ཨེ་མ་ཧོ།
ཨེ་ཝཾ་ཀུན་བཟང་རྒྱལ་བའི་དགོངས་པའི་དོན།།
ཇི་བཞིན་གཟིགས་ནས་འགྲོ་ལ་དམ་ཆོས་སྟོན།།
གྲུབ་དབང་དམ་པ་གསང་སྔགས་བསྟན་འཛིན་ལ།།
སྒོ་གསུམ་མི་ཕྱེད་དད་པས་མཇལ་ཕྱག་འཚལ།།
དེ་ཡང་བདག་ལ་སྔོན་དང་ད་ཐེངས་ལ་ཉིན་གྱི་རྟགས་མཚན་དང་མཚན་གྱི་རྨི་ལམ་བཟང་པོའི་རྟེན་འབྲེལ་དང་། ལས་སྨོན་ཚོགས་བསགས་དགེ་བས་བདག་རྐྱེན་ལས་སྐྱེ་བ་དང་ཚེ་རབས་མང་པོ་ལ་ལས་སྨོན་ཟབ་མོས་འབྲེལ་བའི་གཏེར་ཆེན་དྲི་མེད་གླིང་པ་འམ་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་ལས་སྙིང་ཐིག་ཡ་བཞིའི་དབང་ཁྲིད་ཞུ་བར་འགྲོ་འདོད་ཆེན་པོ་བྱུང་འགྲོ་དགོས་ཡོད།རྒྱས་པ་གཞན་ལས་ཤེས་དགོས། མདོར་ཙམ་ནི། ཇི་སྐད་དུ། དཀར་ཆག་ཉི་ཟླ་གཟའ་སྐར་ལས། རང་བཞིན་རྫོགས་པ་ཆེན་པོ་རྡོ་རྗེའི་དབྱིངས།། ཐིག་ལེ་མཆོག་གསང་བླ་ན་མེད་པའི་གནས།། བཤད་དཔེའི་རྒྱུད་དང་སྙན་བརྒྱུད་གཉིས་སུ་བསྡུས།། དེ་དོན་ངེས་པ་གནས་འདིར་བསྟན་པ་ལས།། དང་པོ་བཤད་རྒྱུད་ངེས་པ་རྡོ་རྗེའི་ཆིངས།། སྔོན་འགྲོ་དབང་ཁྲིད་རྒྱབ་ཆོས་བཞིར་ཤེས་བྱ།། གདམས་ཁྲིད་ཉམས་ལེན་ཀུན་གྱི་སྔོན་འགྲོའི་ཆོས།། ཐོག་མར་ལོ་རྒྱུས་འོད་ཀྱི་ཕྲེང་བ་ཡིས།། ཟབ་མོའི་ཆོས་ལ་ངོ་མཚར་ཡིད་ཆེས་བསྟན།། བརྒྱུད་པའི་ཕྱག་འཚལ་ཡིད་བཞིན་ནོར་བུ་ཡིས།། རང་རྒྱུད་རྣམ་དག་སྣོད་དུ་རུང་བར་བྱེད།། གསོལ་འདེབས་རིམ་པ་བདུད་རྩིའི་ཆར་རྒྱུན་གྱིས།། བརྒྱུད་པའི་བྱིན་རླབས་དངོས་སུ་འཕོ་བར་བསྟན།། མཎྜལ་རིམ་པ་གླིང་བཞི་རྒྱན་གྱུར་གྱིས།། ཚོགས་ཆེན་རྫོགས་ཤིང་སྒྲིབ་གཉིས་བྱང་བར་བསྟན།། པཎ་ཆེན་གུ་རུའི་བི་མའི་སྒྲུབ་ཐབས་ཀྱིས།། ཟབ་མོའི་ཆོས་དང་བྱིན་རླབས་གསང་སྒོ་འབྱེད།། སྙིང་པོ་ཡེ་ཤེས་བླ་མའི་སྒྲུབས་པ་ཡིས།། སྨིན་གྲོལ་ཟབ་མོའི་དེ་ཉིད་མངོན་དུ་བྱེད།། དེ་ལྟར་སྔོན་འགྲོ་ངེས་པའི་ཆོས་དྲུག་གིས།། ཉམས་ལེན་མཐར་ཕྱིན་དངོས་གྲུབ་སྒྲུབ་པའི་གྲོགས།། མེད་དུ་མི་རུང་ཤིན་ཏུ་གཅེས་པར་བསྟན།། སྨིན་པར་བྱེད་པ་དབང་གིས་རིམ་པ་ལ།། སྤྲོས་བཅས་དབང་ཆོག་དངོས་གྲུབ་ཆུ་བོ་ཡིས།། རྡོས་བཅས་ལུས་སྦྱོང་རྡོ་རྗེའི་སྐུར་སྨིན་བྱེད།། དེ་ཡི་གནད་ཡིག་མིང་གི་རིགས་བྱེད་ཀྱིས།། སོ་སོའི་རིགས་ཆེན་གང་ཡིན་མངོན་དུ་ཤེས།། སྤྲོས་མེད་དབང་ཆོག་ཀློང་གསལ་ཆུ་བོ་ཡིས།། འཁྲུལ་པའི་ངག་སྦྱོང་རྡོ་རྗེའི་གསུང་སྨིན་བྱེད།། དེ་ཡི་གནད་ཡིག་བུམ་པའི་བརྡ་དོན་གྱིས།། དོན་གྱི་སྙིང་པོ་གདོད་མའི་གཞི་མཚོན་བྱེད།། ཤིན་ཏུ་སྤྲོས་མེད་ཡེ་ཤེས་ཆུ་བོ་ཡིས།། འཁྲུལ་རྟོག་སེམས་སྦྱོང་རྡོ་རྗེའི་ཐུགས་སྨིན་བྱེད།། རབ་ཏུ་སྤྲོས་མེད་བྱིན་རླབས་ཆུ་བོ་ཡིས།། སྒྲིབ་ཀུན་རྣམ་དག་འོད་གསལ་མངོན་དུ་བྱེད།། དེ་དག་ཡན་ལག་དམ་ཚིག་གསུམ་བཀོད་ཀྱིས།། གསང་སྔགས་འདུལ་བ་སྤང་བླང་མཚམས་ཤེས་བྱེད།། དེ་ལྟར་སྨིན་བྱེད་དབང་གི་ཆོས་བདུན་གྱིས།། ལམ་གྱི་གཞི་འདིངས་མ་སྨིན་སྨིན་བྱེད་པས།། གསང་མཆོག་རྒྱལ་པོར་མེད་པའི་ཐབས་མེད་པས།། དེ་ཡི་གནད་དུ་འདི་ཀུན་ཚང་བར་བསྟན།། དམ་པའི་ཕྱག་བཞེས་ཡིན་ནོ་ཨེ་མ་ཧོ།། གྲོལ་བྱེད་གདམས་ཁྲིད་ངེས་པའི་ཆོས་ཚན་ལ།། ཐུན་མོང་སྔོན་འགྲོ་རིན་ཆེན་པྲ་ཁྲིད་ཀྱིས།། ཟབ་མོའི་དོན་རྣམས་རིམ་ཀྱིས་འཇུག་པར་བསྟན།། དངོས་གཞིའི་དོན་ཁྲིད་སངས་རྒྱས་མཉམ་སྦྱོར་གྱིས།། གསང་ཆེན་ངེས་པའི་ལམ་གྱི་སྙིང་པོ་བསྟན།། གཞི་གནས་མ་བཅོས་དེ་བཞིན་ངོ་སྤྲོད་ཀྱིས།། ཁྲེགས་ཆོད་དོན་ཁྲིད་ཀ་དག་ཆོས་ཟད་བསྟན།། ཨར་གཏད་མུན་ཁྲིད་འོད་གསལ་འཁོར་ལོ་ཡིས།། མཚན་མོའི་རྣལ་འབྱོར་མཆོག་ཏུ་གསང་བ་བསྟན།། དེ་ལྟར་གྲོལ་བྱེད་ཁྲིད་ཀྱི་ཆོས་བཞི་ཡིས།། རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་གནད།། མེད་དུ་མི་རུང་ཤིན་ཏུ་གཅེས་པས་ན།། སྙིང་དང་འདྲ་བའི་ཆོས་བཞི་ཨེ་མ་ཧོ།། ཀུན་གྱི་རྒྱབ་ཆོས་ངེས་པའི་རྣམ་གྲངས་ལ།། ཁྱུང་ཆེན་གཤོག་རྫོགས་དོན་གྱི་དགོངས་པ་ བསྟན།། བླ་མེད་སྤྱི་བབས་གདམས་པའི་སྤྱི་ཆིངས་བསྟན།། ཟབ་མོའི་བཅུད་བསྡུས་དགོངས་པའི་ཡིན་ཚུལ་བསྟན།། འོད་གསལ་སྙིང་པོས་གདངས་གསུམ་ཉམས་ལེན་བསྟན།། ངེས་དོན་སྙིང་པོས་དགོངས་པའི་ལ་བཟླ་བསྟན།། དོན་གྱི་སྙིང་པོས་དགོངས་པའི་འཕྱོང་ཆེན་བསྟན།། གཞི་ལམ་འབྲས་བུས་གདམས་པའི་ཡིན་ཚུལ་བསྟན།། རྣལ་འབྱོར་བཞི་རིམ་ཉམས་ལེན་སྙིང་པོ་བསྟན།། ཟབ་མོ་པྲ་ཁྲིད་གདམས་པའི་གནད་འགགས་བསྟན།། སྙིང་པོའི་ཡང་བཅུད་འཆུགས་མེད་གཟེར་བུ་བསྟན།། བརྟུལ་ཞུགས་སྤྱོད་པ་རྩལ་སྦྱོང་བོགས་འབྱིན་བསྟན།། དུས་ཀྱི་གསལ་བྱེད་འཆི་བ་བརྟག་བསླུ་བསྟན།། འདའ་ཁ་དོན་གྱི་འཆི་དུས་ཁྱེར་སོ་བསྟན།། བཏགས་གྲོལ་སྙིང་པོས་མ་བསྒོམས་སངས་རྒྱས་བསྟན།། ཟབ་དོན་སྙིང་པོས་གདམས་པའི་ཡང་ཞུན་བསྟན།། ཚིག་དོན་སྙིང་པོས་མན་ངག་གནས་རྣམས་བསྟན།། གདམས་ཁྲིད་མདོ་ཆིངས་ཇི་ལྟར་གདམས་ཚུལ་བསྟན།། དེ་ལྟར་རྒྱབ་ཆོས་རྣམ་གྲངས་བཅོ་བརྒྱད་ཀྱིས།། ཉམས་ལེན་གནད་རྣམས་འཆུགས་མེད་གཏན་ལ་ཕབ།། ཚང་ལ་མ་ནོར་ངེས་པའི་སྙིང་པོར་བསྟན།། གཅིག་ལ་ཀུན་ཚང་ཀུན་ལའང་གཅིག་དགོས་པས།། མེ་ལོང་དུམ་བུ་གཟུགས་ཀྱི་ཡན་ལག་བཞིན།། མེད་ཐབས་མེད་པ་གནད་ཀྱི་མན་ངག་ཏུ།། གསང་བའི་རྒྱབ་ཆོས་ངོ་མཚར་ཨེ་མ་ཧོ།། དེ་དག་ཀུན་གྱི་དཔེ་བརྒྱུད་ངེས་པའི་དོན།། བཤད་བརྒྱུད་སྙིང་པོ་རྫོགས་པར་བསྟན་པ་སྟེ།། བཅུ་བདུན་རྒྱུད་དང་བཏགས་གྲོལ་རྒྱུད་གསུམ་དང༌།། བརྒྱ་དང་བཅུ་བདུན་ཡང་ཟབ་པོ་ཏི་བཞི།། མཁའ་འགྲོ་སྙིང་ཏིག་གསང་བའི་ཐིམས་དང་བཅས།། མ་ལུས་ཀུན་གྱི་སྙིང་པོའི་བཅུད་བསྡུས་ནས།། འདིར་གཅིག་ངེས་པས་ཡང་ཟབ་སྙིང་པོར་བཀོད།། བཤད་དཔེའི་དོན་བརྒྱུད་ངོ་མཚར་ཨེ་མ་ཧོ།། ༈ སྙན་རྒྱུད་སྙིང་པོ་དོན་གྱི་མན་ངག་ལ།། སྔོན་འགྲོ་དབང་ཁྲིད་རྒྱབ་ཆོས་རྣམ་བཞི་ལས།། ཐོག་མར་སྔོན་འགྲོ་ངེས་པའི་ཆོས་ཚན་ལ།། གནད་ཀྱི་མདོ་ཆིངས་གདམས་པའི་འདེབས་ཚུལ་བསྟན།། བྱིན་བརླབས་སྤྲིན་ཕུང་བརྒྱུད་པའི་ཕྱག་འཚལ་བསྟན།། དངོས་གྲུབ་ཆར་འབེབས་བརྒྱུད་པའི་གསོལ་འདེབས་བསྟན།། དེ་ཕྱིར་སྔོན་འགྲོ་ངེས་པའི་ཆོས་གསུམ་གྱིས།། གདམས་ཚུལ་བྱིན་རླབས་སྣོད་དུ་རུང་བར་བསྟན།། ཉམས་ལེན་གྲོགས་སུ་ཤིན་ཏུ་གཅེས་པས་ན།། མེད་པའི་ཐབས་མེད་ངོ་མཚར་ཨེ་མ་ཧོ།། སྨིན་པར་བྱེད་པའི་དབང་གི་རིམ་པ་ནི།། རིན་ཆེན་གསལ་བའི་སྒྲོན་མེ་གཏན་ལ་ཕབ།། བྱིན་རླབས་རང་བྱུང་གནས་ལུགས་རིག་པའི་དབང༌།། ཀུན་ལས་མཆོག་གྱུར་ངོ་མཚར་ཨེ་མ་ཧོ།། གྲོལ་བྱེད་ཁྲིད་ཀྱི་རིམ་པ་བསྟན་པ་ནི།། མཆོག་ཏུ་གསང་བའི་ལམ་ཁྲིད་ཆེན་མོས་ཏེ།། དེ་ཕྱིན་གྲོལ་བའི་གདམས་ཁྲིད་རྨད་དུ་བྱུང༌།། ལག་ཁྲིད་གསལ་བ་ངོ་མཚར་ཨེ་མ་ཧོ།། དེ་དག་ཀུན་གྱི་རྒྱབ་ཆོས་རིམ་པ་ལ།། ཡེ་གྲོལ་སོར་བཞག་མཐར་ཕྱིན་དགོངས་པ་བསྟན།། ཆོས་ཟད་བློ་འདས་མཁའ་ལྟར་དག་པ་ཡིན།། ཐུགས་ཀྱི་མེ་ལོང་ད་ལྟའི་ཉམས་ལེན་བསྟན།། དགོངས་པ་རང་གནས་ཐེ་ཚོམ་བྲལ་བ་ཡིན།། དོན་གྱི་མེ་ལོང་བར་དོའི་རང་གནད་བསྟན།། རང་སྣང་རང་གྲོལ་མངོན་པར་སངས་རྒྱས་ཡིན།། ལག་ཁྲིད་སྙིང་པོས་ཡང་རབ་ཉམས་ལེན་བསྟན།། ཆོས་ཉིད་འོད་གསལ་ཚེ་འདིར་མཐོང་བ་ཡིན།། གནད་ཀྱི་མེ་ལོང་རྒྱབ་ཆོས་ཆེན་མོ་བསྟན།། ཟབ་ཅིང་རྒྱ་ཆེའི་དགོངས་དོན་གསལ་བ་ཡིན།། དེ་ལྟར་རྒྱབ་ཆོས་དོན་གྱི་གནས་ལྔ་ཡིས།། སྙན་བརྒྱུད་གནད་རྣམས་འགྱུར་མེད་གཏན་ལ་ཕབ།། འཕྱུགས་མེད་གཟེར་བཏད་གནད་འགག་ཆིངས་སུ་བསྡམས།། ཡང་ཟབ་སྙིང་པོའི་མན་ངག་ཐེམས་སུ་བཀོད།། གཞན་ལས་ཁྱད་འཕགས་སྙན་བརྒྱུད་ཨེ་མ་ཧོ།། དེ་དག་ཀུན་གྱི་ཟབ་ཆོས་སྲུང་མ་ལ།། དྲག་པོ་སུམ་སྒྲིལ་སྒྲུབ་པའི་ཟབ་རྒྱ་བསྟན།། དེ་ཡི་ཆ་ལག་དངོས་གྲུབ་ཆར་འབེབས་བཀོད།། བར་ཆད་སེལ་ཞིང་འདོད་དགུ་ཀུན་འགྲུབ་པས།། གཏེར་བདག་དམ་ཅན་སྒྲུབ་པ་ཨེ་མ་ཧོ།། དེ་ལྟར་བཤད་རྒྱུད་ཆོས་སྡེ་སུམ་ཅུ་ལྔ།། སྙན་བརྒྱུད་ཟབ་མོ་དོན་གྱི་ཆོས་སྡེ་བཅུ།། སྲུང་མའི་སྒྲུབ་པ་དོན་གྱི་ཆོས་སྡེ་གཉིས།། དཀར་ཆག་ཉིད་དང་བསྡོམས་པའི་མདོ་ཆིངས་ལ།། ཟབ་མོ་ཡང་ཏིག་ཆོས་སྡེ་བཞི་བཅུ་བརྒྱད།། གསང་ཆེན་ངེས་པ་དོན་གྱི་སྙིང་པོར་བཀོད།། ཐེག་པའི་ཡང་ཞུན་བཏུས་པ་ཨེ་མ་ཧོ།།
ཞེས་སོགས་དཀར་ཆག་ལས་དངོས་སུ་གསུངས་པའི་ཆོས་ཚན་ཡོངས་རྫོགས་རྣམས་བདག་ལ་མཚོན་ན་སྔ་འགྱུར་རྒྱལ་བའི་སྙིང་ནོར་ཡིད་བཞིན་ནོར་བུ། སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་མཆོག་དག་ནི་བདག་གི་དྲིན་ཆེན་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན་༧ཆོས་རྗེ་དམ་པ་༧ཡིད་བཞིན་ནོར་བུ་༧མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་དང་། ༧སྐྱབས་རྗེ་དམ་པ་དིལ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་དང་། ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་ལས་ལེགས་པར་ཐོབ་ནས་གང་ནུས་དང་ཅི་ཐུབ་ལྕི་ལྕོག་གིས་ཐུགས་དམ་ལ་བྱེད་བཞིན་ཡོད། གཞན་ཡང་དེང་དུས་ནི་མུ་མཇེད་འཇིག་རྟེན་འདི་ན་་ཁ་བཤད་དང་འུར་སྒྲོག་ལས་མཚན་ལྡན་བླ་མ་ནི་ཉིན་སྐར་ལས་དཀོན་པའི་སྐབས་སུ་ཕྱོགས་དུས་རྒྱལ་བ་ཀུན་གྱི་སྤྱི་གཟུགས། སྙིགས་དུས་འགྲོ་བ་འདྲེན་པའི་དེད་དཔོན། མ་འདྲེས་པའི་མཛའ་བཤེས་ཆེན་པོ། རྗེ་འབངས་སྙིང་གི་བུ་དགུའི་ཡ་གྱལ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་སྤྲུལ། ༧སྐྱབས་རྗེ་དྲི་མེད་གླིང་པ་རིན་པོ་ཆེས་ངོས་ལ་ཆེས་འཕགས་ཀྱི་ཐུགས་བརྩེ་ཟབ་མོ་གནང་བ་དང་། དམ་པ་ཁོང་ནི་ངེས་དོན་གྱི་བླ་མ། འཇིག་རྟེན་ཆོས་བརྒྱད་དང་ཕྱོགས་ཞེན་དམ་སེལ་ངན་པས་སླད་མ་ཞུགས་ཅིང་།དམ་ཚིག་ལ་ངོ་ལྐོག་མཚུངས་པའི་རྣལ་འབྱོར་བ་ཚེ་དང་བཤད་སྒྲུབ་མཉམ། སྐུ་ཚེ་བསྟན་འགྲོའི་ཕན་བདེ་ཁོ་ནའི་དཔལ་དུ་བཞད་པའི་དམ་པའི་ཚུལ་དགུས་རྒྱན་པའི་སྙིགས་དུས་མུན་ནག་བསལ་བའི་ཉི་མའི་འོད་ཟེར། དམ་ཆོས་མཁྱེན་བརྩེ་མངའ་བའི་བརྩེ་ཆེན་གྱི་དུང་ཟླ། ཟབ་རྒྱས་ཀྱི་ཕྲིན་ལས་རྒྱས་པའི་སྐར་ཚོགས་ཀྱི་འོད་སྣང་བཞིན་དུ་འཛམ་གླིང་ཕྱོགས་ཀུན་ཏུ་དར་རྒྱས་ཕུན་སུམ་ཚོགས་པར་དུས་སུ་སྨིན་པའི་རྟེན་འབྲེལ་དང་། ཁྱད་པར་གསང་ཆེན་བཀའ་གཏེར་བསྟན་པ་ལ་ཚུལ་བཞིན་འཛིན་སྐྱོང་སྤེལ་གསུམ་གནང་བ་ལ་མི་ཕྱེད་དད་གུས་སེམས་པ་སྐྱེས་ནས་མཐོང་བ་རིག་འཛིན་བརྒྱུད་པའི་བཀའ་ཆོས་ཞུ་རུ་འགྲོ་ངེས་ཡིན། རང་ངོས་ནས་རྩ་ཆེན་ཇི་ལྟར་མཇལ་བ་གཟུར་གནས་བློ་ལྡན་གྱི་ཚོས་མཆེད་རྣམ་པས་ཨེ་ཝཾ་དམ་ཆོས་རྒྱལ་པོའི་བསྟོད་བསྔགས་གཟིགས་དང་གསལ་བ་མཁྱེན་ཐུབ། དྲི་མེད་གླིང་པ་ལ་ཆོས་ལུགས་དང་གྲུབ་མཐའ་ངན་པས་ཤན་མ་ཞུགས་པའི་བརྒྱུད་པ་གསོན་པོ་ཡོད། དྲི་མེད་གླིང་པ་ལ་ལུང་རིགས་ཀྱིས་བཀའ་གཏེར་གྱི་བཀའ་བབས་ཀྱི་མཁས་གྲུབ་དམ་པའི་ཐུགས་ནས་ཐུགས་སུ་དཀྱིལ་བའི་བདུད་རྩི་གཙང་མ་མཆིས། དྲི་མེད་གླིང་པ་ལ་སྔ་འགྱུར་ཀུན་བཟང་རིགས་འཛིན་བརྒྱུད་པའི་ཞལ་ཆབ་དྲོན་མོ་ལྡན་པ་ལགས་སོ། མངོན་པར་རྫོགས་པའི་སངས་རྒྱས་པར་མ་འདོད་ན་མ་གཏོགས་སྐལ་ལྡན་ལས་འཕྲོ་ཅན་ཚེ་གཅིག་ལ་འབད་མེད་ལྷུན་འགྲུབ་ཏུ་སངས་རྒྱས་ནུས་པའི་གདམས་ངག་ཐམས་ཅད་ཀྱི་རྒྱལ་པོ། རང་བཞིན་རྫོགས་པ་ཆེན་པོའི་སྙིང་ནོར་དམ་པ་ཡང་ཡང་མཇལ་དུ་འགྲོ་ཡ། ངོས་ལ་སྙིང་ཉེ་བའི་གྲོགས་པོ་དང་གྲོགས་མོ། སློབ་མ་རྒན་གཞོན་དར་གསུམ་ཡོངས་ལ་ཞུ་འབྲས་ཨེ་ཝཾ་པདྨ་མཁའ་འགྲོའི་གླིང་དུ་ཕེབས་བསུ་ཡོད། མཉམ་འཛོམས་ཀྱི་བླ་མ་ལས་དབང་ལུང་ཁྲིད་ཆོས་དང་མཆེད་ལྕམ་མཉམ་དུ་ཚོགས་འཁོར་ཟབ་རྒྱས་ལ་རོལ་རྒྱུ་ཡིན་པས་དེ་ལུགས་མཁྱེན་ནོ།།
ཨེ་ཝཾ་བརྒྱུད་པའི་དགོངས་པ་གཅིག་ཏུ་མཐུན།།
སྙིགས་ལྔའི་མུན་ནག་ཀུན་སེལ་ཉི་ཟླ་གསལ།།
ཕན་དང་བདེ་བས་འཇིག་རྟེན་ཁམས་ཀུན་ཁྱབ།།
བཀྲ་ཤིས་བདེ་ལེགས་ཕུམ་སུམ་ཚོགས་པར་ཤོག།
ཅེས་རབ་གནས་ས་ཁྱིའི་ཟླ་ཚེས་དགེ་བར་ཆོས་མཆེད་སློབ་ཚོགས་དུ་མས་ངོར་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་རྫོགས་ཆེན་དུས་འཁོར་རི་ཁྲོད་ནས་བགྱིས་པར་དགེའོ།། །།
༄༅།།མ་ཧཱ་གུ་རུ་ཤྲཱིཿཧེ་བཛྲ་ཡ་ནའི་མགུར་དབྱངས་མ་ཎི་རཱ་ཛ།
ན་མོ་མ་ཧཱ་གུ་རུ་ཨེ་མ་ཧོ།།
སྐུ་ལྷ་ཚོགས་དང་ཡིག་འབྲུ་འཇའ་འོད་ཀློང་།།
གསུང་གདམས་ངག་གི་བདུད་རྩི་ཆར་དུ་འཇོ།།
ཐུགས་བརྩེ་ཆེན་གྱིས་སྐྱེ་ཀུན་རྗེས་སུ་བཟུང་།།
མགོན་ཆོས་རྗེ་ནི་ཡིད་བཞིན་ནོར་བུ་མཁྱེན།།
གཞི་ལྟ་བ་ཉིད་ཀ་དག་གདོད་མའི་གཤིས།།
ལམ་སྒོམ་པ་ལ་ལྷུན་གྲུབ་རང་གདངས་ཤར།།
ཆོས་ངེས་དོན་ཀུན་མཇལ་བའི་དཔལ་དགྱེས་པ།།
དོན་རྡོ་རྗེ་ནི་འཆང་དབང་ང་མིན་སུ།།
ལས་དག་པ་ཉིད་རབ་འབྱམས་རྒྱལ་བའི་སྐུ།།
གཟུངས་རིགས་སྔགས་ནི་བརྒྱ་བའི་ཛབ་དབྱངས་ངང་།།
སེམས་དད་འདུན་ལ་མི་འཕྲོག་ཤེས་རབ་ཅན།།
དཔལ་རྡོ་རྗེ་ཡི་སེམས་དཔའ་ང་མིན་སུ།།
ཚོགས་བསོད་ནམས་དང་ཡེ་ཤེས་སྣང་བ་རྒྱས།།
ཆོས་ནོར་བུ་ཡི་མཛོད་ལ་མངའ་དབང་འབྱོར་།།
ཕན་བདེ་བ་ཡིས་སྦྱིན་པས་འགྲོ་བར་འདྲེན།།
དོན་རིན་ཆེན་ནི་འབྱུང་ལྡན་ང་མིན་སུ།།
ཕྱི་སྣང་སྲིད་ཀྱི་འཁོར་འདས་དབང་དུ་བསྡུས།།
ནང་བདེ་ཆེན་ལ་རབ་དགས་ཕྱག་རྒྱ་རོལ།།
དོན་རྫོགས་ཆེན་ཉིད་རྟོགས་པའི་རྣལ་འབྱོར་པ།།
རྗེ་འོད་དཔག་ནི་མེད་མགོན་ང་མིན་སུ།།
བཀའ་གདམས་ངག་ཉིད་མ་ལུས་ཐོས་བསམ་བྱས།།
གཏེར་ཟབ་རྒྱས་ཀྱི་དབང་ལུང་མ་ལུས་ཐོབ།།
ཆོས་རྫོགས་ཆེན་གྱི་འོད་གསལ་སྙིང་པོ་མཇལ།།
སྐྱབས་དོན་ཡོད་ལ་གྲུབ་པ་ང་མིན་སུ།།།
གནས་དུས་གསུམ་གྱི་རྒྱལ་བའི་དགོངས་དོན་དཔལ།།
ཕ་བརྒྱུད་གསུམ་གྱི་བླ་མའི་ཐུགས་དགྱེས་པ།།
གནད་སྒོ་གསུམ་ལ་རྡོ་རྗེ་གངས་ཆེན་མཚོ།།
ལྷ་རྣམ་པར་ནི་སྣང་མཛད་ང་མིན་སུ།།
བློའི་དམིགས་མདུན་ཀུན་གསང་གསུམ་ཕུ༵་ཐག་ཆོད།།
ཡུལ་མཐོང་བ་ལ་ཆོས་ཉིད་མངོན་སུམ་དཔལ།།
དེ་གོམས་པ་ཉིད་ཉམས་སྣང་གོང་དུ་འཕེལ།།
དོན་སྤྱོད་ལམ་ཀུན་རིག་པ་ཚད་ལ་ཕེབས།།
མཐར་འབྲས་བུ་ཀུན་ཆོས་ཉིད་ཟད་སར་ཕྱིན།།
གཤིས་ཀ་དག་གི་གདོད་མའི་དབྱིངས་ཀྱི་དཔལ།།
གདངས་ལྷུན་གྲུབ་ཀྱི་འཕོ་ཆེན་འཇའ་ལུས་རྩལ།།
སྐུ་ཨེ་ཝཾ་ལ་རྟེན་འབྲེལ་རང་གྲུབ་གནས།།
གནུབས་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ང་མིན་སུ།།
དྲན་ངེས་འབྱུང་ཀུན་སྐྱེ་བའི་དགོན་ཆེན་ནང་།།
སེམས་ཡང་དག་གི་བྱང་ཆུབ་སེམས་དང་ལྡན།།
བསྟན་འགྲོ་དོན་རྣམས་གང་བསམ་ལྷུན་གྱིས་གྲུབ།།
ཤྲཱིཿགུ་ཧྱེ་ལ་བཛྲ་ཀུན་ཏུ་བཟང་།
གཞིའི་དབུ་མ་ཡི་ལྟ་བ་སྤྲོས་བྲལ་རྟོགས།།
ལམ་ཕྱག་ཆེན་གྱི་སྒོམ་པ་བདེ་ཆེན་འཕེལ།།
ཆོས་རྫོགས་ཆེན་གྱི་སྟོན་པ་ཨེ་མ་ཧོས།།
མ་འགྲོ་དྲུག་ཀུན་ཀུན་བཟང་སར་འགོད་སྨོན།།
ཞེས་པ་འདི་ཡང་རབ་གནས་ས་ཁྱིའི་ཟླ་ཚེས་དགེ་བར་མཁན་སྤྲུལ་ཕྱག་རྒྱ་ཆེན་པོས་སྐུལ་ངོར་ཧེ་བཛྲ་འམ་ཤྲཱིཿཨེ་མ་ཧོས་ཐོལ་རྩོམ་ལག་བརྡ་ཙམ་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་ཨོ་རྒྱན་འོག་མིན་བདེ་མཆོག་ཕོ་བྲང་ནས་བགྱིས་པར་དགེའོ།། །།