྱུད། ༼ཟ༽ ལྡེབ་༣༠༤སྲིབ་ཕྲེང་༥པ་)ལས། “དཔའ་བོ་དག་གམ་རིག་འཛིན་གྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་མ་མོའི་ལམ། །བླང་བར་བྱ་ཡི་མོས་པ་འམ། །དད་པ་ཙམ་གྱིས་འཇུག་པ་མིན། །”ཞེས་དང་། ཡང་སྔ་འགྱུར་གྱི་རྒྱུད་ཤྲཱི་སིངྷ་དང་། བཻ་རོ་ཙ་ནས་བསྒྱུར་བའི་《བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་རིན་པོ་ཆེའི་ཕྲེང་བ་བང་མཛོད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་》(སྡེ་པར་རྙིང་རྒྱུད། ༼ཆ༽ ལྡེབ་༡༦༡ཉིན་ཕྲེང་༥པ་)ལས། “ཁྱོད་ལ་སོགས་པའི་འཁོར་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །”ཞེས་གསུངས་ཡོད་ལ། གོང་གི་འཕྲུལ་ལྡེའི་ལུང་འདིའི་རྐང་པ་དང་པོ་དང་། རྐང་པ་གསུམ་པའི་ཡོངས་སུ་ཞེས་པ་མ་གཏོགས་ཡོངས་གྲགས་ཀྱི་ལུང་དེ་དང་འདྲ་བ་ཡིན་ནོ།།
ད་དུང་《བསྟན་འགྱུར་》ཁྲོད་དུའང་བྱུང་ཡོད་དེ། 《བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད། ༼ད༽ ལྡེབ་༢༣༢སྲིབ་ཕྲེང་༤པ་)ལས། “ཡོངས་སུ་བརྟག་པ་དང་བྲལ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་དུ་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་གསུང་ནི་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ། །”ཞེས་གསུངས་ཡོད་ལ། ཆོས་ཚན་འདི་ལི་ཐང་དང་སྡེ་དགེའི་《བཀའ་འགྱུར་》ཁྲོད་དུའང་བཞུགས་ཡོད་དོ།།
གཞན་ཡང་། 《དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ》(སྡེ་པར་བསྟན་འགྱུར། རྒྱུད། ༼ཛ༽ ལྡེབ་༡༢སྲིབ་ཕྲེང་༦པ་)ལས། “འདིར་གལ་ཏེ་དེ་སྲིད་སྐྱོན་མེད་ཀྱང་། དེའི་ཚེ་འདིར་སློབ་དཔོན་དུ་མའི་དགོངས་པ་འདིར་བཅུག་པ་དེ་ལ་སྐྱོན་ཡོད་དོ། །སྨྲས་པ། ཕྱི་མའི་ཚེ་ཕྱི་མའི་དུས་སུ་གང་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ལ་གནས་པའི་སློབ་དཔོན་དེ་རྣམས་ཀྱི་ཡང་དག་པར་ཡིད་ཆེས་པར་བྱ་བའི་དོན་དུ། སློབ་མ་སྣ་ཚོཊ་ལ་གནས་པའི་དགོངས་པ་རྣམས་ཀྱི་གཅིག་ནས་གཅིག་ཏུ་བརྒྱུད་པ་གཅིག་ལ་གཅིག་མངོན་པར་འདོད་པ་རྣམས་ཀྱིས། དེ་ལྟར་སློབ་དཔོན་གྱི་དགོངས་པ་ལ་ཡང་དག་པར་ཡིད་མི་ཆེས་པ་དེའི་ཕྱིར་དེ་རྣམས་ཀྱིས་བཅུག་པའི་དོན་ཏོ། །གཞུང་འདིར་བྱས་པའི་སློབ་དཔོན་སྣ་ཚོགས་ཀྱི་བཞེད་པ་གསུངས་པ་ལ་མོས་པ་རྣམས་ཅིག་ཅར་དུ་རྣམ་པར་དཔྱད་པ་ན། གང་དང་གང་ལ་རང་གི་སེམས་ཀྱིས་བསམས་པ་དེ་དང་དེ་ལ་འདི་བསྟན་ཏོ། །དེའི་ཚེ་གལ་ཏེ་བློ་གྲོས་དང་ལྡན་པས་དེ་བཞིན་གཤེགས་པའི་གསུང་གོ་བར་འགྱུར་རོ། །དེ་བཞིན་དུ་ཡང་། བསྲེགས་བཅད་བདར་བའི་གསེར་བཞིན་དུ། །དགེ་སློང་དག་གམ་མཁས་པ་ཡིས། །ཡོངས་སུ་བརྟགས་ནས་བླ་མའི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བྱ་བས་སྐྱོན་མེད་དོ། །”ཞེས་ཀྱང་གསུངས་ཡོད་དོ།།
ད་དུང་དེ་ལས་ཀྱང་རྒྱུན་དུ་ལུང་འདྲེན་བྱེད་པ་དེ་དང་ཆེས་འདྲ་བ་ནི། སློབ་དཔོན་ཞི་བ་འཚོས་མཛད་པའི་《དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་》(སྡེ་པར་བསྟན་འགྱུར། ཚད་མ། ༼ཟེ༽ ལྡེབ་༡༣༠སྲིབ་ཕྲེང་༧པ་)རུ། “དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །”ཞེས་པའི་ཚིགས་བཅད་འདི་བྱུང་ཡོད་ལ། ཚིག་འདི་གང་ནས་དྲངས་པར་གསལ་ཁ་མེད་ནའང་སངས་རྒྱས་ཀྱི་གསུང་ཡིན་མིན་ལ་ཐེ་ཚོམ་བྱེད་མི་དགོས་ཏེ། ཚིགས་བཅད་འདིའི་གོང་དེ་མ་ཐག་ཏུ་”བདག་ཉིད་ཆེན་པོ་གང་དག་གིས། །གང་གསུངས་རིགས་ལྡན་དོན་ཉིད་དང་། །བདག་ལ་དེ་དོན་ནུས་པ་ནི། །གསལ་བར་ངེས་པར་མཛད་པ་ཡིན། །མུ་སྟེགས་ངན་གླང་ཆེས་སྨྱོས་པའི། །དྲེགས་པ་ཉམས་པར་མཛད་པ་ཅན། །སྐྲག་པ་མ་ལུས་མི་མངའ་བ། །འདི་ལྟར་དེ་དག་སེང་སྒྲ་སྒྲོགས། །དགེ་སློང་དག་གམ་མཁས་རྣམས་”ཞེས་གསུངས་ཡོད་ལ། ཀ་མ་ལ་ཤཱི་ལས་མཛད་པའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་དུ་གཟིགས་ཚེའང་ཅུང་ཟད་ངོ་འཕྲོད་ཡོང་། དེས་ན་བོད་ཀྱི་མཁས་པ་རྣམས་ཀྱིས་ལུང་འདྲེན་བྱས་པ་དག་ཀྱང་ཕལ་ཆེར་འདི་ལ་བརྟེན་ནས་དྲངས་ཀྱང་སྲིད་ལ། རྒྱུ་མཚན་ནི་ཡོངས་སུ་ཞེས་པའི་ཡིག་འབྲུ་གཉིས་མ་གཏོགས་འདྲ་བས་སོ།།
དེས་ན་འདིར་བསྟན་འགྱུར་དུ་བྱུང་ཡོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་དྲངས་ན། སློབ་དཔོན་རབ་ཏུ་དགའ་བའི་འབྱུང་གནས་གོ་ཆས་མཛད་པའི་《དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་བཤད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད། ༼ཇི༽ )ལས། “འདི་ཉིད་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བ་གསེར་བཞིན་དུ། །ཡོངས་སུ་བརྟགས་ཏེ་ང་ཡི་བཀའ། །བླང་བར་བྱ་ཡང་གུས་ཕྱིར་མིན། །ཞེས་བྱ་བ་གསུངས་སོ། །”ཞེས་དང་། སློབ་དཔོན་དྲི་མེད་སྦས་པས་མཛད་པའི་《དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད།༼ཏི༽ )
ལས། “གང་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །རིགས་པས་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །”
ཞེས་དང་། མཁས་པ་ཆེན་པོ་རཏྣཱ་ཀ་ར་ཤནྟིས་མཛད་པའི་《དཔལ་གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད། ༼བི༽ )ལས། “དེ་ལྟར་ན། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །”ཞེས་དང་། སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་《དེ་ཁོ་ན་ཉིད་བཅུ་པའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད། ༼ཝི༽ )ལས། “དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུང་རབ་ལས་སོ། །”ཞེས་དང་། སློབ་དཔོན་འཕགས་པ་ལྷས་མཛད་པའི་《དུག་ལྔ་སྤངས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད། ༼ཟི༽ )ལས། “དེ་ཡང་གསུངས་པ། བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ཏེ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །”ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་《རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད། ༼ཟི༽ )ལས། “གཞན་ཡང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་འབྱུང་བ་དང་།” ཞེས་དང་། འཇམ་པའི་དབྱངས་མིའི་དབང་པོ་གྲགས་པས་མཛད་པའི་《རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ཡོངས་སུ་བརྟག་པ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད། ༼ཝུ༽ )ལས། “སྲེགས་བཅད་བརྡར་བས་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུངས་བླང་བྱ་དགེ་སློང་རྣམས། །གུས་པ་ཙམ་གྱིས་མ་ཡིན་ནོ། །”ཞེས་དང་། སློབ་དཔོན་ཆེན་པོ་འཕགས་པ་ལྷས་མཛད་པའི་《ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། དབུ་མ། ༼ཚ༽ )ལས། “བསྲེགས་བཅད་བདར་བའི་གསེར་བཞིན་དུ། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །”ཞེས་དང་། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་《ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བའི་བཤད་སྦྱར་》(སྡེ་པར་བསྟན་འགྱུར། དབུ་མ། ༼ཚ༽ )ལས། “བསྲེགས་བཅད་བདར་བའི་གསེར་བཞིན་དུ། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །”ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། ཚད་མ། ༼ཝེ༽ )ལས། “འདི་ནི་བཅོམ་ལྡན་འདས་ཀྱང་བཞེད་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བས་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟ་བུའོ། །”ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། ཚད་མ། ༼ཟེ༽ )ལས། “འདི་ནི་བཅོམ་ལྡན་འདས་ཀྱང་བཞེད་པ་ཡིན་ཏེ། ཇི་སྐད་དུ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བས་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་བཞིན་ནོ། །”ཞེས་པ་ལ་སོགས་པ་ཡིན་ནོ།།
དོགས་དཔྱོད་གཉིས་པ།
གཞན་ཡང་གནའ་དེང་གི་མཁས་པ་མང་པོ་ཞིག་གིས་རང་ཉིད་ཀྱིས་བརྩམས་པའི་བསྟན་བཅོས་སོགས་ཀྱི་མཇུག་ཏུ་དགེ་བསྔོའི་ཕན་ཡོན་བརྗོད་སྐབས་ཀུན་གྱིས་ལུང་འདྲེན་པའི་ཚིགས་བཅད་ཅིག་སྟེ། “ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་སྐེམས་བར་དུ་དེ་མི་སྐེམས། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །”ཅེས་པ་འདི་ཡིན་ལ། འདི་དང་ཚིག་ཟུར་ཅུང་མི་འདྲ་བ་གཞན་འདྲེན་མཁན་ཡང་མང་། ཚིགས་བཅད་འདི་ཡང་གོང་དང་འདྲ་བར་འགའ་ཞིག་གིས་མདོ་ལས་དང་། ཇི་སྐད་དུ་ཞེས་པ་ཙམ་དང་། འགའ་རེས་《བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་》ལས་ཞེས་ལུང་ཁུངས་ཇེ་གསལ་དུ་བཏང་བའི་ཚུལ་གྱིས་ལུང་ཚིག་དེ་ཤར་གྱིས་འདྲེན་པར་བྱེད་དོ།།
འོན་ཀྱང་། བཀའ་འགྱུར་དུ་བཞུགས་པའི་《འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་》ལ་བམ་པོ་བཅུ་དང་། ལེའུ་བཅུ་གཉིས་བཞུགས་ཤིང་། དེའི་ནང་དུ་གོང་གི་ཚིགས་བཅད་དེ་ལྟ་བུ་ཞིག་རྩ་བ་ཉིད་ནས་མེད་ལ། མདོ་དེ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། བུདྡྷ་པྲ་བྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པར་དཀར་ཆག་རྣམས་སུ་ཡོངས་གྲགས་ཡིན་པས་འགྱུར་གཞན་ཡང་མེད། འདིའི་ལེའུ་དགུ་པ་ནི་བསྔོ་བའི་ལེའུ་ཡིན་མོད། དེ་ཡང་ཚིག་ལྷུག་གི་རྣམ་པ་ཅན་ཡིན་པ་དང། རྒྱ་མཚོ་དང་ཆུ་ཐིགས་ཀྱི་དཔེར་བྱས་ནས་བསྔོ་བའི་ཕན་ཡོན་སྟོན་པའི་ཚིག་ཀྱང་བཙལ་ནས་མི་རྙེད་དོ།།
དཔེར་ན། འཇིགས་མེད་གླིང་པས་མཛད་པའི་རྙིང་རྒྱུད་དཀར་ཆག་གི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་སྐབས་སུ། “དེ་སྐད་དུ་བློ་གྲོས་རྒྱ་མཚོས་ཞུས་པར། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་པ་དང་ཚུལ་མཐུན་པ་བློ་གྲོས་མི་ཟད་པའི་མདོར་ཡང་འབྱུང་བ་ཡིན་ནོ། །”ཞེས་གསུངས་ཡོད་པ་ལྟ་བུ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པར་ལུང་ཚིག་དེ་མེད་པ་གོང་དུ་བརྗོད་པ་ལྟར་ཡིན་ལ། འོན་ཀྱང་། བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བའི་མདོར་དེ་དང་ཚུལ་མཐུན་པར་བྱུང་བ་ཤིན་ཏུ་བདེན། མདོ་དེ་ཉིད་ལས།(སྡེ་པར་བཀའ་འགྱུར། མདོ་སྡེ། ༼མ༽ ལྡེབ་༡༠༧ཉིན་ཕྲེང་༡པ་) “བཙུན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུགས་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུགས་པར་འགྱུར་བ་གང་ཡང་མེད་དོ། །”ཞེས་གསུངས་ཡོད་དོ།།
བསྔོ་བའི་ཚིགས་བཅད་འདི་ལུང་འདྲེན་བྱེད་སའི་མདོ་དེ་ལའང་། འགའ་རེས་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཞེས་པ་དང་། ལ་ལས་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཞེས་པ་དང་། ཡང་ལ་ལས་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་ཞེས་རིགས་མི་འདྲ་བ་གསུམ་བྱུང་ཡང་དེ་དག་གི་མཚན་བྱང་ཅུང་ཟད་འདྲ་བས་ནོར་བར་ཟད།
བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ནི་གོང་ལྟར་ཡིན་ལ། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ནི་དཀོན་བརྩེགས་ཀྱི་ལེའུ་གཅིག་ཡིན་ཞིང་། དེའི་ཚད་ནི་བམ་པོ་གཉིས་ཡོད་མེད་ཙམ་ཡིན། བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལ་བམ་པོ་བདུན་བཞུགས་པ་ཡིན། མདོར་ན་གོང་གི་ཚིགས་བཅད་ཇི་ལྟ་བ་ཞིག་མདོ་དེ་གསུམ་ཀར་མེད་དོ།།
འོན་ཀྱང་། གོང་གི་ཚིགས་བཅད་དེ་དང་ཆ་འདྲ་བ་《བསྟན་འགྱུར་》ལས་བྱུང་སྟེ། མཁས་པ་ཨཱརྱ་ཤཱུ་རས་མཛད་པའི་《ཕ་རོལ་ཏུ་ཕྱིན་པ་བསྡུས་པ་》(སྡེ་པར་བསྟན་འགྱུར། དབུ་མ། ༼ཁི༽ ལྡེབ་༢༢༧ཉིན་ཕྲེང་༤པ་)ལས་བརྩོན་འགྲུས་ཀྱི་ལེའུའི་སྐབས་སུ། “རྒྱ་མཚོ་ཆེན་པོར་ཆུ་ཐིགས་གཅིག་བོར་བ། །རྒྱ་མཚོ་མ་ཟད་དུས་སུ་ཟད་མི་འགྱུར། །དེ་བཞིན་བྱང་ཆུབ་མཆོག་ཏུ་བསྔོས་པ་ཡི། །བསོད་ནམས་རྣམ་པ་ཟད་པར་འགྱུར་བ་མེད། །”ཅེས་པ་ལྟ་བུའོ།།
དེ་སྔོན་བདག་གིས་རྩོམ་འབྲི་བྱས་པའི་《བཀའ་འགྱུར་དཔེ་བསྡུར་མའི་དཀར་ཆག་ཆེན་མོ་ཟླ་བ་ནོར་བུའི་མེ་ལོང་》གི་པར་དུ་བསྒྲུབས་པའི་དགོས་པ་དང་ཕན་ཡོན་གྱི་སྐབས་སུའང་། སྔོན་བྱོན་མཁས་པའི་སྲོལ་བཞིན་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཞེས་ཚིགས་བཅད་དེ་དྲངས་ཡོད་པ་ད་ལྟ་བསམས་ན་ངོ་གནོང་བ་ཞིག་གོ།།
དོགས་དཔྱོད་གསུམ་པ།
ཡང་སློབ་དཔོན་པདྨ་འབྱུང་གནས་ལུང་དུ་བསྟན་པའི་ཚིག་ཡིན་ཟེར་ནས་རྙིང་ཕྱོགས་ཀྱི་མཁས་བླུན་མང་པོས་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་གྱི་ཆེ་བ་བརྗོད་པ་དང་འབྲི་བའི་སྐབས་སུ། མྱང་འདས་ཆེན་པོའམ་མདོ་སྡེ་མྱང་འདས་ལས་ཞེས་མདོ་ཚིག་ཅིག་རྒྱུན་དུ་ལུང་འདྲེན་བྱེད་བཞིན་ཡོད་པ་འདི་ལྟར། མདོ་སྡེ་མྱང་འདས་ལས། “ཤིང་སཱ་ལའི་གྲོང་རྩྭ་མཆོག་གཉིས་ཀྱི་བར་ན་བཅོམ་ལྡན་འདས་ལ་འོད་སྲུང་དང་། གཅུང་དགའ་བོ་མ་གཏོགས་པ་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནས་ཉེ་གནས་ཆེན་པོ་ཀཱ་ཏྱཱ་ཡཱ་ན་དང་། ཙུན་དྷ་དང་མ་འགགས་པ་དང་ཀུན་དགའ་བོ་རྣམས་ལ་བཀའ་སྩལ་པ། ང་ནི་ཡོངས་སུ་མྱ་ངན་ལས་འདའ་འོ། །ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །མདངས་ལྡན་དྲི་མེད་མཚོ་དཀྱིལ་ནས། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །”ཞེས་པ་དང་། ཡང་། “ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་དང་གཉིས་ཙམ་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །ང་བས་ལྷག་པའི་སྐྱེས་བུ་འབྱུང་། །”ཞེས་པ་ལ་སོགས་པ་འདི་ཡིན་ནོ།།
གོང་གི་འདི་ལྟ་བུ་ཡིན་ནའང་མདོ་སྡེ་མྱང་འདས་ཀྱི་ནང་དུ་རྩ་བ་ནས་མི་རྙེད། བོད་དུ་འགྱུར་བའི་མྱང་འདས་ཀྱི་མདོ་ལ་ཆེ་འབྲིང་ཆུང་གསུམ་ཡོད་ལ། མྱང་འདས་ཆེན་པོ་ལ་བམ་པོ་ལྔ་བཅུ་ང་དྲུག་དང་ལེའུ་བཅོ་ལྔ་བཞུགས་ཤིང་། རྒྱ་ནག་གི་མཁན་པོ་ཝང་ཕན་ཞུན་དང་། དྷརྨའི་གཞི་འཛིན་དགེ་བའི་བློ་གྲོས། ལོ་ཙཱ་བ་རྒྱ་མཚོའི་སྡེ་རྣམས་ཀྱིས་རྒྱ་ནག་གི་སྐད་ལས་བོད་དུ་བསྒྱུར་བ་ཡིན་ཞིང་། ད་དུང་རྒྱ་ནག་གི་སྐད་དུ་བཞུགས་པའི་མྱང་འདས་ཁ་ཚང་བསྒྱུར་ཐུབ་མེད། མྱང་འདས་འབྲིང་བོ་ལ་བམ་པོ་བཅུ་གསུམ་དང་ལེའུ་ལྔ་སྟེ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཛྙཱ་ན་གཪྦྷ་དང་། ལོ་ཙཱ་བ་བནྡེ་དེ་བ་ཙནྡྲ་སོགས་ཀྱིས་རྒྱ་གར་གྱི་སྐད་ལས་བསྒྱུར། མྱང་འདས་ཆུང་བ་ཤོ་ལོ་ཀ་དྲུག་ཅུ་ཙམ་ཡོད་ཅིང་། པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཆེན་རིན་ཆེན་བཟང་པོ་གཉིས་ཀྱིས་བསྒྱུར་བ་རྣམས་སོ།།
དེ་དག་སྡེ་དགེ་པར་མའི་བཀའ་འགྱུར་ལྟར་ན། མདོ་ཡི་པོད་རྟགས་ ༼ཉ༽ ༼ཏ༽ ༼ཐ༽ གསུམ་སྟེ་པོ་ཏི་ཆེ་བ་གསུམ་ཙམ་བཞུགས་ཡོད་ལ། དེ་དག་གི་ཁྲོད་དུ་ལུང་ཚིག་འདི་འདྲ་ཞིག་གཏན་ནས་བཙལ་ཏུ་མེད་དོ།།
འོ་ན་ལུང་ཚིག་ལྡོམ་པོ་འདི་འདྲ་བ་གང་ཞིག་ནས་ལུང་དྲངས་པ་ཡིན་ནམ། སཾ་སྐྲྀ་ཏའི་སྐད་དམ་རྒྱ་ནག་གི་སྐད། ཡང་ན་ཨོ་རྒྱན་དང་ཁ་ཆེའི་སྐད་གང་ཞིག་ལས་བསྒྱུར་བ་ཡིན་མིན་ཆ་མི་འཚལ་མོད། ཐོག་མའི་ལུང་འདྲེན་བྱེད་པོ་སུ་ཡིན་མིན་དང་། དེ་དུས་རབས་ནམ་ཞིག་གི་མི་ཡིན་མིན་རྩད་གཅོད་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་ནོ།།
ལྷག་པར་དུ་ལུང་བསྟན་གྱི་རིགས་འདི་འདྲ་ནི་ད་ལྟ་དཔེ་གང་དུ་གསལ་བ་དང་། དཔེ་དེ་མ་ཕྱི་གང་ལས་བསྒྱུར་བ་དང་། མ་ཕྱི་དེ་ཡང་དུས་རབས་ནམ་ཞིག་ལ་བྱུང་བ་དང་། དེ་ལ་རིགས་མི་འདྲ་བ་ག་ཚོད་ཡོད་པ། ཡིག་རིགས་མི་འདྲ་བ་(སཾ་སྐྲྀ་ཏའི་སྐད་དང་། པ་ལིའི་སྐད། རྒྱ་ནག་གི་སྐད་སོགས་)ཅི་ཙམ་གྱི་ཐོག་བཞུགས་པ་སོགས་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་ཐུབ་ཚེ། དོན་དངོས་ཀྱི་ལོ་རྒྱུས་མང་པོ་ཞིག་ཀྱང་ཇེ་གསལ་དུ་འགྲོ་བའི་དགོས་པ་བླ་ལྷག་གིས་ཆེ་མོད། འོན་ཀྱང། དེ་འདྲའི་ཉམས་ཞིབ་པ་ནི་ཉིན་མོའི་སྐར་མ་ལྟར་གྱུར།
སྤྱིར་ལུང་འདྲེན་པ་ནི་རང་གཞན་ཀུན་ལ་ཡིད་ཆེས་དང་ངེས་པ་སྐྱེད་བྱེད་དང་། ཕ་རོལ་པོའི་ལོག་ལྟ་ཟློག་ཆེད་སོགས་ཡིན་ནའང་། གྲུབ་མཐའི་ཆགས་སྡང་གི་དབང་དུ་གྱུར་ཚེ། རིགས་པའི་རྒྱབ་རྟེན་ལ་ལུང་འདྲེན་བྱེད་པ་ནི་ཕ་རོལ་པོ་ཚར་གཅོད་པ་ཁོ་ནའི་ཕྱིར་ཡིན་པས་ལུང་ལའང་བདེན་རྫུན་ཅི་རིགས་འབྱུང་སྲིད་དོ།།
འདི་འདྲ་ལ་བསམས་ཚེ། སྔོན་ཀཱ་མ་ལ་ཤཱི་ལ་དང་རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་ན་གཉིས་ཀྱིས་རྩོད་པ་གནང་སྐབས་རང་གི་རིགས་པའི་སྒྲུབ་བྱེད་དུ་མདོ་ལུང་བརྒྱད་ཅུ་དྲངས་པར་གྲགས་པ་དེ་ལ་ཡང་བློ་གཏད་རྒྱུ་ཅང་མེད་ལ། (མཁས་པའི་བཤད་རྒྱུན་དུ་སྐབས་དེར་ཧྭ་ཤང་མ་ཧཱ་ཡ་ནས་མདོ་སྡེ་བརྒྱད་ཅུའི་ཁུངས་ཟེར་བའི་དཔེ་ཆ་ཞིག་བརྩམས་པར་གྲགས། འོན་ཀྱང་། འགའ་ཞིག་གིས་དཔེ་ཆ་དེའི་རྩོམ་པ་པོ་ཧྭ་ཤང་མ་ཧཱ་ཡ་ན་མིན་པར་སྤུག་ཡེ་ཤེས་དབྱངས་ཞེས་པས་བརྩམས་པར་བཞེད།) མཁས་དབང་དགེ་ཆོས་ཀྱིས་འཇང་དགུན་ཆོས་ཤིག་ཏུ་རྣམ་འགྲེལ་རྩ་བའི་ཚིག་ཟུར་འགའ་རེ་བཅོས་ཏེ་རང་གི་སྒྲུབ་བྱེད་དུ་དྲངས་ནས་རྣམ་འགྲེལ་རྩ་བ་བློ་ན་ཡོད་པ་དག་ཀྱང་མགོ་བོ་འཁོར་དུ་བཅུག་པ་ལྟ་བུའི་བཤད་རྒྱུན་ཡོད་པ་སོགས་ཀྱང་འདྲའོ།།
དེས་ན་དོན་འདྲ་ཡང་ཚིག་མི་འདྲ་བ་ཤིན་ཏུ་མང་བ་འདི་ཡང་། ལུང་དེ་འདྲ་ཐོག་མར་ལུང་འདྲེན་གནང་སྐབས་མདོ་དངོས་ནས་ལུང་འདྲེན་མ་བྱས་པར་རྒྱ་གཞུང་གཞན་དང་གཞན་ནས་ལུང་དྲངས་པས་སྟབས་ཀྱིས་ཀྱང་ཡིན་སྲིད།
གཅིག་བྱས་ན་བཀའ་བསྟན་ཕྱོགས་བསྒྲིགས་ཀྱི་ནང་དུ་མ་འདུས་པའི་འགྱུར་མང་པོ་ཞིག་ད་དུང་ཡོད་པར་ངེས་ཏེ། ཆོས་འབྱུང་ལོ་རྒྱུས་མང་པོ་དང་མཁས་པའི་གསུང་འབུམ་སོགས་ལ་ཞིབ་མཇལ་བྱས་ཚེ། ཆོས་ཚན་གཅིག་ལ་འགྱུར་མི་འདྲ་བ་མང་དུ་བཞུགས་པར་རྟོགས་ཤིང་། སྟུག་པོ་བཀོད་པའི་མདོ་དང་མྱང་འདས་ཆེན་པོ་སོགས་ལའང་ང་ཚོས་མ་མཐོང་བའི་བོད་འགྱུར་གཞན་ཡང་ཡོད་ཆོག་གོ།།
མདོར་ན། ཁོ་བོས་གོང་དུ་བརྗོད་པ་འདི་དག་ནི་དཔེར་མཚོན་ཙམ་སྟེ། སྔོན་རབས་མཁས་པའི་གསུང་དུ་མདོ་ལས་ཞེས་པ་ཙམ་ལས་མདོ་གང་ཡིན་གྱི་གསལ་ཁ་མེད་པར་ལུང་ཚིག་མང་པོ་ཆུ་ཀླུང་བཞིན་དྲངས་ཡོད་པ་ནི་ཤིན་ཏུ་མང་ཞིང་། དེ་དག་ལས་རྩ་ཁུངས་མི་ཆོད་པའང་མང་ངོ་ཞེས་མདོ་ལུང་འགའི་གསལ་བྱེད་དམ་དོགས་དཔྱོད་ལྟ་བུ་འདི་རེ་ཞིག་རྫོགས་པར་བྱས་སོ།། །།
རྩོམ་རིང་མོ་ཞིག་བྲིས་ནས་དགོས་པ་དེ་གསལ་པོ་མེད་པ་ཆགས་བཞག ཁྱེད་ཀྱིས་ཨ་རིའི་ནང་བསྟན་དཔེ་ཚོགས་དང་རྒྱལ་དབང་ཀརྨ་པའི་མེ་ལོང་གི་མཉེན་ཆས། དེ་བཞིན་ཨ་རིའི་ཀོ་ལོམ་སྦིར་ཡ་སློབ་ཆེན་གྱི་བཀའ་བསྟན་གཉེན་ཆས། དེ་བཞིན་སེར་སྨད་ཤར་ཕྱོགས་བཀའ་བསྟན་རིག་གཞུང་གི་རིག་མཛོད་མཉེན་ཆས། དེ་བཞིན་ཉི་ཧོང་སློབ་ཆེན་གྱི་བོད་ཡིག་བཀའ་བསྟན་བཤེར་འཚོལ་གཉེན་ཆས། ད་དུང་ད་ལྟ་ནང་འགྲེམས་ཡིན་པའི་གུ་གྷོལ་བོད་ཡིག་འཚོལ་བཤེར་གཉེན་ཆས་བཅས་བཀོལ་ནས་ཚིག་དེ་དག་གི་ཁུངས་སྟབས་བདེ་པོས་བཙལ་བ་དེ་མ་བཤད་པར། གཞན་ལ་དཔེ་ཆ་མང་པོ་ཞིག་བཀླགས་ཁུལ་བྱས་འདུག དོན་ངོ་མ་ཁྱེད་བློ་ཆུང་བས་རེད། དེང་སང་མཉེན་ཆས་ཐོག་ཚིགས་བཅད་ཇི་འདྲ་ཞིག་བཏགས་ཀྱང་། སྟབས་བདེ་པོས་དེ་དག་དཔེ་ཆ་སོ་སོའི་ཁུངས་དང་བཅས་པ་དྲ་རྒྱའི་ནང་འཆར་ཐུབ། དང་པོ། ཁྱེད་བཙུན་པོ་དང་དཔེ་ཆ་བ་རྣལ་མ་ཞིག་གྲུབ་འདོད་པ་དེ་ལ་ལན་ཡིན། ཅུང་ཁྲམ་པའི་བྱེད་སྟངས་ཤིག་རེད།
གཉིས་པས། དོན་གཅིག་ལ་ཚིག་མི་གཅིག་པ་འདི་མིའི་གཤིས་རེད། གལ་ཏེ་ཚང་མ་གཅིག་པ་ཤ་སྟག་ཡོང་ན། དེ་བཟང་རྟགས་རེད་དམ། ངན་རྟགས་རེད། ཚན་རིག་པས། གཞི་ལ་བརྟེན་གཅིག་གི་ཐོག་ལ་ལུང་དང་ཁུངས་བཅོལ་ནས་ཚིག་དོན་ལ་ཅུང་འགྱུར་བ་བྱུང་བ་དེ་གཞི་དངོས་པོ་དེ་ཡོད་པའི་རྟགས་དང་། དེ་ལ་ཐུན་མོང་གི་གོ་བ་དང་འཆར་སྣང་ཡོད་པས། དངོས་པོ་དེ་གྲུབ་བྱེད་ལས་མེད་པར་བྱེད་པར་མི་ཕན་ཟེར་བ་དེ་ཡང་གོ་མྱོང་མེད་པ་འདྲ།
གསུམ་པ། ཁྱེད་ཀྱིས་གླེན་རྟགས་ཆེ་བའི་རྟགས་ཤིག་བསྟན་འདུག གོང་གི་དགེ་སློང་དག་གམ་ཅེས་པའི་ཚིགས་བཅད་དེ། ལེགས་སྦྱར་སྐད་ལས་མ་རེད། དེ་པ་ལིའི་སྐད་ནང་ལ་བཞུགས་པའི་སྟོན་པའི་གསུང་རྣལ་མ་ཉན་ཐོས་སྡེ་བའི་གཞུང་ལས་བྱུང་བ་ཡིན་པ་ཁྱེད་ཀྱི་མ་ཤེས་པས་རེད། ངས་འདིར་ཁྱེད་ལ་ཁུངས་དེ་བསྟན་གྱི་མིན། ཁྱེད་སྔོན་ལ་པ་ལིའི་སྐད་སྦྱངས་ནས་ཚོལ་ཞིག སྔོན་མ་ཤྲིལངྐའི་ནང་ཆོས་ཞིབ་འཇུག་པ་ཞིག་གིས་གསུང་བཤད་ནང་སྟོན་པའི་གསུང་འདིའི་ཁུངས་གསལ་པོ་བསྟན་སོང་། སྔོན་ལ་ཐོས་པ་རྒྱ་ཆེ་རུ་ཐོངས་ཤིག
རྩོམ་འདི་བཀླགས་སོ།། བསམ་ཤེས་ལགས་ཀྱིས་བཤད་པ་དེ་བདེན། འདི་དག་འཚོལ་བ་ནི་དེང་གི་སྐབས་ན་ངལ་བ་དེ་ཙམ་བསྟེན་མི་དགོས་པ་ཆགས་ཡོད་པ་རེད།
བསམ་ཤེས་ལགས་སུ་ཞུ་རྒྱུར། འདི་ནི་ལྡོང་ཆུ་ཤེལ་ལགས་ཀྱི་སྐད་འཕྲིན་དུ་སྤེལ་འདུག་པ་གུས་པས་བཤུས་ཏེ་འདིར་བཀོད་པ་ཡིན། དེ་ནས། ངས་འགོད་དོན་ནི། ལྡོང་ཆུ་ཤེལ་ལགས་ཀྱིས་ལོ་མང་རིང་བཀའ་བསྟན་དཔེ་བསྡུར་མའི་དཔར་བསྐྲུན་ལས་དོན་ལ་ཕྱག་ལས་གནང་བ་དང་། དེའི་བཀའ་འགྱུར་དཀར་ཆག་ཀྱང་བརྩམས་གནང་འདུག དེ་ཙམ་མ་ཟད། ཁོང་གིས་བོད་སྐད་དུ་བསྒྱུར་ཟིན་པའི་བཀའ་དང་བསྟན་བཅོས་རིགས་ལས་ཚིགས་སུ་བཅད་པ་དེ་དག་གི་ལུང་ཁུངས་གང་དུ་ཡོད་མེད་བཙལ་བ་ཞིག་རེད། ཇི་ལྟར་བཙལ་བ་ལ་ཁྱད་པར་མི་འདུག བཙལ་ཟིན་པའི་གྲུབ་དོན་དེ་གལ་ཆེན་པོ་རེད། ཁོང་གིས་བཙལ་ཟིན་པའི་གྲུབ་དོན་འདིས་ངའི་ཡིད་བཀུག་བྱུང་། དེ་བས་བཤུས་ཏེ་ཁ་བརྡར་བཀོད་པ་ཡིན།
ང་ཚོ་ཚང་མ་ཀུན་ཤེས་དང་ཀུན་མཁྱེན་མིན་སྟབས། འདིར་བཤད་པ་རྣམས་ཁྱེད་ཀྱིས་མཁྱེན་ནའང་ང་ལྟ་བུ་དག་གིས་མ་ཤེས་པས་ཕན་ཐོགས་ཆེན་པོ་བྱུང་། དེ་ནས་འདིར་བོད་ཡིག་ཏུ་ཡོད་པའི་བཀའ་བསྟན་ལས་ཁུངས་བཙལ་བ་མ་གཏོགས་པཱ་ལིའི་སྐད་ལས་བཙལ་མེད་སྟབས་ཁྱེད་ཀྱིས་སྐྱོན་བསྟན་པ་དེ་མི་འཇུག གསལ་བཤད་ཙམ་མོ།།
གཞན་གླེན་རྟགས་དང་ཁྲམ་པ་ཟེར་བ་སོགས་ནི་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་རུ་སོང་འདུག་པ་མ་ཟད། “character assassination”ཞེས་པའི་རྣམ་པའང་ཐོན་འདུག་ན། ང་ཚོས་སྐྱེ་བོ་ཕ་རོལ་པོའི་བསམ་བློ་དང་ཤེས་ཡོན་ངོ་མ་དེ་མ་ཤེས་པའི་ཐོག་ནས་མུན་ནག་མདའ་འཕེན་འདི་རིགས་འོས་བབ་མ་མཐོང་ངོ་།།
ལྡོང་ཆུ་ཤེལ་གྱིས་དཀའ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུ།
ཆ་ཚང་ཞིག་བཀླགས་ཟིན། ཧ་ཅང་ཡག་པོ་བྲིས་འདུག དཀའ་ལས་རྒྱབ་འདུག རྗེས་སུ་ཡི་རང་ཡོད། ཁ་བརྡ་དྲ་ཐོག་ཏུ་སྔོན་མ་ནང་བཞིན་མཆན་འདེབས་མཁན་མང་པོ་ཞིག་ཚོར་གྱིན་འདུག དེ་རྒྱུ་མཚན་ཅི་ཡིན་ནམ། །
མཆན་འདེབས་མཁན་མང་པོ་མེད་པ། ཅི་ཡིན་ནམ། བཅོས་རོགས།།
དུས་ངན་ཤར་ནས་མཁས་བླུན་ས་སྟེང་ཁྱབས་།
སྟོན་པའི་དམ་ཆོས་རྣམ་གཉིས་སྟེ་།
ལུང་དང་རྟོག་པའི་བསྟན་པ་ལ་།
ཉམས་ལེན་བྱ་མི་ཉིན་སྐར་ཙམ་།
ལྡོང་ཆུ་ཤེལ་ལགས་ལ་བཀའ་དྲིན་ཆེ་ཞུ། དངོས་ནས་དཀའ་ལས་རྒྱབ་འདུག
དགེ་རབ་ལགས་ཀྱིས་འདིར་བཀོད་པའང་ལྷག་བསམ་རྣམ་དག་གིས་ཡིན་པ་ཤེས་ཐུབ། འཆན་སྣ་ཚོགས་འབྲི་བའང་མི་ཚང་མར་བསམ་བློ་མི་འདྲ་བ་དང་རིག་པའི་འགྲོས་མི་འདྲ་བ་ཡོད་པའི་དབང་གིས་རེད་སྙམ།
ཡོངས་ལ་རྗེས་སུ་ཡི་རང་ཡོད།
མཁས་པའི་ཉམས་རྟགས་ཀྱིས་རྒོལ་ཕྱིར་རྒོལ་དག་གིས་བཤད་པ་རྒྱབ་པར་ལེགས་གསོལ། ཡི་གེ་དག་གི་འབྲི་སྟངས་གཡམ་ལ་རྒྱུགས་པ་སྟེ། ཁ་སྐད་མ་ཡིན་པར་སྔོན་གྱི་མཁས་པ་དག་གི་རྗེས་སུ་འབྲང་བར་གལ་ཆེ།
དགེ་རབ་ལེགས་ཀྱིས། པཱ་ལི། ཞེས་པ་བོད་སྐད་དུ། རྣམ་གྲངས་ཞེས་པ་ཡིན། ལེགས་སྦྱར་དུ། པ་རྱཱ་ཡ། ཟེར། བཀའ་འགྱྲར་དཔེ་ཆ་མང་པོ་ན། ཆོས་ཀྱི་རྣམ་གྲངས། ཞེས་གསལ་ལོ།
སིངྒྷ་ལའི་གླིང་དུ། པཱ་ལི།་ཞེས་སྐད་ཡོངས་མ་ཆགས་པ་ན། པཱ་ལིའི་སྐད་ཀྱི་བརྡ་སྤྲོད་འབྲི་བ་ན། མ་ག་དྷ་ཡི་སྐད་ཀྱི་བརྡ་སྤྲོད་འབྲི་བར་བྱ། ཞེས་ཝཱ་རཱ་ཎ་སཱིར་ཐོས་སོ།
བསམ་ཤེས་སོགས་མི་ཁག་ཅིག་ད་དུང་འཁྲུལ་བའི་ནང་དུ་ལྷག་ཡོད། ཚ་བ་འཕར་བའི་སྐབས་སུ་འཁྲུལ་བ་ཞིག་ཡོང་ཡ་ཡོད་རེད། སྨུག་རྒྱུ་ཆུ་རུ་སྣང་བ་གོ་མྱོང་ངམ། ད་དུང་། གླེན་པོ་བཤད་ལ་མཁས།། ལས་སླ་མདོག་ཤོད་ཀྱི་རེད། སོ་སོའི་ལག་ལ་བཞག་ན་གང་ཅི་ཡང་སྟོན་རྒྱུ་མེད་པ་དེ་འདྲ་དེང་སང་མང་ཐག་ཆོད་ཡོད་རེད། ཡ་ནི་མཚར་གྱི་མི་འདུག
རབ་ཡིན་ན། བསམ་ཤེས་སོགས་ཀྱིས་མཉེན་ཆོས་དེ་དག་བརྒྱུད་ནས་ལུང་འདིའི་ཁུངས་བཙལ་ནས་སྟོན་ཐུབ་ན་ཡག་པོ་འདུག་སྟེ། དེ་ཡོང་ཐུབ་ཀྱི་མ་རེད། སྐད་ཆ་བཤད་སྟངས་ལ་བལྟས་ན་ད་དུང་རེ་བ་མི་འདུག ཧ་ཧཧ་ཧ
རྩོམ་པ་པོས་ཞིབ་དཔྱད་ཀྱིས་སྐུ་ངལ་བསྐྱོན་ནས་བྲིས་པར་བཀའ་དྲིན་ཆེ་ཞུ། ང་ཚོའི་སྔོན་གྱི་མཁས་པ་མང་པོས་མདོ་ལས་དང་ལུང་ལས་དང་རྒྱུད་ལས་དང་ཇི་སྐད་དུ་ཞེས་པ་སོགས་བཀའ་དང་བསྟན་བཅོས་སོགས་ཀྱི་དཔེ་མིང་གསལ་ཁ་གང་ཡང་མ་བཏོད་པར་སྐབས་ཐོབ་ཏུ་རང་ཉིད་ལ་མཁོ་བའི་ལུང་འདྲེན་མང་དུ་བྱས་ཡོད་པས་དེ་དག་གི་ཁུངས་གང་ཡིན་དང་ལུང་གང་ནས་གསལ་མིན་སོགས་ཞིབ་དཔྱད་བྱེད་པ་ནི་མཁས་པའི་ལུགས་ཡིན་པས་ཡི་རངས་ཡོད། དེ་མིན་རྩོམ་པ་པོ་ཁྱེད་རང་ལྟ་བུ་ཞིག་མ་ཐུག་པའི་བར་དུ་གཡམ་རྒྱུགས་པ་ཚོས་ལུང་ཚིག་རྫིག་པོ་འདྲ་བསྐྱོར་ནས་མཁས་མཁས་སྟོན་ཡོང་གི་རེད། གཞན་ཞིག་གིས་ལུང་ཚིག་དེ་གང་དུ་ཡོད་པ་རེད་དམ། ཞེས་བཀའ་འདྲི་ཞུས་ན་མཛུབ་མོ་ཁ་ནང་བཅུག་རྒྱུ་ལས་ཐབས་གང་ནས་ཡོད།
མཆན་དང་པོ་བ་ལགས། ཁྱེད་ལ་ལུང་ཁུངས་བསྟན་རྒྱུ་ཡོད་ན་ཐོན་དང་ཚང་མར་ཕན་ཐོགས་ཡོང་རྒྱུ་རེད། དེ་མིན་མེད་ཀྱང་ཡོད་མདོགས་བྱས་ན་་་་
ཁ་བརྡ་དྲ་ཐོག་འདིར་སྔོན་མ་དང་བསྡུར་ན་མཆན་འདེབས་མཁན་ཧ་ཅང་ཉུང་འདུག མི་ཁ་ཅིག་གིས་རྒྱུ་མཚན་གང་ཡང་མེད་པར་དགག་པ་རྒྱག་གང་ཐུབ་བྱེད་ཀྱི་འདུག རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་མཆན་པ་ཚོའི་ཉོབ་སོང་བ་ཡིན་རྒྱུ་རེད་སྙམ། །
དཔེ་ཅ་ཨ་ལ་པ་ལ་བལྟས་མྱོང་བ་ཚོ་ཞེ་སྡང་ཆེ་བ། ཕྲག་དོག་ཆེ་བ། ང་རྒྱལ་ཆེ་བ། དབྱེན་དཀྲུགས་ཆེ་བ། བཅས་ཆེ་བ་བཞི་དང་ལྡན་པ། ཡང་བཟོད་བསྲན་མེད་པ། གུས་ཞབས་མེད་པ། ཆ་འཇོག་མེད་པ། སྤྱི་སེམས་མེད་པ་བཅས་མེད་པ་བཞི་དང་ལྡན་པ་བཅས་ནི་དེང་སང་གི་དཔེ་ཆ་བ་ཚོ་རེད། ཚང་མ་འདི་ཁ་ཏ་ཕག་བཤའ་སར་སླེབས་པ་ལྟར་ཅག་རྒྱ་ཆེན་པོས་ང་རང་ཏིང་ངེ་འཛིན་ལ་གནས་པ་ཡང་དཀྲོགས་སོང་། ད་ངས་སོག་ལེ་་ཁས་ནས་ཡོང་ཡོད། ཐེབ་པ་ཡོད་ན་གཏུབ་རྒྱུ་ཡིན། སྤྱིན་ཁས་ནས་ཡོང་ཡོད། གས་ཆག་ཡོད་ན་སྦྱར་བགྱི་ཡིན།
སྔོན་མེད་ལེགས་བཤད་གསར་པ་ཐོན་པས་ང་ལ་ནི་ཕན་ཐོགས་ཆེན་པོ་བྱུང་། ད་དུང་ལྷ་མོ་དྲི་མ་མེད་པའི་མདོའི་ལུང་སོགས་ལུང་མང་པོ་ཞིག་ཡོད་པ་རྣམས་ལ་ཡང་ཞིབ་འཇུག་གིས་གསལ་ཁ་གཏོད་ཐུབ་ན་གང་ལེགས་ཡོང་ངེས།
རང་རེའི་མཁས་པའི་ཞལ་རྒྱུན་ལ་ཡོད་པའི་ལུང་རྣམས་བསྟན་པ་ལ་དགྲ་ལན་གསུམ་བྱུང་སྟེ་གསུང་རབ་ཕལ་ཆེ་བ་མེ་ལྷའི་ཞལ་དུ་བསྟབས་པ་དེའི་ཁོངས་སུ་མ་ཤོར་བའམ། ཤོར་ཡང་དགོངས་འགྲེལ་བསྟན་བཅོས་རྣམས་དང་། རྒྱུད་འགྲེལ་རྣམས་སུ་ཚིག་འགྱུར་འདྲ་མིན་ཙམ་ལས་དོན་ལ་ཁྱད་པར་མེད་པར་ད་ལྟ་ཡང་མཇལ་དུ་ཡོད་པ་ནི་ངོ་མཚར་རབ་དང་ལྡན་པའོ།། ད་དུང་ལུང་ཁུངས་གསལ་པོ་མེད་པ་རྣམས་དེང་སྐབས་མཐུན་རྐྱེན་འཛོམས་པའི་སྐབས་འདིར་་མཁས་པ་རྣམས་ཀྱིས་ཉམས་ཞིབ་ཀྱི་ལམ་ནས་གསལ་པོ་གཏན་ལ་འབེབས་གནང་ཅི་ནས་ཡོང་བ་ཞུ།
རབ་གསལ་ལགས།
ཁྱོན་ནས་དགོངས་པ་མ་ཚོམས་རོགས་ཞུ། ངས་མིག་ཡག་པོ་བྱས་བལྟས་མི་འདུག ཁ་སྔོན་རྩོམ་ཡིག་དེ་སྤྱི་ཚོགས་ནང་ལ་རྙོག་ཁྲ་སློང་མཁན་གཏེ་བོ་ཞིག་གི་གྲོགས་ཚོམས་ནང་ལ་བཞག་ནས། དོན་མེད་གོང་ས་མཆོག་ལ་མཚན་སྨད་བྱེད་བཞིན་འདུག
ངའི་བསམ་པར་རྩོམ་པ་པོ་དེ་ཉོག་བཤད་བྱེད་མཁན་གྱི་མི་དེ་རེད་བསམས་ནས་ལན་བྲིས་པ་ཡིན། ཞིབ་པར་མཇལ་དུས་རྩོམ་པ་པོ་དང་། ཁ་སྔོན་སྐད་འཕྲིན་ནང་གི་རྩོམ་དེ་བཀྲམས་ནས་༧གོང་ས་མཆོག་ལ་ཉོག་བཤད་བྱེད་མཁན་གཉིས་ཐ་དད་རེད་འདུག
ཐུགས་རྗེ་ཆེ།
བསམ་ཤེས་ལགས་ཀྱིས་ནོར་འཁྲུལ་ངོས་ལེན་བྱས་པ་དེ་ཤིན་ཏུ་ནས་ལགས་སོ།
མི་སུ་ཡིན་ཀྱང་ནོར་འཁྲུལ་ཤོར་གྱི་རེད། ནོར་བ་ངོས་ཟིན་པ་དེ་གལ་ཆེན་རེད། །
་་་་་་་་་་་་་་་་་ །”ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་《རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ་ཞེས་བྱ་བ་》(སྡེ་པར་བསྟན་འགྱུར། རྒྱུད། ༼ཟི༽ )ལས། “གཞན་ཡང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་འབྱུང་བ་དང་།” ཞེས་དང་། ་་་་་་་་་་་་་་་་་
སྟོན་པ་ཤྰཀྱ་ཐུབ་པས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེགས་བཅད་བདར་བའི་གསེར་བཞིན་དུ། །
ཡོངས་སུ་བརྟགས་ནས་ང་ཡི་བཀའ། །
བླང་བར་བྱ་ཡིས་གུས་ཕྱིར་མིན། །