གནས་ཚུལ་མཁོ་གཏོང་བ། བསོད་ནམས།
སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་ནི་རེབ་གོང་ཁུལ་གྱི་དགོན་པ་རྙིང་གྲས་ཤིག་ཡིན་ལ། ལོ་རྒྱུས་ཀྱང་རྒྱུན་རིང་ཞིང་གཞི་གསུམ་གྱི་ཕྱག་ལེན་ཡོད་པའི་སྒྲུབ་སྡེའི་དགོན་པ་ཚད་ལྡན་ཞིག་ཡིན། འོན་ཀྱང་ད་ལྟ་བར་དུ་དགོན་འདིར་ཆོས་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་རྒྱུའི་ཕྱག་སྲོལ་འཛུགས་ཐུབ་མེད། ཕྱི་ལོ་༡༩༥༨ ཡར་སྔོན་དུ་དགོན་པ་འདིའི་ནང་གྲྭ་བ་སུམ་བརྒྱ་ཙམ་ཡོད་པར་བཤད། ད་ལྟ་དངོས་སུ་བཞུགས་པ་ནི་གྲྭ་བ་བརྒྱ་དང་སུམ་ཅུ་ཙམ་བཞུགས་ཡོད།
དགེ་འདུན་པ་མང་པོ་བཞུགས་སའི་ནང་བའི་དགོན་པ་ཞིག་ཏུ་ནང་བའི་ཆོས་གཞུང་ལ་སློབ་གཉེར་མེད་པར་ལྷ་ཁང་དང་འདུ་ཁང་། སྐུ་གསུང་ཐུགས་རྟེན་དང་ཆོ་ག་ཕྱག་ལེན་ཙམ་གྱིས་ཡིད་ཚིམ་ནས་སྡོད་པ་ནི་ཕྱོགས་ཀུན་ནས་མི་འགྲིག་ཚུལ་སྔོན་བྱོན་མཁས་གྲུབ་བརྒྱ་ཕྲག་མང་པོས་ལུང་རིགས་དུ་མས་བསྒྲུབས་ཡོད་པ་གསུང་འབུམ་ཁག་ནང་ཤིན་ཏུ་གསལ་བ་ལྟར་རེད།
དེར་བརྟེན་༸གོང་ས་མཆོག་གི་བཀའ་སློབ་སྙིང་བཅངས་ཐོག་ཨ་ལགས་སྒོ་དམར་ཚང་བསྟན་འཛིན་ཐུབ་སྟོབས་གྲགས་པ་མཆོག་གིས་སྐུ་ངལ་ལ་འཛེམས་མེད་ཀྱིས་གནས་སྐབས་དང་མཐར་ཐུག་གི་དགོས་དམིགས་ལ་དགོངས་པ་ཆེར་བཞེས་ངང་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་དུ་ནང་ཆོས་ཀྱི་གཞུང་ཆེན་ལ་སློབ་གཉེར་གྱི་ཕྱག་སྲོལ་གསར་བཙུགས་གནང་བ་ནི་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱི་གནས་སུ་འོས་སོ།།
རེབ་གོང་སྒོ་དམར་མཆོད་རྟེན།
དགོན་འདི་བོན་པོའི་དགོན་པའི་བཟུང་ཞིག་རེད་ཅེས་གོ་མྱོང་དེ་བདེན་པ་ཡིན་ནམ། ངོ་མས་ངས་དྲང་པོ་ཞུ་བ་ལས་ཀླན་ཀ་འཚོལ་བ་མིན། མིས་བཤད་ཚད་ལ་ཆ་འཇོག་གི་མེད།
དྲ་གྲོགས་བན་དེ་བ་ལ་ཞུ་རྒྱུར། འབྲེལ་ཡོད་ལོ་རྒྱུས་དང་ཆོས་འབྱུང་ཁག་ཏུ་གསལ་བ་ལྟར་ན། སྒོ་དམར་དགོན་པ་འདི་ཡུལ་རེབ་གོང་གི་སྒྲུབ་སྡེ་བཅོ་བརྒྱད་ཀྱི་གྲས་ཤིག་རེད་འདུག་སྟབས། བོན་དགོན་གྱི་ཟུར་ཞིག་གམ། ཡང་ན་བོན་དགོན་གང་རུང་ཞིག་གིས་བཟུང་མྱོང་ཚུལ་ཞིག་གཏན་ནས་མི་འདུག
བོན་དགོན་ངོ་མ་དེ་ནི་ཨ་ལགས་བོན་རྒྱ་ཚང་བཞུགས་ས་རེབ་གོང་འཕྲང་ཡར་ནང་གི་བོན་རྒྱ་གྲོང་སྡེའི་ཕྱོགས་ན་ཡོད་པ་དང་། རེབ་གོང་ན་བོན་རྒྱ་གྲོང་སྡེ་དེའི་གཙོས་པའི་བོན་སྡེ་འགའ་ཤས་ཡོད་པ་དངོས་བདེན་རེད།
དེ་ཡང་སྒོ་དམར་དགོན་པ་ནི། སེ་ར་དགོན་པའི་ཁྲི་ཐོག་བརྒྱད་པ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དངོས་སློབ་སྒོ་དམར་བ་ཞང་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཕྱི་ལོ༡༤༨༢ལོར་ད་ལྟའི་དགོན་གཤམ་དུ་བཀའ་གདམས་ཕུན་ཚོགས་ཐུབ་བསྟན་གླིང་ཕྱག་བཏབ་ཅིང་།དུས་ཕྱིས་ཕྱི་ལོ ༡༦༦༣ ལོར་གྲུབ་དབང་སྐལ་ལྡན་རྒྱ་མཚོའི་ཐུགས་དགོངས་ལྟར་ཨ་ལགས་སྒོ་དམར་སྐུ་ཕྲེང་དང་བོ་སྟེ། སྒོ་དམར་ལྷ་རམས་པ་གྲུབ་དབང་བློ་བཟང་རྒྱ་མཚོས་སྔོན་གྱི་དགོན་རྙིང་དེ་ད་ལྟའི་དགོན་གནས་འདིར་སྤར་ཏེ་དགོན་པའི་མཚན་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས།