ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་གནས་ཚུལ་འབྱོར་བར་རྔ་པ་རྫོང་མཁར་དང་ཐག་ཉེ་བའི་བོད་མི་མང་པོས་བོད་ཆས་གྱོན་ནས་རྔ་པའི་ཁྲོམ་གཞུང་རྒྱུན་ལྡན་ལས་མི་ཚོགས་མང་པ་འདུ་འཛོམས་བྱུང་ཡོད་པ་དང་། མི་མང་གིས་ཁྲོམ་སོགས་ནས་མ་ཎི་བཏོན་ཅིང་ཟས་བཅད་བྱས་ཏེ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེ་ཙམ་བསྟན་ཡོད་པ་དང་། ཐེངས་གཉིས་ཙམ་ལ་མི་མང་གིས་ཡར་ལངས་བྱེད་གྲབ་བྱས་ཀྱང་སྡེབ་གཅིག་ལ་ལངས་མ་ཐུབ་པས་ན་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་མེ་མདའ་ཚད་ནས་མི་མང་གི་འདུ་འཛོམས་གཏོར་ཐབས་བྱས་ཡོད་འདུག ཡང་རྫོང་མཁར་དང་ཐག་ཉེ་བའི་བོད་མི་རྣམས་ཀྱིས་བོད་ཆས་གཙང་མ་གྱོན་ནས་གྲོང་སྡེ་སོ་སོའི་ནང་དུ་མ་ཎི་འཚོགས་ཤིང་ཟས་བཅད་སྙུངས་གནས་གནང་ཡོད་འདུག
ཕྱི་ཚེས་ ༡༧ ཉིན་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་གནང་མཁན་བཙུན་མ་བསྟན་འཛིན་དབང་མོའི་སྐུ་ཕུང་ཉིན་དེའི་མཚན་མོ་རང་ལ་མེར་སྲེག་བཏང་བཅུག་སྟེ་མེད་པར་བཟོས་ཡོད་འདུག་ལ། ད་ཆ་རྒྱ་གཞུང་གིས་དོན་རྐྱེན་དེ་བྱུང་བར་ངོས་ལེན་བྱེད་ཀྱི་མེད་འདུགཉིན་ཤས་གོང་ཞང་རེ་རེའི་ནང་ལ་མི་མང་བསྡུས་ནས་ངོ་རྒོལ་བྱས་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་པ་ཡིན་ན་གྲྭ་པ་གཅིག་ཀྱང་སྨོན་ལམ་གསུང་བར་མི་གཏོང་རྒྱུ་དང་། འགན་ཚང་མ་ཤུལ་ལུས་སྡེ་དཔོན་དང་ནང་མིས་ཁུར་དགོས་ཚུལ་གྱི་ཉེན་བརྡ་གྲོང་སྡེ་རེ་རེ་དང་མི་ཚང་རེ་རེ་བྱས་ནས་གཏོང་གི་ཡོད་འདུག
ཕྱི་ཚེས་ ༡༧ ཉིན་གྱི་མཚན་མོ་རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་སི་རིག་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས། རང་ལོ་ ༢༨ ཙམ་ཡིན་པ་རང་ཤག་ནས་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་གཏོང་བཞིན་འཛིན་བཟུང་བྱས་ཡོད་པ་དང་། གྲྭ་ཤག་གི་ནང་ཚང་མར་སྔོག་བཤེར་བྱས་ཤིང་། ཁོང་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་ཡོང་གི་མེད་འདུགཕྱི་ཚེས་ ༡༥ ཉིན་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་ནས་ཡིན་པའི་རྔ༌པ་ཀིརྟི་དགོན་པའི་གྲྭ་འཇིགས་མེད་ཆོས་འཕེལ་ཞུ་བ་འཛིན་བཟུང་བྱས་ཡོད་ཅིང་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཤེས་རྟོགས་ཡོང་གི་མེད་འདུག ཁོང་གཉིས་ཀ་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་གསལ་བཤད་བྱས་མེད་འདུག དེ་བཞིན་ཕྱི་ཚེས་ ༡༥ ཉིན་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ་གྱིས་རང་ལུས་མེར་སྲེག་བཏང་རྗེས་ཀྱི་ཉིན་དེར་མི་སྐྱ་ཁ་ཤས་ཤིག་འཛིན་བཟུང་བཀག་ཉར་བྱས་ཡོད་ཚུལ་འདུག་ཀྱང་མིང་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ལ།
ཨ་མདོ་རྔ་བའི་ཆོད་སེམས་དང་སྙིང་སྟོབས་ལ་གུས་འདུད་ཞུ།