གནས་ཚུལ་བསྡུ་རུབ་པ་ཚངས་དབྱངས་རྒྱ་མཚོས། 9882603991 / 8679044405
ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་ཞང་གི་(ཇོ་ནང་འཛམ་ཐང་དགོན་པའི་ལྷ་སྡེ་ཡིན་འདུག) བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས་ཉེན་རྟོགས་པ་དང་དམག་མི་ཚོས་མེ་མདའ་བརྒྱབ་སྟེ་བོད་མི་ཚོར་ཤི་རྨས་ཚབས་ཆེན་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་རིང་ཕྱི་དྲོ་བོད་ནང་གི་དུས་ཚོད་ ༧ ཡས་མས་སུ་བོད་ནང་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རི་སྤུངས་ནོར་མོའི་བུ་ཐར་བ་ཞུ་བས་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་རྔ་པ་ཁུལ་འཛུ་སྟོད་འཛམ་ཐང་བར་མ་ཞང་ཐོག་ཏུ་སྦྱར་ཡིག་ཅིག་བཀྲམས་པར་མ་ཟད། སྦྱར་ཡིག་ནང་དུ་ཡི་གེ་འབྲི་མཁན་ཁོ་རང་གི་མིང་དང་འདྲ་པར་བཀོད་ནས་ཁྱོད་ཚོས་འཛིན་ཐུབ་ན་འཛིན་པར་ཤོག་ཅེས་བྲིས་ཡོད་འདུག་ལ། སྦྱར་ཡིག་གི་ནང་དོན་ནི། ད་བར་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན། བོད་ལ་རང་དབང་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་པས། དམིགས་ཡུལ་དེ་མ་འགྲུབ་བར་དུ་ང་ཚོའི་ལས་འགུལ་མཚམས་འཇོག་མི་བྱེད་པར་མེར་བསྲེགས་གཏོང་ངེས་ཡིན་ཞེས་སོགས་བཀོད་ཡོད་འདུག
ཐར་བ་ལགས་ཀྱིས་སྦྱར་ཡིག་བཀྲམས་ནས་དུས་ཚོད་ ༢ ལྷག་ཙམ་ནས་ཉེན་རྟོགས་པ་དང་དམག་མི་ཕོན་ཆེན་འཛམ་ཐང་ཡུལ་ཚོར་འབྱོར་ཏེ་ཐར་བ་སང་སྐོར་ནས་ཐར་བ་འཛིན་བཟུང་བྱས་སྐབས། ས་གནས་བོད་མི་ཚོ་ཐར་བ་ལགས་ཀྱི་ཕྱོགས་སུ་ལངས་ནས་ཐར་བ་འཛིན་བཟུང་བྱེད་པར་བཀག་འགོག་དང་མཉམ་སྐད་འབོད་ངོ་རྒོལ་བྱས་པས་དམག་མི་རྣམས་ཀྱིས་མི་མང་ནང་དུ་མེ་མདའ་བརྒྱབ་ཏེ་མི་གཅིག་དེ་ག་རང་དུ་དམར་གསོད་བཏང་བ་དང་། གཞན་མི་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག ཡང་ཡོང་ཁུངས་གཞན་ཞིག་གིས་བརྗོད་ན་སྐབས་དེ་ག་རང་ལ་བོད་མི་བཞི་དམར་བསོད་བཏང་བ་དང་། མི་མང་པོར་རྨས་སྐྱོན་ཕོག་ཡོད་ཚུལ་འགྲེལ་བརྗོད་བྱེད་ཀྱིན་འདུག
བོད་ནས་ཁ་པར་བརྒྱུད་བརྗོད་དོན་ལྟར་ན་བོད་ནང་གི་ཆུ་ཚོད་ ༩།༤༠ ཙམ་ལ་འཛམ་ཐང་བར་མ་ཡུལ་ཚོར་འཛི་སྟོད་གྱི་མི་མང་འཛོམས་ཡོད་པ་མ་ཟད་འཛུ་སྨད་དང་། དེ་བཞིན་དུ་ས་གནས་གཞན་ནས་ཡང་མང་པོ་ཞིག་འཛོམས་བཞིན་འདུག་ལ། ད་སྐབས་ཚོད་དཔག་བྱས་ན་མི་ ༡༠༠༠༠ ལྷག་ཡོད་ངེས་རེད་ཅེས་ཟེར་གྱིན་འདུག་ལ། ད་སྐབས་ཧ་ཅང་ཉེན་ཁའི་གནས་སུ་ཡོད་འདུག
འཛམ་ཐང་གི་ཛ་དྲག་གནས་ཚུལ་འདིས་ང་རེ་བ་དང་ཆོད་སེམས་གསར་པ་ཅིག་སླེབས་སོང་། བོད་བཞུགས་བོད་མི་ཚོས། མཉམ་རུབ་ཀྱིས་ལས་འགུལ་འདི་ལྟ་བུ་སྤེལ་དགོས་པ་ལས། རང་སྲོག་གཅོད་པའི་ལས་འགུལ་དུས་ནམ་ཡང་སྤེལ་དགོས་ཡོད་མ་རེད།
ད་ནི་ས་ནས་དེ་ནས་བོད་རྒྱ་ཕྲག་དང་། སླར་ཡང་ཁྲི་ཕྲག་ལངས་ནས་རྒྱབ་སྐྱོར་དང་། ཉེ་འགྲམ་ནམ་འབུམ་ཕྲག་དང་། བོད་ས་ཡོངས་ནས་ས་ཡ་དང་ས་ཡ་བརྒལ་ནས་ཞི་བིའ་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་འདུག་ལགས།