ཀ་ཉག་ཚེ་རིང་གིས་མཁོ་སྤྲོད་བྱས།
ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡༧ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལ། ༡༽ ཟླ་བ་འདིའི་ཕྱི་ཚེས་༡༠ ཉིན་གུང་བོད་ཨ་མདོ་རྔ་པ་རྫོང་ཁྲོམ་གཞུང་དུ་ཕོ་གསར་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྐབས་མི་མང་གིས་དེར་མཐུད་དེ་སྐད་འབོད་གནང་འདུག་ལ། སྐབས་དེར་ཉེན་རྟོག་པས་མི་མང་ཁྲོད་ནས་ཨ་ཡེ་གུས་མོ། རང་ལོ་༦༤ ཡས་མས་ཡིན་པ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེང་སྐབས་ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་མ་བྱུང་ཡང་། ཁོང་མོ་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ནམ་མཁའ་སྐྱབས་ཚང་ཡིན་ཞིང་། བཟའ་ཟླ་སོགས་ནང་མི་དགུ་ཡོད་ལ། ཁོང་མོ་རྒྱུན་དུ་རྔ་པ་རྫོང་མཁར་གྱི་གཞུང་ལམ་གཙང་བཟོའི་ལས་ཀར་ཉིན་གླ་བྱས་ཏེ་འགྲོ་མུས་ཡིན་འདུག
ཉིན་དེའི་ངོ་རྒོལ་གནང་མཁན་གྱི་ཕོ་སར་གཉིས་དང་སྐབས་ཐོག་དེར་འཛིན་བཟུང་བྱས་པ་ཁག་གི་མིང་དང་ཕ་ཡུལ་སོགས་ཤེས་རྟོགས་མ་བྱུང་།
༢༽ཡང་ཟླ་བ་འདིའི་ཕྱི་ཚེས་༡༡ ཉིན་རྔ་པ་ཀིརྟི་དགོན་པའི་བློ་རིག་འཛིན་གྲྭའི་དགེ་འདུན་པ་ལྔ་ལྷག་མཉམ་དུ་དབྱར་གྱི་ས་ཚིགས་བརྒལ་བར་འགྲོ་སྐབས་ཉེན་རྟོག་པས་དོན་མེད་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་དང་། ཉིན་གཉིས་གསུམ་རེའི་རྗེས་སུ་དགེ་འདུན་པ་གཞན་རྣམས་གློད་ཡོད་ཀྱང་གྲྭ་བློ་བཟང་བསོད་ནམས། རང་ལོ་༢༢ ཡིན་པ་ཁོང་ད་ལྟ་ཡང་བཀག་ཉར་བྱས་ཡོད་འདུག་ལ། ཅིའི་ཕྱིར་བཀག་ཉར་བྱས་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།
ཁོང་ནི་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་དང་། མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། མིང་སྲིང་བཞིའི་ཆེ་ཤོས་ཡིན་འདུག་ལ། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་འདུག
༣༽ དེ་མིན་ཕྱི་ཟླ་༨ ཚེས་༢༠ ཉིན་གྱི་བོད་ནང་གི་ཞོགས་ཀའི་དུས་ཚོད་༨ དང་ཕྱེད་ཀ་ཙམ་ལ་རྡོ་རྗེ་སྒྲོལ་མ། རང་ལོ་༢༩ ཡིན་པའི་བུད་མེད་ཅིག་གིས་རྔ་པ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཞི་བའི་གོམ་བགྲོད་གནང་ཡོད་ཀྱང་དེ་མ་ཐག་ཉེན་རྟོག་པ་བཅུ་གྲངས་ཤིག་སླེབས་ནས་འཛིན་བཟུང་བཙན་ཁྲིད་བྱས་འདུག་ལ། དེའི་རྗེས་སུ་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འབྲེལ་ཡོད་སུས་ཀྱང་ཤེས་རྟོགས་ཐུབ་ཀྱིན་མེད་འདུག
ཁོང་མོ་ཨ་མདོ་རྔ་པའི་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་བསྟན་དར་ཚང་གི་ཕ་རྡོ་རྗེ་རབ་བརྟན་དང་། མ་རྟ་མགྲིན་འཚོ་གཉིས་ལ་བུ་བུ་མོ་བཞི་ཡོད་པའི་གཉིས་པ་དེ་ཡིན་ཞིང་། ཕྲུ་གུ་གསུམ་གྱི་ཨ་མ་ཡིན་འདུག (གནས་ཚུལ་འདི་རྒྱུད་ལམ་ཁག་རེ་ཟུང་ལ་ཐོན་ཡོད་ཀྱང་འདི་ནས་ད་བར་གནས་ཚུལ་ཁུངས་ལྡན་ཞིག་རྩད་གཅོད་མ་ཐུབ་པར་ལུས།)
གཞན་དེང་སྐབས་རྔ་པ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་ལ་ཉེན་རྟོག་པས་རྒྱུན་དུ་ལྟ་སྲུང་ནན་མོ་བྱས་ཡོད་པ་དང་། གཞུང་གི་ལས་ཁུངས་ཁག་ལས་གཞན་པའི་དྲ་ལམ་ཡོངས་རྫོགས་མུ་མཐུད་བཀག་སྡོམ་བྱས་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡༧ ལ།
རྒྱ་ནག་རྩ་ཁྲིམས་འོག་ཏུ་སྡོད་ཐབས་མེད་པ་གསལ་པོ་དག་པོ་ཆགས་འདུག་པས། གོང་ས་མཆོག་ནས་བོད་ནང་གི་མི་མང་ལ་སྙིང་རྗེ་སྒོམ་ནས་རྩ་ཁྲིམས་འོག་འགྲོ་གི་ཡིན་ཟེར་བ་དེ་ཕྱིར་འཐེན་གནང་རོགས་ཞེས་མི་ཞུ་ག་མེད་ཆགས་སོང་།
གོང་ས་མཆོག་ལས་ལྷག་པའི་བོད་མི་མང་ལ་སྙིང་རྗེ་སྒོམ་མཁན་ཞིག་འདས་པའི་དུས་སུ་བྱུང་མྱོང་མེད་ལ་མ་འོང་པར་ཡང་ཡོང་མི་སྲིད་པ་རེད། བོད་ནང་གི་བོད་མི་ཚོས་གོང་ས་མཆོག་བོད་ལ་འབྱོན་དགོས་ཞེས་འབོད་པ་ལས་བོད་རང་བཙན་ཞེས་མི་འབོད་པའི་རྒྱུ་མཚན་ཨེ་ཤེས། ཁོ་ཚོའི་སེམས་ནང་ལ་གོང་ས་མཆོག་ནི་བོད་རང་བཙན་གྱི་གོང་ན་ཡོད་པ་རེད། གནས་ལུགས་ཅི་ཡང་མི་ཤེས་པར་ཁོ་ཚོའི་ཆེད་དུ་གོང་ས་མཆོག་པ་གཅིག་བཤད་ཁུལ་བྱེད་པ་ནི་ངོ་ཚ་མེད་པའི་རྣམ་ཐར་རེད།