མདོ་སྨད་པ་བློ་བཟང་ཆོས་འབྱོར།
དོན་འདིར་ལག་པ་འཆང་ན་མཁྱེན་ལྡན་རྣམས་ཡིད་ཐང་ཆད་འགྲོ་བ་ཞིག་ཡིན་ངེས་པ་ནི་ངའི་ཐོག་མའི་རྣམ་རྟོག་ཡིན། དེའི་དབང་གིས་ད་བར་འདིའི་ཐད་ཚིག་གཅིག་བྲིས་མེད། ཡིན་ནའང་ཁ་སང་དེ་རིང་བུ་ངར་བ་ཁ་ཤས་ཞི་ལོང་འབུར་འབུར་སླེབས་སོང་བས་ཚིག་ཁ་ཤས་བཤད་འདོད་བྱུང།
སྐད་ཆ་མ་བཤད་གོང་ཡི་གེ་འདི་འབྲི་དགོས་པའི་རྒྱུ་མཚན་བཤད་དགོས་པ་འདྲ་སྟེ། དེ་ནི་གུས་བར་བདག་པ་ཐམས་ཅད་ཤར་ཤར་གཡུག་དགོས་བྱུང་ཀྱང། རྒྱལ་བ་རིན་པོ་ཆེ་འདི་སེམས་དང་སེམས་ཀྱི་ནང་ནས་གཡུག་ཐབས་མེད་པ་ཞིག་དང། ཀླུ་མཁར་བྱམས་ལྟ་བུ་ཕུགས་རྒྱང་རིང་པོ་མཐོང་ཚུལ་བཞེས་མཁན་རྣམས་དང་གུས་བ་བོད་མི་རིགས་ལ་བརྩེ་ཞེན་གཅིག་པ་ཡིན་པར་བསམ་ནའང། ཡིན་ལུགས་ཐད་ནས་ཞུས་ན། གུས་བས་རང་རིགས་ལ་བསླབ་པ་དང་སྲི་ཞུར་ཞུགས་པའི་མྱོང་བ་གཉིས་ཀས་ཀྱང། གང་ཡོད་པ་ཐམས་ཅད་ཀྱི་གཙོ་བོ་རྒྱལ་བ་རིན་པོ་ཆེ་ཡིན་པར་རྟོགས་ཤིང། ཁོང་གཏན་དུ་མེད་ན་ང་ལ་མི་རིགས་ཤིག་མེད་པ་ཚོར་སོང་བས་སོར་མོའི་འདུ་འགོད་ཀྱི་ལས་འདི་བརྩམས་པ་ཡིན། ཡིན་ནའང་རྒྱལ་བ་རིན་པོ་ཆེ་ཡོད་སྟངས་ཐད་སྐབས་དོན་མ་ཡིན་པས་རེ་ཞིག་སྐུམས་པར་བྱའོ།
ད་ནི་དཀྱུས་སུ་སོང་ན། མདོ་སྨད་ས་རྒྱུན་གྱིས་གནས་ཚུལ་འདི་དྲ་ངོས་བཀོད་པ་ནི་དབུས་རྒྱུན་ནས་བདག་སྤྲོད་མ་བྱས་པས་ལན་པར་བསྒྲགས་ནའང། དབུས་རྒྱུན་ཚོགས་གཙོ་ནས་ཀླུ་མཁར་བྱམས་ལ་སྐད་བཏང་དུས། ཉམས་ཆུང་ངང་ང་ནོར་འདུག་ངས་ག་རེ་བྱེད་དགོས་སམ་ཤོད་ཀྱི་འདུག་སྐད། ཡིན་ནའང་ས་རྒྱུན་རྔམས་དྲག་པའམ་དབུས་རྒྱུན་དལ་དྲག་ནས་གང་ལྟར་གནས་ཚུལ་འདི་དྲ་ངོས་སླེབས་པ་རེད། སླེབས་ཚར་བ་ཡིན་ཙང། ད་ཕྱིར་ལྟོས་བྱས་ན། དྲ་ངོས་བཀོད་པ་དེ་ས་རྒྱུན་གྱི་ནོར་འཁྲུལ་རེད། གང་ཡིན་ཞེ་ན། ཀླུ་མཁར་བྱམས་ལ་གོ་སྐབས་ཅིག་སྤྲད་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དེ་རེད། ཡིན་ནའང། མ་བྱུང་བ་རེད། དེའི་མ་ཚད། དོ་བདག་གི་ཤེས་བབ་དང་སྒེར་གཤིས་ཁ་ཤས་ཤིག་བདེན་མིན་ཆ་མ་འཚལ་ཡང་བྲིས་ཡོད་པས། དེ་གཉིས་ས་རྒྱུན་ནོར་བ་རེད། དེའི་རྐྱེན་ས་རྒྱུན་གྱིས་དེ་ལ་དགོངས་སེལ་ཞུ་དགོས་ཀྱི་འདུག
འདས་པའི་ནང་རྩོད་མེད་ཡོངས་གྲགས་སམ་གུས་བས་དགའ་མོས་བྱེད་ས་ཀླུ་མཁར་བྱམས་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་བའི་ཁུར་ལེན་སྟངས། འཚོ་བ་ངན་ངོན་གྱིས་ཡིད་ཚིམས་པ། འདྲིས་བདེ་བ་བཅས་ཡིན། གཤམ་འཁོད་ལྟ་སྟངས་འདིར་ངེད་གཉིས་ཀྱིས་སྲིན་འབུ་མེ་ཁྱེར་གྱི་སྲི་ཞུའི་གཞི་རྩའི་ལྟ་གྲུབ་དང་ཐབས་ལམ་མི་འདྲ་ས་ཡིན་པས། ངས་ཁུངས་ལུངས་དང། རིག་པ་ཡང་དག་གིས་ང་དང་ཀླུ་མཁར་བྱམས་ཀྱི་མི་འདྲ་ས་གསལ་བོ་བཟོ་འདོད་པ་དེ་ཡིན།
དེ་ནས་ཀླུ་མཁར་བྱམས་ག་རེ་ནོར་ཡོད་པ་རེད་དམ་ཟེར་ན།
གཅིག ད་རེས་བླ་རྒན་གྱི་ཚིག་དེ་སྦྱོར་སྟངས་ཀྱིས་མཐོང་ཆུང་བྱས་པ་སུ་ལ་དྲིས་ཀྱང་ས་རིས་ཐང་གསལ་རེད་འདུག་པས། བཀའ་དྲིན་ཅན་ལ་གུས་མེད་མི་བྱེད་པ་བོད་མི་རིགས་ཀྱི་ཞགས་རྩིའི་ཆ་ཤས་ཤིག་རེད་ལ། བོད་མིའི་སེམས་ཁམས་རིག་གནས་རེད། མ་ཟད་གནས་བབ་རེད་འདུག་པས། ཀླུ་མཁར་བྱམས་ཀྱིས་བོད་མི་ཚོར་ཕོགས་ཐུག་བཏང་བཞག་པ་གསལ་བོ་རེད། ཡིན་ནའང། འདི་ཙམ་ལ་མིག་བཙུམ་བཞག་ན་མ་འགྲིག་པ་མེད་ཀྱང།
གཉིས། དེ་ལས་ཚབས་ཆེ་བ་ཞིག་ནི། ཁོང་གིས་བགྲེས་ཡོལ་འདི་བོད་ལ་དོན་ཆེན་མིན་ཟེར་བ་དེའི་དོན་ནི། རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་ན་མ་འཁྲིད་ན་འགྲིག་གི་རེད་ཟེར་གྱི་ཡོད་པ་རེད། ནམ་ཞིག་བོད་མི་མང་གི་མངོན་འདོད་ལ་འགྱུར་བ་ཕྱིན་སྟེ། གདུལ་བྱའི་བོད་ལྗོངས་ཕྱག་མཚན་དུ་བཞེས་ཡོད་པའི་ལུང་རིག་ལ་ལྟོས་མེད་བྱེད་པ་ཞིག་བྱུང་ན། བོད་རྒྱ་ཆེ་མི་མང་ནམ་ཡང་དོན་གྱི་བདག་པོ་ཡིན་པས། བྱང་ཆུབ་སེམས་དཔའ་སུས་ཀྱང་ཨུ་ཚུགས་བསྐྱོན་མི་སྲིད་ལ། རྟེན་དང་ཐབས་གཞན་གྱིས་འགྲོ་དོན་བྱེད་ངེས། ཡིན་ནའང་ང་ཚོ་ཚང་མས་དུས་ཚོད་ལ་བརྟེན་ནས་འགྱུར་བ་ག་རེ་ཡིན་ཡང་ཡོང་ངེས་པར་ཁས་ལེན་གྱི་ཡོད་པ་མ་ཟད། ཤེས་ཀྱི་ཡོད་ཀྱང། དུས་ཚོད་འདིར། གནས་སྟངས་འདིར། ༸གོང་ས་མཆོག་བོད་ལ་མེད་ཐབས་མེད་པ་རིག་པ་དང་མང་གཙོ་གང་གི་ལམ་ནས་ཁྲིམས་མཐུན་དང་ཚད་ཐུབ་ཡིན་ཡང། ཀླུ་མཁར་བྱམས་ཀྱིས་ངེད་ཅག་གི་མངོན་འདོད་ལ་རྡོག་རྫུས་བཏང་སོང། ངེད་ཅག་གི་སེམས་ཁམས་ལ་རྨས་སྐྱོན་བཟོས་སོང།
དེའི་རྐྱེན་དོན་དག་འདིར་ཡོངས་གྲགས་ཀྱིས་དགོངས་སེལ་ཞུ་རྒྱུའམ། ཡང་ན་ཁོ་རང་གི་མངོན་འདོད་གང་ཡིན་ཁ་གསལ་བཟོ་དགོས།
གསུམ། ལ་ཕར་རྒྱབ་དང་ཚུར་ཕྱོགས་གཉིས་ཀ་ལྷ་འདྲེ་ཡན་ཆད་གཙང་མ་བཟོ་བའི་བློ་ཁོག་ཡོད་ཟེར་བ་དེ། གཙང་མ་བཟོ་བའི་ནང་རྒྱུད་ཀྱི་རྟོགས་པ་༸གོང་ས་མཆོག་ལ་རྒྱ་གཞུང་གི་བྱུས་དེ་ལས་གཞན་ཅི་གང་མི་འདུག་ཟེར་གྱི་ཡོད་པ་མ་ཟད། དོལ་རྒྱལ་འགོག་དགོས་པ་ལྷ་མོར་རིང་ནས་འཁོན་པ་མ་ཟད། དམ་ཆེན་ཆོས་རྒྱལ་གྱིས་མཚན་ལམ་མངོན་སུམ་དུ་བསྟན་པ་ཁོ་ནར་ཆ་འཇོག་མ་བྱས་པར། མོ་བརྒྱབས། ཟན་རིལ་བསྒྲིལ། རིས་མེད་སྐྱེས་ཆེན་དག་གི་གསུང་ལ་དཔྱད་པ་ལེགས་པར་བྱས་རྗེས། རྒྱ་འདྲེ་ཡིན་པ་དང། བསྟན་སྲིད་གཉིས་ལ་དམ་ཚིག་ལོག་པའི་བྱེད་སྟངས་མངོན་སུམ་མིག་ལ་གསལ་བོར་སྟོན་གནང་མཛད་རྗེས་བཀག་དགོས་བྱུང་ཡང། དགེ་ལུགས་པའི་དཀོར་བདག་རྩོད་ཀྱི་ཡོད་པ་ལྟ་བུའི་གཞི་རྩ་རང་ལ་འཁྱོག་བཤད་བྱས་པ་ནི། ཆོས་ཁས་ལེན་མཁན་ཞིག་ཡིན་ན་ཅི་འབྱུང་ཀུན་ལ་མངའ་གསལ་དང། མིན་ཀྱང་རྒྱལ་བ་རིན་པོ་ཆེས་གནང་བཞག་པ་དེར་ཁྱད་གསོད་བྱས་འདུག་པས། རིག་པ་ཡང་དག་གི་བཤད་རྒྱུ་འདྲ་མེད་ན། དགེ་བཤེས་སྐལ་རྒྱམ་ལྟར་རང་ལུགས་གསལ་བོ་བཟོས་ན་ལས།
མགོ་སྒུར་ནས་དོན་གནད་འདིར་སེམས་སྟེང་ནས་དགོངས་སེལ་ཞུ་དགོས་པ་རེད།
བཞི། པཎ་ཆེན་རིན་པོ་ཆེའི་སྐོར་དེ། གནས་ཚུལ་གསལ་བོ་ཡོད་ན་གསལ་བོ་བཟོས་ན། གཞུང་གིས་ནོར་ན་སྒེར་བས་ནོར་ན་མི་མང་ལ་དགོངས་སེལ་ཞུ་དགོས་པ་རེད་ལ། ཞུ་འཇུག་ཐུབ་ཀི་རེད་ལ། དེ་ལྟར་བྱས་ན་གཞུང་སྒེར་ཚང་མ་དོན་དམ་གྱི་གཞུང་དང་མི་བཟང་པོ་ཆགས་ཀྱི་རེད། མི་སྐྱོན་མེད་འཛམ་བུའི་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། ཅེས་པ་ལྟར་རེད། ཡིན་ནའང་ད་བར་བདེ་སྲུང་གིས་ཀླུ་མཁར་བྱམས་ལ་འདྲི་རྩད་བྱས་དུས་ལན་མེད་སྐད་ཐོས།
ལྔ། ༸གོང་ས་མཆོག་གིས་བོད་མི་མང་ལ་མགོ་སྐོར་གཏོང་མི་སྲིད་པས། ཁོང་གིས་པཎ་ཆེན་ཡང་སྲིད་འོལ་ཚོད་ཀྱིས་ངོས་འཛིན་ནམ་ཡང་བྱས་མེད་པ་མ་ཟད། ལས་དོན་དེ་སྣང་ཆུང་ནམ་ཡང་བྱས་མེད་པ་ཞིབ་འཇུག་བྱས་ན་མཐོང་ཡུལ་དུ་མཆིས། ཀླུ་མཁར་བྱམས་ཀྱི་སྐད་ཆ་དེ་བོད་རིགས་སྤྱི་དང། ཁོང་གི་སྐྱོང་ཡུལ་བཀྲས་ལྷུན་སྐྱ་སེར་སུས་གོ་ཡང་ཡིད་ཆེས་སུ་འཛིན་དུ་མི་སེམས་མོད། ཁོང་སྒེར་ངོས་ནས་བྱས་ན་འདི་ནི་ཧ་ཅང་གི་སྐྱག་རྫུན་གནམ་ལ་མི་ཤོངས་པ་ཞིག་རེད་འདུག་པས། ཁུངས་སྐྱེལ་མེད་ན། ༸གོང་ས་མཆོག་ལ་མྱུར་དུ་དགོངས་སེལ་ཞུས་ཏེ་སྙོག་གླེང་འདི་མཇུག་སྡོམ་རྒྱག་དགོས་པ་རེད།
ལར་ནས་གང་ཟག་སོ་སོའི་ལྟ་གྲུབ་གང་འཛིན་མིན་དང། སུ་ལ་དད་པ་བྱེད་མིན་རང་དབང་ཡིན་པས། ཁ་གསལ་བོས་ང་འདི་ལ་འདོད་པ་ཡོད། འདི་ལ་འདོད་པ་མེད། འགྲོ་སྟངས་འདི་ཡིན། ཕུགས་དམིགས་འདི་ཡིན་ཅེས་གསལ་བོར་སྨྲས་ན། ཆོས་སྲིད་གང་ཡིན་ཡང་གཙང་མ་ཆགས་འགྲོ་རྒྱུ་རེད་ལ། སྐབས་དེར་སུས་ཀྱང། མིའི་འདོད་འདེམས། བྱེད་ཕྱོགས། ཁྲིམས་མཐུན་གྱི་གཤིས་སྤྱོད་བཅས་ལ་ཐེ་བྱུས་བྱེད་དབང་མེད་པ་རེད། ཤེས་སོང་ངམ།
ཞོར་དུ། ཁ་བརྡ་དྲ་བདག་ལ་ཞུ་རྒྱུར། ད་ནས་བཟུང་སྙོག་གླེང་འདི་དྲ་ངོས་ནས་ཕྱིར་ཕུད་ཀྱིས་སྡོམ་འདི་བདེན་པར་བསམ་ཚེ་འདིའི་སྒང་ནས་མདོ་སྨད་པ་ཚོའི་སེམས་ཁུར་འདི། སྡོམ་རྒྱབ་སྟེ་མཚམས་འཇོག་ཡོང་བར་རོགས་འདེགས་ཡོང་བ་ཞུ།
མཐའ་དོན། སེམས་ཁུར་ཅན་སུས་དངོས་ཡོད་དམ། རིག་པ་དང་མཐུན་པའི་དོགས་སློང་བྱུང་ཚེ་སླད་མའི་ཆར་གོང་བཀོད་སྐད་ཆ་འདི་དག་གི་ཁུངས་ང་སྒེར་ངོས་ནས་སྐྱེལ་གྱི་ཡིན་པས། འདི་ལ་གཞན་གྱི་སྨྱན་སྦྱོར་ཡོད་པའི་རེ་དོགས་འཛིན་དགོས་དོན་མེད།
ཅེས་གཟའ་ཉི་མའི་ཉིན་ཤར་ཕྱོགས་ཁུག་རྟ་སྒེར་ནས།
Comments on “མདོ་སྨད་ས་རྒྱུན་དང་ཀླུ་མཁར་བྱམས་བཅས་ལ་བཟློ་བ།”
Comments are closed.
༌༌༌༌ཕུགས་རྒྱང་རིང་པོར་མཐོང་ཚུལ་བཞེས་མཁན་ཞེས་པ་དེའི་དོན་ནི༌༌༌༌༌༌༌༌༌༌༌༌༌ཕུགས་རྒྱང་རིང་པོ་མཐོང་མདོག་སྟོན་པ་་་་་་་་་་་་
བཀུར་འོས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས།
རྩོམ་ཡིག་འདིའི་ཐད་ཞལ་པར་ལམ་ནས་དགོངས་ཚུལ་དང་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ།
མཐོང་ཚུལ་བཞེས་མཁན་ཞེས་པ་དེ༌་་་་་་ཞེ་ས་མི་འོས་སར་ཞེ་ས་བྲིས་ཏེ་་་་་མ་མཐོང་ཀྱང་མཐོང་མདོག་སྟོན་གྱི་འདུག་ཅེས་པའི་དོན་རེད།
ཤར་ཕྱོགས་ཁུག་རྟ་ལགས།
འདིར་མཆན་བུ་འོག་མ་དེ་ཚར་གཉིས་བཀོད་འདུག་སྟབས། གཅིག་དེ་གཙང་བཟོ་བྱས་ཟིན།
ཀླུ་མཁར་བྱམས་ཀྱི་བཤད་ པ་ཡིན་མིན་གསལ་བོ་མི་ཤེས་མོད་་ཁོས་༸གོང་ས་མཆོག་ལ་བླ་རྒན་ཟེར་བ་ཙམ་མ་རེད། དེ་ཙམ་གྱིས་སྐྱོན་ཅི་ཡང་ལྷགས་ནི་མ་རེད། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་ཡིས་མ་འོངས་པར་བོད་དོན་ཐོག་ཕྱག་ལས་གནང་ན་ མི་འགྲིགས་པ་དང་། རྒྱལ་དཔང་སྐུ་རྗེས་མ་བོད་དོན་དང་འབྲེལ་བ་མེད་ཚུལ། རྒྱ་ནག་གི་ལོག་སྤྱོད་སྲིད་ཇུས་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་། གོང་ས་མཆོག་གི་དོལ་རྒྱལ་བཀག་པ་གཉིས་ལོག་སྤྱོད་སྲིད་ཇུས་ཡིན་པ་གཅིག་པ་རེད་ ཟེར་གྱི་འདུག་་་བཙན་བྱོལ་སྤྱི་ཚོགས་ནས་བོད་མི་མང་ལ་ཆོས་དད་རང་དབང་མི་འདུག་ ཟེར་གྱི་འདུག དེ་ལོག་སྤྱོད་ཀྱི་སྲིད་ཇུས་ཤིག་རེད་ཟེར་གྱི་འདུག་པས་དེ་ཚོ་ནི་ཀླུ་མཁར་བྱམས་ ཀྱི་སྐྱོན་ཆ་རེད་འདོད་གི དེ་དག་ནི་མཚན་སྨོད་རེད་འདོད་གི་་རྒྱ་ནག་གིས་གོང་ས་མཆོག་ལ་མཚན་སྨོད་བྱེད་ དུས་ཚིག་དེ་དག་བེད་སྤྱོད་བྱས་ཡོད་པ་རེད། ཞིང་བྲན་བདག་པོ་རེད། མི་མང་ལ་རང་དབང་མེད། ཆོས་ལུགས་རང་དབང་མེད་ས་དེ་བཙན་བྱོལ་སྤྱི་ཚོགས་རེད། ཁ་བྲལ་སྤྱི་ཚོགས་རེད་ དེ་བྱེད་མཁན་ཏཱ་ལས་རེད་ཟེར་ནས་རྒྱ་ནག་གི་བཤད་ཀི་ཡོད་ནི་རེད། ད་ཡིན་ན་ཀླུ་མཁར་བྱམས་ཀྱིས་ཅི་ཞིག་བཤད་གི་ཡོད་ནི་རེད། བོད་མི་རིགས་ཀྱི་བདེན་མཐའ་བཤད་ཀི་ཡོད་ནི་རེད་དམ་རྒྱལ་བ་རིན་པོ་ཆེ་ལ་མཚན་ སྨོད་བྱེད་ཀྱི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་མེད་ན་བོད་མི་རིགས་འདི་ལ་མགོ་ཡོད་དམ། རྙོག་ཟིང་གི་སྤྱི་ཚོགས་འདིར་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་པ་རེད། ང་ཚོ་མང་གཙོ་རང་དབང་
དྲང་བདེན་ཡིན་ཟེར་གྱིན་་ ང་ཚོས་རང་དབང་རྩོད་ཀྱི་ཡོད་པ་རེད། ད་ང་ཚོས་ང་ཚོར་རང་དབང་མེད་་དྲང་བདེན་མ་རེད་་མགོ་རྒྱལ་བ་རིན་པོ་ཆེ་དྲང་བདེན་ མ་རེད་ཟེན་ན་
ང་ཚོའི་རང་དབང་དང་དྲང་ བདེན་སུས་རྩོད་དགོས་པ་རེད། རྒྱ་ནག་གིས་གོང་ས་མཆོག་ལོག་སྤྱོད་པ་ཞིག་རེད་ཟེར་དུས་ང་ཚོའི་མི་ཚོས་གོང་ས་ མཆོག་ལོག་སྤྱོད་པ་རེད་ཟེར་མཁན་ལ་རྒྱབ་སྐྱོར་བྱས་ན་འགྲིག་ཡོད་དམ་། ཁྱེད་ཚོས་དམིགས་ཡུལ་ག་རེ་ཡིན་པ་།
རྒྱ་གར་ཡོང་དགོས་དོན་ག་ རེ་ཡིན་པ། རྒྱལ་བ་རིན་པོ་ལ་ཁ་གཏོང་གི་ཡོང་བ་ཡིན་ནམ
རྒྱ་ནག་ལ་རྩོད་པ་བྱེད་ཀི་ ཡོང་བ་ཡིན། རང་མི་རིགས་ཀྱི་བདེན་དོན་གླེང་གི་ཡོང་བ་ཡིན
ཀླུ་མཁར་བྱམས་ཟེར་བའི་མི་འདི་དཀྱིལ་འཁོར་ཐོག་སྐྱག་པ་གཏོང་མཁན་ཞིག་རེད། ཡིན་ནའང་ཁོ་མི་གཅིག་རེད། མི་གཅིག་གི་བྱེད་སྟངས་ཤིག་གིས་མདོ་སྨད་ཆོལ་ཁ་དང་བོད་གཞུང་གི་ནང་ན་རྙོག་དྲ་ འདུག་་ཁོ་ཚོ་ནང་འཁྲིགས་བརྒྱག་གི་འདུག་ཟེར་ན་ཡག་པོ་མ་རེད།
མདོ་སྨད་ས་རྒྱུན་གྱི་མིང་ སྤྱད་ནས་དྲ་ཐོག་ཏུ་མདོ་སྨད་ཀྱི་མིང་བརྶལག་པ་འདི་ཡག་པོ་མ་རེད། མི་ཚང་ཅིག་ལ་ཆ་བཞག་ནའང་བཟའ་འཁོན་བྱེད་སྲིད་པ་ཞིག་རེད།་དེ་ནང་ནས་འཁོན་གྱི་ ཡོད་པ་རེད། ཕལ་ཆེ་བ་དེ་འདྲ་རེད།་སྒོ་ཕྱི་སོར་སོང་ནས་ཁྲོམ་ནས་རྒྱག་རེད་བྱེད་པ་ཁ་ཤས་རེད། ད་ང་ཚོ་ཁྲོམ་ལ་བསྟན་འདུག་་་འདི་སྟོན་མཁན་སུ་རེད།
མདོ་སྨད་ས་རྒྱུན་ལ་ཐོབ་ ཐང་འདི་སུས་བྱིན་པ་རེད། མི་གཅིག་གི་དོན་ལ་མདོ་སྨད་ནག་པོ་བཟོ་དགོས་པ་ཅི་རེད། ནང་ཁུལ་དཀྲིགས་དཀྲིགས་གཏོང་མཁན་འདི་སུ་རེད་། ང་ཚོས་གཏེ་བོ་འདི་ཚོ་ངོ་མ་ཟིན་ན་རྗེས་མའང་འདི་འདྲ་མང་པོ་ཡོང་གི་རེད། ངས་བལྟས་ན་ང་ཚོས་ཤེས་དགོས་པ་འདི་རེད་འདོད་གི་
རྗེས་མ་ཐུག་ཆོག་་རྙོག་ ཆེན་པོ་ཞིག་འདུག་ཟེར་ནས་འདིར་ཡོང་བ་ཡིན་རྗེས་འང་ཡོང་གི་ཡིན་
ངའི་འདོད་པ་ཡིན་ན་ད་མདོ་སྨད་པ་ཚོས་རྫོབ་རྟགས་མ་བསྟན་ན་འོས་དགའ་འདོད་ཀི དྲང་མོར་བཤད་ན་འདིའི་ཐད་ནས་སེམས་ཁུར་ཆེ་མདོག་སྟོན་མཁན་ཚོས་གནད་དོན་ཆེ་རུ་གཏོང་གི་མེད་འགྲོ་དྲན་བྱུང་། དེ་འདྲའི་ན་ཚ་ཞིག་ཡོད་ན་ལག་ལ་གྲི་བཟུང་ནས་འཛིང་རེས་བྱོས། དེ་མ་གཏོགས་ཐག་ཆོད་པའི་དུས་ཚོད་ཅིག་མེད་ཐག་ཆོད་དོ།།
མིའི་སྐྱོན་ཆ་བཤད་ན་དང་པོ་རང་ཉིད་མི་ཡིན་དགོས་པ་རེད། ཆོས་འབྱོར་ཟེར་བ་འདི་རེབ་གོང་གི་གྲྭ་ལོག་ཅིག་རེད། བལ་ཡུལ་སྣེ་ལེན་ཁང་ནས་བཟུང་དགེ་ཆོས་སྤྲུལ་སྐུ་ཡིན་ཟེར་ནས་སྐྱག་རྫུན་ལབ་ནས་ཡོང་། སྐུ་སྒེར་ཡིག་ཚང་ལ་དེ་རང་ཞུས་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་ནས་ས་ར་སློབ་གྲྭ་སོགས་ལ་འཛུལ་ཐབས་བྱས། སྐུ་སྒེར་ཡིག་འགྲོ་སོང་སྡོད་སའི་མཐུན་རྐྱེན་སྦྱར་ཏེ་ལྡི་ལི་སོགས་འཁྱམས་ནས་མཐར་གྲྭ་བ་ལོག་བསྡད་ཡོད་པ་རེད། དེང་སང་ད་མི་འདིའི་རིགས་ཀྱིས་མིའི་མགོ་གཏམ་བཤད་ཀྱིས་ཟེར་ན་དགོད་བྲོ་བ་ལ།
ཐོག་མར་རང་གི་སྐྱག་རྫུན་ཡོད་ཚད་གཙང་མ་བཟོ་ཐུབ་ལེགས།
རྟ་མགྲིན་ལགས་སུ་ཞུ་རྒྱུར།
བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་བརྗེ་བོ་རྒྱབ་ཡོད་ནའང།ཡིག་སྣོད་ནང་གི་ཡིག་ཆ་བརྗེ་བོ་རྒྱག་གི་མ་རེད།
ང་ལ་བོད་ནས་༢༠༠༣ལོའི་ཟླ་༡༠པར་སྣེ་ལེན་ཁང་དུ་འབྱོར་ཡོད། ཉིད་ནས་ཐོ་འགོད་ཀྱི་ཡི་གེ་ངོ་མར་ཞིབ་འཇུག་བྱས་ཏེ་ཁྱེར་ཤོག
དེ་གཅིག་ཡིན།
གཉིས།སྐུ་སྒེར་ཡིག་ཚང་ཞལ་དྲོན་མོ་ལྷམ་མེར་ལྷན་ནེར་བཞུགས་ཡོད་པ་རེད།དེར་གུས་བས་གང་ཞུས་ཐམས་ཅད་སྙན་གསེང་ཞུས་དང་བཟང་སྤྱོད་ཀྱི་ཆ་ནས་ཀྱང་གཡོ་འགེབས་བྱེད་ཆོག་ནི་མ་རེད།
དེ་གཉིས་ཡིན།
སྐུ་ཉིད་ནས་དོན་དངོས་ངོ་མ་ཞིག་ཤེས་འདོད་ན།
༸གོང་ས་མཆོག་ལ་ཐད་ཀར་བཀའ་འདྲི་ཞུས་དང།
ལར་ནས་དངོས་མིང་བཀོད་ན་ངས་གསལ་བཤད་ག་རེ་བཤད་དགོས་ཀྱང་བཤད་ངེས་ཡིན།
ཀླུ་འབྱམས་ལགས་བོད་མིའི་ལས་བྱེད་བྱེད་རྒྱུར་ཕར་བཞག་དྷ་ས་ལྟ་བུའི་ཆོས་ལྡན་ཞིང་ལ་སྡོད་འོས་པའི་མི་ཅིག་མ་རེད་སྙམ་སོང་།
རྩོམ་འདི་ཀློག་སྐབས། དོ་སྣང་ཁ་ཤས་བྱུང་།
༡ བླ་རྒན་ནི་དངོས་གནས་དམའ་འབེབས་ཤིག་ཡིན་ནམ། དེ་ན་ཨ་མདོའི་སྐད་ནང་སོ་སོའི་པ་ལགས་དང་མ་ལགས་ལའང་ཕ་རྒན་དང་མ་རྒན་ཞེས་འབོད་ཀྱི་ཡོད་པས། ལོ་ངོ་སྟོང་ཕྲག་རིང་བོར་སོ་སོའི་ཕ་མའང་དམའ་འབེབས་བྱེད་ཕོད་ན། གཞན་དག་ལྟ་ཅི་དགོས།
༢ སྐད་ཆ་འདི་ལུང་ཚན་ཁེ་བཟང་ལེན་མཁན་ཤོག་ཁག་གི་ལྟ་ཚུལ་རེད། གོང་ས་མཆོག་གྲོངས་རྗེས་བོད་དོན་ཚར་ཟིན་ཡོད་ཟེར་མཁན་དག་གི་སྔོན་འགྲོའི་འཁྲབ་ཚན་རེད། དེ་ལྟ་མིན་ན། ཚེ་ལོ་སྟོང་ཐུབ་ཀྱི་དབུ་ཁྲིད་ཅིག་བོད་ལ་བྱུང་མྱོང་ངམ་མ་མྱོང་།
༣ དོན་ཚན་གསུམ་པ་ཁྲི་བྱང་རིན་པོ་ཆེ་ནས་བྱུང་བ་ཞིག་ཡིན་པས། ནང་བ་ཞིག་ཡིན་ན་འདི་ལ་འགྲེལ་བཤད་མང་མོད། འདུལ་བའི་དྲི་ཙམ་མེད་མཁན་ཚོར་སྨྲས་ཀྱང་ཚོར་མདོག་ཁ་བོ་མ་རེད།
༤ མཆན་འདེབས་མཁན་ཁྲོད་གསལ་བོར་བཟོས་ཟིན་པར་མ་ཟད། རྩོམ་ཡིག་ཁ་ཤས་ཁྲོད་བལ་གཞུང་ལའང་འབྲེལ་གཏུགས་བྱས་ནས་གསལ་བོ་བཟོས་ཟིན་ཞེས་པ་མ་མཐོང་ངམ།
༥ པཎ་ཆེན་ཆོས་ཀྱི་ཉི་མར་སུས་དགོངས་སེལ་དང་ལོ་ངོ་འདི་ཙམ་རིང་བཙོན་ལ་ཚུད་པར་སུས་འགན་འཁུར་རྒྱུ་ཡིན་ནམ།
གོང་གསལ་ཚན་པ་ལྔ་ཅན་གྱི་རྩོམ་ཡིག་འདིའི་དོགས་འདྲི་ཡིན་པས། ལན་གསུང་རོགས།
ཀླུ་ཁར་བྱམས་ལགས། རང་བཙན་དང་རྒྱལ་བ་རིན་པོ་ཆེ་འགྲིག་འདུག་་འགྲིག་མི་འདུག་ཟེར་ནས་སྐད་ཆ་ཆེན་པོ་མ་བཤད། དང་པོ་རང་ཉིད་ཀྱི་འཚོ་བ་རང་བཙན་བྱས། ག་དུས་ཡིན་ན་བོད་གཞུང་གི་སྐྱོབ་གསོ་ཟས་ནས་མ་འདུག ཁྱེད་རྒན་ཁོག་ནི་མ་རེད། དབང་པོ་ནི་ཚང་། ཕོ་སར་སྟག་འདྲ་བ་ཞིག་རེད། རང་ཁ་མི་སོས་ན་རང་བཙན་ག་འདྲ་སེ་ལེན་གི་ཡིན།
མི་འགའ་ཤས་ཀྱིས་བཤད་ན་རྒྱ་གཞུང་གིས་ཁྱེད་ལ་ལོ་བཅོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ནས་ནང་མིས་དངུལ་སྤྲད་དེ་ཉོས་བ་རེད། ཆབ་སྲིད་ཀྱི་ཁྲིམས་ཉོ་ཡ་ཞིག་ཨེ་ཡོད་ལ། ཡོད་ན་ལིག་ཞོ་པོ་ད་ལོ་ཉོ་མ་ཐུབ་པ་ཅི་རེད། ལྷག་པར་ཁོ་རང་གི་ལོ་ཐག་ཁྱེད་ལ་བལྟོས་ན་ཉུང་ཉུང་རེད། གཏམ་འདི་དག་བདེན་པ་ཡིན་རྒྱུ་མ་རེད། བདེན་ན་ནི་ཁྱོ་ལ་དོགས་པ་ཆེན་པོ་ཟ་གི་འདུག
ཉེ་སྔོན་འདིའི་སྐོར་ནས་འུར་འུར་ཟང་ཟིང་མང་པོ་བྱས་སོང་། ད་་་་་མགོ་འཇགས་ནས་འགྲོ་བཞིན་པའི་སྐབས་འདིར་ཡང་དྲ་ཐོག་ཏུ་རྩོམ་ཡིག་འདི་འདྲ་ཞིག་བཏང་ན་འོས་འཚམ་མི་འདུག སྤྱི་ཚོགས་དཀྲུག་གི་ཡོད་པ་འདྲ་བོ་འདུག འདི་ངའི་མཐོང་སྣང་ཡིན།
སྤྱིར་གནད་དོན་འདིའི་རིགས་དྲ་ཐོག་ལ་རྩོམ་ཡིག་སྤེལ་ནས་ཐག་ཆོད་གི་མ་རེད། ལྷག་བསམ་རྣམ་དག་གིས་གནད་དོན་དེ་ཡག་པོ་བྱས་ནས་ཐག་གཅོད་བྱ་འདོད་ཡོད་ཚེ། ས་རྒྱུན་དང་ཀླུ་མཁར་བྱམས་གཉིས་མི་ཐུག་ས་ཞིག་ན་ཡོད་ནི་མ་རེད། གདོང་དང་གདོང་ཐུག་ནས་སྐད་ཆ་བཤད། མགོ་སྒུར་ས་ཡོད་ན་མགོ་སྒུར། དགོངས་དག་ཞུ་ས་ཡོད་ན་དགོངས་དག་ཞུས། དེ་མིན་རྩོམ་ཡིག་སྤེལ་ནས་གནད་དོན་ཆེ་རུ་མ་གཏོགས་ཆུང་རུ་མི་འགྲོ་བས་དེ་དོན་རྩོམ་མཁན་དང་རྩོམ་སྒྲིག་གཉིས་ཀྱི་དགོངས་པར་འཇགས་རོགས་ཞུ་ཞུ།
ཐུགས་རྗེ་གཟིགས། བསམ་བློ་གུ་དོག་མ་གཏོང་རོགས། ཚང་མ་ཤེས་ཡོན་པ་ཞིག་ཡིན་པའི་ཁུལ་རེད་མོ།
ཆོས་འབྱོར་ཟེར་ལགས། ཀླུ་བྱམས་ལ་བཤད་པ་ནི་། ཁ་ཏ་ཞིག་གིས་ཕག་ཅིག་ལ་ནག་པོ་རེད་ཟེར་བ་འདྲ་བོ་རེད། ལོ་ཤས་སྔོན་ཁྱེད་ནས་ཡང་རྒྱལ་བ་རིན་པོ་ལྷ་མ་རེད་། མྱི་རེད། རྒྱལ་བ་རིན་པོ་ཆེ་སྤྱིན་རས་གཟིགས་མ་རེད། མྱི་རེད། རྒྱལ་བ་རིན་པོ་ཆེ་ལ་ཨ་མའི་བུ་ཟེར་དགོས་ནས་བོད་པ་མང་པོའི་སེམས་རྨ་ཁ་ག་ཚད་བཟོས་སོང་། དེའི་ཕྱོགས་ནས་ཀླུ་མཁར་ཁྱེད་ཉིས་ལ་་་ཤ་རྒྱ་མ་གང་གིས་ཡང་ལྕི་མེད། ར་སོར་མོ་གང་གིས་རིང་ཐུང་མེད།
ཆོས་འབྱོར་གྱིས་ཚན་པ་ལྔར་ཅུང་ཙམ་དཔྱད་ན།
༡ བླ་རྒན་ཞེས་པ་དམའ་འབེབས་ཡིན་ན། ཨམ་སྐད་ཁྲོད་ཀྱི་ཕ་རྒན་དང་མ་རྒན་ཡང་དམའ་འབེབས་ཡིན་པས། དམའ་འབེབས་ལས་བཤད་མི་ཤེས་པ་མ་རེད་དམ།
༢ གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་མ་ཆོག་པ་དེ་རྒྱ་མིའི་སྲིད་ཇུས་རེད་ལ། དེ་ནི་གོང་ས་གྲོངས་རྗེས་བོད་དོན་ཚར་སོང་ཞེས་པའི་སྔོན་འགྲོ་རེད།
༣ མདོར་དྲིལ་ན་དགེ་སློབ་ཀྱི་འགལ་བ་ཞིག་རེད། འདུལ་བ་ཤེས་མཁན་ཚོས་མ་གཏོགས་ཤེས་ཁག་པོ་ཞེ་དྲག་རེད།
༤ བལ་ཡལ་དང་སྲིད་གཞུང་དང་ས་སྐབས་དེའི་ཚགས་ཤོག་སོགས་སུ་གསལ་བས། བདེ་སྲུང་གིས་སྐུ་རྩེད་ཞུ་བཞིན་པ་མིན་ནམ།
༥ པཎ་ཆེན་ཆོས་ཀྱི་ཉི་མར་སུས་དགོངས་དག་དང་སུས་ཉེས་འགན་འཁུར་དགོས་སམ།
ལན་རྒྱག་ཐུབ་མཁན་ཡོད་ན་ཕེབས་ཆོག སྡོམ་པ་ཅན་ཚོས་གཟབ་གཟབ་བྱོས།
འབྲོག་ཆོས་ལགས། ཁྱེད་ལ་གནས་ལུགས་འདུག ཡིན་ནའང་ཆོས་འབྱོར་གྱིས་ཀླུ་མཁར་བྱམས་ལ་སྔ་ས་ནས་ཅིག་ཐུག་རོགས་ཀྱིས། མེ་ཕུ་ཐུང་ནང་ནས་བསད་ན་དགའ་ཟེར་འདོད་དུས། ཁོང་གིས་ཀ་ཀོར་གྱིས་ཐུག་ཡོད་པ་མ་རེད།
ཡིན་ནའང། རྒྱལ་བ་རིན་པོ་ཆེར་ཁྱད་གསོད་བྱས་པ་དག་རང་དགར་འགོ་འཇགས་ས་བུད་སོང་ན། ཁྱེད་ཀྱང་ཤེས་ཡོན་པ་རེད། འགྲིག་གི་རེད་དམ། བོད་གཞུང་གི་སྡེ་ཚན་ཞིག་ནས་ཁྱེད་ཀྱིས་ལས་ཀ་བྱས་མྱོང་བ་རེད། ཁྱེད་ལ་དེ་འདྲའི་ཚོར་བ་ཡོད་དམ།
དེ་ནས་མིས་མིང་བཀོད་མེད་ཀྱང། སྐད་ཆ་བདེན་པ་འདྲ་བོ་བཤད་ཀྱི་འདུག ཡིན་ནའང། ཆོས་འབྱོར་གྱི་ཨ་མའི་བུ་ཚིག་དུམ་ཐུང་ཐུང་ཞིག་གཡུག་བཞག་པ་ཞིག་མ་རེད་ལ། རྩོམ་འདིར་ཡང་ཁོང་གིས་རྒྱལ་བ་རིན་པོ་ཆེ་ཡོད་སྟངས་དེ་སྐབས་དོན་མིན་པས་སྐུམས་པར་བྱའོ་གསུངས་མི་འདུག་གམ། ཁོང་གིས་མྱི་རུ་ལྟ་དགོས་འདུག་ཟེར་བ་དེས་ཁྱད་གསོད་ག་རེ་བྱས་འདུག་གམ། ཆབ་སྲིད་ཀྱི་འགན་ལེན་དུས་རྒྱབ་ལྗོངས་ཡོད་པའི་ཐོག་ནས་བོད་པ་ཚོས་འདྲ་མཉམ་གྱིས་མྱི་སྐད་བཤད་དགོས་ཀྱི་འདུག་ཟེར་གོ་ནི་རེད། ད་དུང་བག་ཆགས་དང་སེམས་ཁམས་རིག་གནས་ཀྱི་ངོས་འཛིན་ཚང་མ་དཔྱད་པའི་རྗེས་སུ་འཇུག་དགོས་བཤད་ཡོད་ནི་རེད། བོད་མི་མང་གིས་རྒྱལ་བ་རིན་པོ་ཆེར་དད་པ་བྱེད་སྟངས་དེ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན། ཁོང་གི་དགོངས་གཞི་འགྲུབ་རྒྱུར་དཔུང་འདེགས་བརྟན་པོ་ཞིག་ཡོང་གི་རེད་ཅེས་བཤད་ཡོད་པ་རེད། དེ་དང་ཀླུ་མཁར་བྱམས་ཀྱི་ཚིག་དུམ་རེ་གཉིས་གཡུག་བཞག་གཉིས་འདྲ་བོ་འདུག་གམ། ཁོང་གི་ཨ་མའི་བུའི་དེབ་ཁྱེད་ལ་ཕུལ་ཆོག ཁྱེད་གང་དུ་བཞུགས་གནས་ཤོད་དང་ལོ།
འདིའི་སྐོར་ལ་ཅིག་བཤད་དགོས་བསམ་ནས་ཡུན་རིང་ཕྱིན་སོང༌། བྲེལ་བའི་དབང་གིས་འབྲི་ཁོམ་མ་བྱུང༌། དེ་རིང་ཆོས་འབྱོར་གྱིས་བཤད་འདུག་ ངས་བཤད་དགོས་བསམ་པ་དེ་ཚོ་ཕལ་ཆེ་བ་བཤད་འདུག བྱས་ཙང་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
སྔ་གཞུག་ཚང་མའི་མཆན་འདེབས་མཁན་ཚོར་བལྟས་ཡོང་ན། དྲང་ཚུགས་ཅན་ཕལ་ཆེར་མེད་ཚོད་དུ་འདུག་པས། དྲ་ཐོག་གི་ཡིག་མཁན་རྣམས་ནི་འུར་འདྲོག་རྐྱང་རྐྱང་ལ་མགོ་འཁོར་བཞིན་མེད་དམ་སྙམ། ལྷག་པར་དུ་སྤྱི་དོན་ཞེས་ནམ་ཡང་གླེང་གླེང་དུ་སྡོད་མཁན་ཚོས་ཀྱང་སྤྱི་དང་བྱེ་བྲག་གི་ལངས་ཕྱོགས་ནོར་གྱིན་ཡོད་པ་འདྲ།
འདིའི་སྔ་གཞུག་ནས། མི་རེ་འགས་གནད་དོན་འདི་ལུང་ཚན་གྱི་ཕྱོགས་འཐེན་ཆེན་པོ་ཞིག་གི་ངོ་བོར་བསྒྱུར་གྱིན་འདུག་པས། སྙིང་ལ་རུས་པ་ཅན་དང༌། ཤེས་འཇོན་ལྷག་བསམ་ལྡན་པ་རྣམས་ཀྱིས་ངེས་པར་ཡིད་གཟབ་གནང་རོགས།
མདོ་སྨད་རྒྱུན་ལས་རྣམས་པ་ལགས། ཉམས་ཆུང་ལ་ཐུབ་ཚོད་མ་བཏང་ན་ལེགས། ཀླུ་མཁར་བྱམས་ལས།
མདོ་སྨད་པ་ཡོན་ཏན་རྒྱ་མཚོ་ནགས་ཉེས་ཆེ་གི་ཡ། ཁོས་བྲིས་པའི་དེབ་ཞིག་མཐོང་སོང་༧གོང་ས་མཆོག་དང་
བོད་གཞུང་ལ་སྐྱོན་བརྗོད་ཀྱང་ཀྱང་རེད་འདུག
ཁྱི་སྐོ་རྩོད་སྟངས་ཤིག།
ཨ་ལགས་གྲིམ་པོ་ཚང་གི་ཁྱི་སྐོའི་ཁ་ན།།
ཨ་མདོའི་ཨབ་སོ་འགའ་ཡིས་སྐད་ཅོར་རྒྱག་གི།
ཨ་ཁུ་སྤེན་པའང་ནང་ན་ཡོད་པ་འདྲ་བས།།
ཨ་ལགས་ཚང་ལ་ཡ་ལགས་ཟེར་ནི་མང་གྭ།
ཨ་རྒྱ་གཉིས་ཀའི་ཚོང་འབྲེལ་ཡིད་ལ་ཡོང་གྭ།
ཨ་མའི་བུ་ཡིན་ཁྱོད་ཀྱིས་ལྟད་མོར་ལྟོས་ཞེས།།
ཨ་ཚོགས་མྱི་ལྡང་ཐོག་ལ་ངར་ངར་བྱེད་བཞིན།།
ཨ་ཀ་མ་ཡི་ལུང་ན་དངོས་སུ་གསལ་བའི།།
ཨ་མདོ་སྟག་མཚེར་༧བསྟན་འཛིན་རྒྱ་མཚོ་མཆོག་ལ།།
ཨ་ཁུ་བླ་རྒན་ཞེས་ན་མི་ཆོག་ཟེར་གི།
ཨ་ཧྥུ་རྒན་ན་བཞུགས་པའི་བྷེན་ལ་ལྡེན་བཞིན།།
ཨ་མདོ་གན་ཚོར་དཔའ་སྙིང་གཉིས་ཀ་ལྡན་ཚེ།།
ཨ་ཡིག་ལས་འཁྲུངས་ཡེ་ཤེས་མངོན་དུ་གྱུར་བའི།།
ཨ་བ་ཨ་མ་གན་ཚོས་ཉན་ས་མ་རེད།།
ཨ་རིའི་སྲིད་འཛིན་ཁྲི་ནས་གཡུག་ན་ཐང་གི།
ཨ་མ་གཡུག་སྟེ་རི་ལ་བྲོས་ནས་ཡོང་དུས།།
ཨ་ཞང་ཚང་ལ་དེ་འདྲའི་ངར་ཞིག་མེད་མོད།།
ཨ་ལོ་ཞོ་ཀྲང་ཐབས་དང་བཀོད་པར་མཁས་བས།།
ཨ་ཚོགས་མྱི་ལྡང་རིག་པ་བརྟུལ་བ་མ་གཏོགས།།
ཨ་མདོ་གཞན་པ་ཚང་མ་མཁས་བ་ཆགས་འདུག།
ཨ་ར་ཝ་ཙ་བཟློས་བའི་བཀའ་དྲིན་ལོས་ཡིན།།
ས་རྡ་ས་སྡེར་མ་གང་ལ། གྱོད་ཁ་མཆུ་ལུང་པ་གང་འདུག
ངས་རང་གི་གོ་ཚོད་རིག་ཚོད་ཅིག་རྩོམ་ཡིག་འདིར་མཆན་དུ་བཏབ་ཡོད་པ་རྩོམ་སྒྲིག་པས་བསུབ་ཚར་འདུག ཁ་བརྡ་དྲ་ཐོག་ཏུ་ཨ་ལག་འཇིགས་མེད་དང་རྡོ་རྗེ་དབང་ཕྱུག ཨ་ལོ་སོགས་ལ་ཕོགས་པའི་སྐད་ཆ་འགྲོ་ས་མེད་པ་འདྲ། ཁྱེད་ཚོའི་དྲ་བ་འདི་དྲང་བདེན་སྨྲ་སའི་སྟེགས་བུ་ཡིན་ཤག་བྱས་ཡོད་མོད། སྟབས་ཉེས་པ་ཞིག་ལ་ཁ་བརྡའི་ནང་ཁ་ཡག་ངོ་དགའ་མ་གཏོགས་འགྲོ་ས་མི་འདུག
རྡ་ས་མདོ་སྨད་རྒྱུན་ལས་ཚོས་ཀླུ་མཁར་བྱམས་ལ་ཉེས་མེད་ཉེས་འཛུག་བྱས་པའི་གླེན་གཏམ་ལུང་བ་གང་དྲ་ཐོག་ཏུ་བཀོད་པར་ཁྱེད་ཚོས་གནོད་སྐྱོན་གང་ཡང་མཐོང་གི་མེད་ན། ངས་རྡ་ས་མདོ་སྨད་ས་རྒྱུན་ཚང་གི་ནག་ཉེས་ཐེར་འདོན་གྱི་མཆན་ཐུང་ཞིག་བཀོད་པ་དེ་སྐར་ཆ་རེ་གཉིས་ནང་ལ་བསུབ་དགོས་པའི་གནད་འགག་གང་ལ་ཐུག་ཡོད་དམ། ཁ་བརྡ་རྩོམ་སྒྲིག་པས་འདི་ལ་ལན་གསལ་བོ་ཞིག་རྒྱག་དགོས།
དགེ་ཆོས་སྤྲུལ་སྐུ་ས་རྩོད་གནམ་རྩོད་རྒྱག་ཀི
ཆོས་འབྱོར་གྲུང་བོས་སྐུ་སྒེར་འཚོ་སྣོན་ཐོབ་སོང་།
བཀའ་དྲིན་འཇལ་སྟངས་མ་གཞི་འདི་འདྲ་མིན་ཡང་།
བཙན་བྱོལ་ཨ་མདོའི་ནང་ལ་གཡུལ་ཞིག་བཤམས་ཤིང་།
སྐུ་ངོ་སྤེན་པས་ཇུས་བཏོན་ཤ་འབྲོང་རྡོར་དབང་།
སྨྱུ་གུ་མདའ་རུ་བསྣམས་ནས་སྒྱོགས་ཤིག་བཟོས་པ།
ཨ་ལོས་ཅི་ཡིན་མ་ཤེས་ཀླུ་ལ་འཕངས་པས།
མཚོ་སྔོན་སྐྱིད་སྡུག་གསར་བའི་སྐྱ་ཐིག་བསྐྲུན་ཞིང་།
ཕྱི་ནང་ཨ་མདོའི་ཁྲོད་ལ་རླབས་ཤིག་བརྡོལ་འཕྲལ།
མོག་རུ་བསྟན་པས་གཡུལ་དོར་ནང་ལ་ལོག་བྱུང་།
ཡིན་ཡང་ཆོས་འབྱོར་འཚོ་བར་ཡོང་ཁུངས་མེད་པས།
འཚོ་སྣོན་ལེན་ཐབས་གཡུལ་ལ་འཇུག་འགོ་བརྩམས་སོང་།
དེ་བས་མྱི་སྐད་སྨྲ་བར་དངོས་གནས་སྤྲོ་ན།
དགེ་རྒན་བླ་རྒན་ཆ་འདྲའི་གནམ་རྒན་མ་ལ།
དམའ་འབེབས་རེད་ཅེས་བཤད་ཕོད་དམ་ཨ་མདོ་བ།
༡ ཡག་པོ་ཞེ་དྲག་རེད། ནང་ཚགས་ཟེར་ནས་གསང་དགོས་པ་ཞིག་ཡོད་པ་མ་རེད། དོན་དག་ག་རེ་ཡིན་ནའང་ཕྱི་གསལ་ནང་གསལ་བྱེད་རྒྱུ་གལ་ཆེན་པོ་རེད། མདོ་སྨད་ས་རྒྱུན་གྱི་ཡི་གེ་དེ་དྲ་ཐོག་ལ་བཀོད་པ་འགྲིགས་འདུག
༢ ཀླུ་མཁར་བྱམས་ངས་ངོ་མི་ཤེས། ཁོང་གི་རྩོམ་ཡིག་ཁག་ལ་བལྟས་ཡོང་ན། མི་དྲང་མོ། སེམས་ཤུགས་ཡ་མེད་ཅན་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་འདུག བཅོས་མ་དང་རྫུན་མ་ཞིག་གིས་བསམ་ཚུལ་ཚ་བོ་དང་རྣོན་པོ་དེ་འདྲ་ཞིག་བཤད་ཐུབ་ཐབས་ཁོ་རང་ཡོད་པ་མ་རེད། འགའ་རེས་ཁོང་རྒྱ་མིའི་སོ་བ་ཡིན་པ་ལྟ་བུ་ཞིག་བཤད་ཡོང་བ་དེར་ང་ཡིད་ཆེས་ཅུང་ཟད་ཙམ་ཡང་སྐྱེ་གི་མི་འདུག
༣ ད་ཁྱེད་ཚོའི་རྙོག་དྲ་འདི། དད་པ་ཅན་དང་དད་པ་མེད་མཁན་བར་གྱི་རྒྱལ་བ་རིན་པོ་ཆེར་ལྟ་སྟངས་ཤིག་རེད། ཀ རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་དངོས་ཡིན་པར་མཐོང་མཁན་ཞིག་གིས། ཁོང་གི་ཐོག་ནས་སྐྱོན་སྤུ་ཙམ་ཡང་རྙེད་རྒྱུ་ཡོད་པ་མ་རེད། གལ་སྲིད་ཅིག་རྙེད་པ་ཡིན་ནའང་དགོངས་གཞི་དང་དགོས་པ་བླ་ན་མེད་པ་ཞིག་ཡོད་མདོག་ཁ་པོ་རེད་བསམ་གི་རེད། རང་གི་དད་པའི་ལྷ་ལ་སུ་ཞིག་ནས་སྐུར་འདེབས་བྱས་ན་ཁོང་ཁྲོ་ཟ་སྲིད་ཀྱི་རེད།
ཁ རྒྱལ་བ་རིན་པོ་ཆེ། ཁོང་གིས་གསུང་བཞིན་པ་ལྟར་མི་ཡིན་པར་མཐོང་མཁན་ཞིག་ནས། མི་ཞིག་ཡིན་པའི་ཐོག་ནས་སྐད་ཆ་བཤད་གི་རེད། སྐྱོན་ཏུ་མཐོང་ན་སྐྱོན་བརྗོད་ཀྱང་བྱེད་གི་རེད། རྩ་བའི་བོད་ཀྱི་རྩ་དོན་སྒྲུབ་སྟངས་ཐོག ་་ལོག་སྤྱོད་་ པ་ཞིག་ཏུའང་མཐོང་སྲིད་པ་རེད། དེ་བཞིན་སྐྱོན་བརྗོད་ཀྱང་བྱེད་སྲིད་པ་ཞིག་རེད།
༤ ཀླུ་མཁར་བྱམས་ལ་གཏམ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པ་རེད། དེ་ལ་བརྩི་འཇོག་བྱེད་དགོས་པ་རེད། ཡིན་ནའང་། གཏམ་བརྗོད་བྱེ་བྲག་པ་རེས་སྤྱི་ཚོགས་དང་ཆོས་ལུགས་གང་ཞིག་གི་དད་མོས་དང་ཡིད་ཆེས་ལ་དོ་ཕོག་བཏང་ཡོད་ན། དེ་ཚོར་ཡང་ཁྲིམས་གཏུག་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རེད། དེ་ལ་དྲ་ཐོག་ནས་ཀྱང་རྩོད་རྒྱུ་ཡོད་པ་མ་རེད།
༥ བླ་རྒན་ཟེར་བའི་ཚིག་དེ་མཐོང་ཆུང་ཡིན་མིན་ནི། སྐབས་གང་འདྲ་ཞིག་གི་སྐབས་ཙིག་དེ་བཀོལ་ཡོད་མེད་ལ་ཐུག་ཡོད་པ་རེད་བསམས། ནང་ཚགས་དང་ཐག་ཉེ་བོ་བྱས་ནས། འུ་ཚང་གི་བླ་རྒན། ངེད་ཚང་གི་བླ་རྒན་ཟེར་བ་དེ་འདྲ་ཡང་ཡང་གོ་མྱོང་། གོ་མྱོང་བ་མ་ཟད་རང་ཉིད་ནས་བཀོལ་ཡང་མྱོང་། ཐ་ན་༧རྒྱལ་བ་རིན་པོ་ཆེའི་ཐོག་ཀྱང་བཀོལ་མྱོང་། མཚམས་རེར་གྲོགས་པོ་ཚོའི་མཉམ་ཁ་བརྡ་བྱེད་སྐབས། རྒྱལ་བ་རིན་པོ་ཆེ་ལ་བླ་རྒན་ཚང་ཟེར་གྱི་ཡོད་ནོར་ཡོད་ན་དགོངས་འགལ་མེད་པ་གྱིས།
༦ ད་མདོར་དེད་ན། དད་པ་ཡོད་མཁན་ཚོས་གུས་པ་དང་ཞེ་སས་བཀུར། དད་པ་མེད་མཁན་ཚོས་འདྲ་མཉམ་གྱི་ཚིག་གིས་བོས། ཁྲིམས་ཐོག་ནས་མི་ཚང་མ་འདྲ་མཉམ་རེད། ༧རྒྱལ་བ་རིན་པོ་ཆེ་དང་ཀླུ་མཁར་བྱམས་གཉིས་ཀྱང་འདྲ་མཉམ་རེད།
འདིར་འུ་ཐུག་པའི་གསལ་བཤད་ཐུང་ངུ་ཞིག་ཞུ་གི་ཡིན།
ད་ཕན་ཁ་བརྡའི་ཐོག་ལ། རྡ་སའི་མདོ་སྨད་ས་རྒྱུན་གྱི་ཞུ་ཡིག་དེ་དང་འབྲེལ་ནས། རྩོམ་ཡིག་ལྔ་དྲུག་ཙམ་འབྱོར་སོང་། འབྱོར་བ་ཚང་མ་བཀོད་ཡོད། ཁ་བརྡ་དྲ་བ་འདི་མདོ་སྨད་ས་རྒྱུན་གྱི་ཕྱོགས་གཏོགས་མིན་ལ། ཀླུ་མཁར་བྱམས་ཀྱི་ཕྱོགས་གཏོགས་ཀྱང་མིན། ང་ཚོས་རྩོམ་ཡིག་རྣམས་བཀོད་ཚར་བའི་རྗེས་སུ། རྩོམ་དང་འབྲེལ་གྱི་མཆན་གྱི་ཁོངས་སུ། གང་ཟག་སྒེར་ལ་དམོད་པ་དང་ཚིག་རྩུབ་སྨྲ་བ། ཀླན་ཀ་འཚོལ་བ་སོགས་ཡོད་པ་རྣམས་ལ་སྟངས་འཛིན་བྱེད་བཞིན་ཡོད། རྩོམ་རེ་གཉིས་ཀྱི་མཆན་སྒོ་རྒྱག་དགོས་འཁེལ་བ་ཡང་བྱུང་སོང་།
རྒྱུ་མཚན། ཀློག་མཁན་ཚོས་ནང་ཁུལ་ལ་དམོད་པ་དང་ཚིག་རྩུབ་སྨྲ་བ། འཛིང་བ་སོགས་ལ་བརྟེན་ནས་རེད།
ད་བསམ་དུས། ཁ་བརྡ་དྲ་བར་གདམ་ཀ་གཉིས་མ་གཏོགས་མེད། གཅིག་དེ་མཆན་སྒོ་རྒྱག་པ་དང་གཞན་དེ་གནད་དོན་འདིའི་རིགས་དང་འབྲེལ་བའི་རྩོམ་མི་འགོད་རྒྱུ་གཉིས་རེད།
ཁ་བརྡའི་མཆན་ལ་སྟངས་འཛིན་དང་དོ་དམ་བྱེད་མཁན་ཚོས། རང་གི་དུས་ཚོད་ཟུར་དུ་བཏོན་ནས་ལས་ཀ་བྱེད་བཞིན་ཡོད་པ་ཀློག་མཁན་ཚོས་མཁྱེན་པ་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
མདོ་སྨད་རྒྱུན་ལས་ལྷན་རྒྱས་ལགས། ཉམས་ཆུང་ལ་ཐུབ་ཚོད་མ་བཏང་རོགས། ཀླུ་མཁར་བྱམས་ལས། མདོ་སྨད་ཡོན་ཏན་རྒྱ་མཚོ་ནག་ཉེས་ཆེ་བ་མ་ཡིན་ནམ། ཡོན་ཏན་རྒྱ་མཚོའི་དེབ་ཞིག་མཐོང་མྱོང་ཡོད་། ༧གོང་ས་མཆོག་དང་། བོད་གཞུང་ལ་སྐྱོན་བརྗོད་ཀྱང་ཀྱང་རེད
དགེ་ཆོས་དང་འབྲོག་ཆོས་ལགས་སུ་ཞུ་རྒྱུ།
འདི་ལ་གཞན་གྱི་སྨྱན་སྦྱོར་གང་ཡང་མེད་ཅེས་ངས་ཐོག་མ་ནས་ཞུས་ཡོད།དེ་བས་འགོ་འདི་ངས་བཙུགས་པ་རེད་ལ།མཇུག་ཡང་ངས་བསྐྱལ་གྱི་ཡིན།དེ་གཅིག་ཡིན།
༡ཕ་རྒན་མ་རྒན་ཟེར་སྲོལ་ལྟར།རྒྱ་རྒན་ཁྱི་རྒན་ཟེར་སྲོལ་ཡོད་པ་རྣམས་གླེང་ན་ཁ་ཤས་ཀྱིས་དུང་དཀར་ཚིག་མཛོད་སྔོགས་འདུག་གཱ
དེ་བས་སྐབས་འདིར་ཁོང་གིས་མཐོང་ཆུང་བཏང་བ་རེད་ཅེས་ངས་སྐད་གསེང་མཐོན་པོས་ཞུ་རྒྱུ་ཡིན།
༢ང་སྒེར་ནས་༸རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ལ་ཕེབས་ཆོག་མི་ཆོག་གི་སྐད་ཆ་ཚིག་གཅིག་བཤད་མེད།བཤད་དགོས་དོན་ཀྱང་ཡོད་པ་མ་རེད།གང་ཡིན་ཞེ་ན་མྱི་ཆུང་ཆུང་གི་གཏམ་ཆེན་པོ་རེད།ཡིན་ནའང་བོད་མི་མང་གི་མངོན་འདུན་ཡིན་པ་ངས་གསལ་བོར་མཐོང་ཡོད།དེ་ནི་གཞིས་ཆགས་ཁག་གི་མི་མང་ཚོའི་བསམ་ཚུལ་ལས།
གཞན་ང་བདུན་རེར་སྣེ་ལེན་ཁང་དང་བསྔོ་རྟེན་ཁང་དུ་སོང་ནས་ཉི་མ་ཕྱེད་ཀ་རེར་བོད་ནས་གསར་དུ་ཕེབས་མཁན་ཚོའི་མཉམ་ཏུ་སྐད་ཆ་བཤད་ཀྱི་ཡོད།ཁོང་ཚོས་སྐྱབས་རྟེན་བསྔོ་རྟེན་འཇོག་སྟངས་ཞུ་སྟངས།མིག་ཆུ་བཞུར་སྟངས་དྲ་གྲོགས་རྣམ་པས་མཐོང་ཡོད་ཀྱི་རེད།དེ་དངོས་ཡོད་གཅིག་ཡིན།དེའི་རྐྱེན་ཡི་གེ་རེ་བྲིས་རྗེས་ཅིག་མཁྱེན་སོང་ཚུལ་དགོངས་ན་འགྲིག་གི་མི་འདུག་བསམ་གྱི་ཡོད།དེ་ང་ཚོའི་བཙན་བྱོལ་ཚང་གི་ཨ་མདོའི་ཡིག་འབྲི་བ་ཚང་མར་ཞུས་པ་ཡིན།
གོང་འཕྲོས།
དེ་ནས་བགྲེས་ཡོལ་ལ་སེམས་འཚབ་བྱས་ཏེ།ལུང་ཚན་གྱི་ཁེ་བཟང་ཟ་མཁན་ཟེར་བ་དེ་ང་ལ་འབྲེལ་བ་མི་འདུག
གསར་དུ་མིའི་ལུང་པར་འབྱོར་བ་ནས་བཟུང་ང་ཚོ་ཨམ་ཕྲུག་ཚོར་འདི་ལུང་ཚན་གྱི་བསུ་མའི་ཇ་ཕོར་བ་གང་ཡིན་དྭ་ཟེར་བ་ཞིག་གི་ལོ་རྒྱུས་ཡོད་པ་མ་རེད།ལུང་ཚན་གྱི་ཁེ་ཕན་ལས་མི་ཆགས།ཕྱུག་པོ་ཆགས་སོང་ནི་ཡོད་ན་ཐང།ཡིན་ནའང།ང་ཆོས་འབྱོར་གྱིས་ད་བར་ཇ་ཕོར་བ་གང་འཐུང་མ་མྱོང་ལ།འཐུང་གི་ཤོག་ཟེར་དུས་འགྲོ་གི་མེད།མ་འོངས་པར་འགྲོ་ནི་མ་རེད།
༣ཨ་འཁྱམས་རྒྱ་འདྲེ་སྐོར་དེ།ཤེས་བཞིན་འཁྱོག་བཤད་གནང་གི་འདུག་པས།ང་ཁྱེད་ཀྱི་དེ་འབྲེལ་གྱི་ཀུན་སློང་ལ་དོགས་པ་ཡོད།
ཡིན་ནའང༸གོང་ས་མཆོག་གིས་ཁྲི་བྱང་རིན་པོ་ཆེར་སྙན་གསེང་ཞུ་དུས་ལྷ་མོའི་འགག་རྩར་ཐུག་ན་བསླུ་མི་སྲིད་ཅེས་གསུངས་འདུག
ད་དུང་༸གོང་ས་ལྔ་བ་ཆེན་པོ་ལྗགས་དབུགས་ཐེངས་གཅིག་སོས་ཏེ་སྡེ་སྲིད་གལ་གནད་ཆེན་པོའི་ལྷ་མོའི་སྐུ་ཐང་གི་མདུན་ནས་ཟན་རིལ་བསྒྲིལ་གསུངས་སའི།སྐུ་ཐང་དེ་རེད།ཞོར་འཕྲོས་ཙམ་ཡིན།
༤ཀུན་གཟིགས་མཆོག་གི་སྐོར་དེ་ཁ་སྔོན་གནམ་ལོ་ཡག་གིས་ཞེ་དྲག་རྫུག་པོ་གསུངས་ཡོད།ཞིབ་འཇུག་གིས་སྟོན་རྒྱུ་ཡོད་ན།སྐབས་དེའི་འཛིན་སྐྱོང་གི་སྣེ་མོ་བ་ཚོ་སོང་ཚར་མི་འདུག
ང་ཚོས་རང་གི་མི་རིགས་ཡིན་ནའང་འདྲ།གཞུང་ཡིན་ན་འདྲ།སྒེར་བ་ཡིན་ན་འདྲ།བཟོད་གསོལ་གྱི་གཤིས་ཀ་ཞིག་འཇགས་ཐབས་བྱེད་དགོས་པ་རེད་བསམ་ནས་ངས་དེ་བྲིས་པ་ཡིན།
༥དེ་ནས་འབྲོག་ཆོས་ལ་ཞུ་རྒྱུར།
དོན་དག་འདི་ནང་ནས་གཙང་མ་བཟོས་ན་བསམ་ནས།མདོ་སྨད་ས་རྒྱུན་གྱི་སྙན་ཞུའི་སྔོན་ནས་བཟུང།ངས་ཀླུ་མཁར་བྱམས་ལ་ཅིག་ཐུག་རོགས་ཀྱིས་མང་པོ་ལབ་པ་ཡིན།ཡིན་ནའང་སྐབས་དེར་ཁོང་གི་མགོ་བོ་མཐོ་ཀི
བྱས་ཙང།གཡས་གཟུར་གཡོན་གཟུར་བྱས་སོང།དེ་མ་གཏོགས་དོན་དག་འདི་ཐག་གིས་གཅོད་པའི་མདུན་རྒྱབ་
སྟེང་འོག་མི་ཤེས་པ་ཞིག་ཕལ་ཆེར་ཡོད་ནི་མ་རེད།ཡིན་ནའང།མ་བྱུང་བ་རེད།
འདྲི་རིག་ལྡན་ལགས།
ཤ་ཚ་བའི་གཏམ་ཡིན་པ་རྟོགས་ཀྱི་འདུག་ལ།
མ་གཞི་ནས་བླ་རྒན་ཟེར་བའི་ཚིག་དེ་གཅིག་པོ་ཡིན་ན་དཱ།ང་ཁྱེད་ནང་བཞིན་གད་མོ་ཤོར་ནས་སྔར་བཞིན་སྡོད་ས་རེད།
ཡིན་ནའང།ཚིག་དུམ་རེར་འགན་ཁུར་མི་དགོས་པར་གཡུག་བཞག་ནས་སྐྱག་ལངས་ལ་ཤོར་ཚར་འདུག་པས།
ངའི་ལས་འདིའི་མཇུག་ང་སྒེར་ནས་སྐྱེལ་གྱི་ཡིན།
ཅི་གང་སྐྱོན་ནི་མ་རེད།
སློབ་སྦྱོང་དང་ཞིབ་འཇུག་གི་ལས་ཀ་དེ་ཚོ་ཡག་པོ་གྱིས་ལོ།
xxxxxxxxxxxxxxxxxx
གཟུར་གནས་རྣམས་ལ་ཞུ་རྒྱུར།
ཨ་ལགས་འཇིགས་མེད་དང་ཚོགས་གཙོ་སོགས་དང་ཅི་གང་འབྲེལ་བ་མེད་ལ།ཁོང་རྣམ་པས་ཕྲིས་གསུངས་ན་འབྲི་མཁན་ཅིག་དང།མ་འབྲི་ལབ་ན་ལགས་སོ་ཞུ་མཁན་ཞིག་མིན་པ།བཙན་བྱོལ་ནང་གི་ལོ་དྲུག་བདུན་པོའི་ལོ་རྒྱུས་ཀྱིས་བདེན་དཔང་ཐུབ་ནི་རེད་ལ།
མ་ཤི་བར་དུ་དེ་ལྟར་རང་ཡིན།
རང་ཉིད་ལ་རང་ལས་ལྷག་གི་སྐྱབས་དང་མགོན་མེད་ཅེས་གསུངས་བ་དེ་ཐུགས་ཤིན་ཏུ་བདེན་པ་རེད།
ཆོས་འབྱོར་ལོ་ལོ། སུས་དེ་འདྲ་ལབ་ཀྱི་འདུག འདི་ད་རང་གིས་རང་སྐྱོན་ངོས་ལེན་རེད་ཡ། རྐུན་མའི་ངོ་ན་ཤིག་ཅིག་འདུག་ཅེས་པའི་དཔེ་རེད། རང་ཚུགས་ཡོད་ན་དྲང་ལམ་འདེད་ཀྱི་དེ་གལ་ཆེན་རེད་མ་གཏོགས་འཁྱོག་ལམ་ལ་སོང་ན་མཇུག་འབྲས་འདི་འདྲ་རེད་ཡ།
༡ ཕྱི་ ལོ་ ༢༠༡༠ཟླ༡༢ཚེས་༡༧ཉིན་འཁོད་རྡ་ས་མདོ་མེད་ས་རྒྱུན་གྱིས་དབུས་རྒྱུན་ལ་ཕུལ་བའི་ཞུ་ཡིག་ནང་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས ། (དེ་རིང་གི་ཏྰ་ལའི་བླ་མ་དད་རྟེན་ཙམ་ལས་སང་ཉིན་གྱི་རེ་བ་རྒྱག་ས་མིན་)ཞེས་ཁ་ཚོན་གཅོད་སྟངས་ལ་བལྟས་ན ། འུག་པས་ཉིན་མོ་མི་མཐོང་བ་འུག་པས་རང་སྐྱོན་ལས་གཞན་འགེབ་ནམ་ཡང་བྱེད་མི་ཐུབ ། དེ་རིང་གི་ཏྰ་ལའི་བླ་མ་ནི་དད་པའི་རྟེན་ཙམ་མིན་པར་དུས་རབས་ཉི་ཤུའི་དཀྱིལ་ཙམ་ནས་ད་བར་བོད་རྒྱ་ཆེའི་མི་མང་གི་ཆེད །སྐུ་ངལ་འཛད་མེད་བསྐྱོན་དང་སྐྱོན་བཞིན་པར་འཛམ་གླིང་གི་ཆབ་སྲིད་པ་དང་ ། ཚན་རིག་པ ། མཁས་དབང་སོགས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་དང་གཏོར་བཞིན་པ་མ་ཟད །ང་ཚོ་བཙན་བྱོལ་བ་རྣམས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཡིན་པ་འདི ། ང་ཚོའི་དབུ་ཁྲིད་འདི་དང་འདིས་དབུ་ཁྲིད་པའི་གཞུང་གིས་མཛད་འཕྲིན་ཉག་གཅིག་ཡིན་པས་དད་རྟེན་ཙམ་མིན་པར་ར་སྤྲོད་བྱས་ཡོད ། ད་དུང་སང་ཉིན་གྱི་རེ་བ་རྒྱག་ས་མིན་པ་ཁྱོས་ལྷ་མེད་འདྲེ་མེད་ཀྱི་མངོན་ཤེས་ལས་ཐག་བཅད་དམ ། གཞན་ཡང་ཁྱོད་ཀྱིས་འུ་ཅག་གི་བླ་ན་མེད་པའི་དབུ་ཁྲིད་ལ་ (བླ་རྒན་ལ་དགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད་)ཅེས་དམའ་འབེབས་བྱེད་པ་ནི་རང་མཚང་ཕྱིར་བསྟན་པ་ལས་ཏྰ་ལའི་བླ་མའི་མཚན་མཐོང་ལ་མི་གནོད་པར་ཚད་མས་གྲུབ །
༢ ཡང་ཁོས། (ཨ་རིའི་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་ན །རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་སྲིད་)ཅེས་པའི་བཤད་སྟངས་ལས ། ཁོས་རང་ཉིད་་ཆབ་སྲིད་པ་དང་མི་རིགས་ཀྱི་ལ་རྒྱ་ཅན་ཡིན་ཁུལ་ཕྱིར་མངོན་ཐབས་ཀྱི་གཡོ་བྱུས་ཁོ་ན་མ་གཏོགས ། གཟེངས་རྟགས་འབུལ་ཡུལ་དང་ །གཟེངས་རྟགས་ཀྱི་ངོ་བོ ། དེའི་རྒྱབ་ལྗོངས་སོགས་མ་ངེས་པར་བརྟག་པ་མཐའ་བཟུང་གིས་བྱུང་རྒྱལ་དུ་སྨྲ་བ་ནི་བཞད་གད་ཀྱི་གནས་ཁོ་ནའོ །།
ཡང་ཀླུ་མཁར་གྱིས་ཕྱི་ལོ་༢༠༡༠ཟླ་༦ཚེས༡༡ཉིན་དུས་བབ་དྲ་ཚིགས་སུ་སྤེལ་བའི་ཉི་མའི་སྲིབ་འཁྱག་གླེང་བ་ཞེས་པའི་ནང་ ། ༧གོང་ས་མཆོག་གཙོས་ས་ཡི་སེམས་དཔའ་རྣམ་པས་ཐོག་མར་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན ། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང་ །འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་མཚམས་འཇོག་དགོས་ཞེས་བཀའ་ཕེབས་སྟངས་ལ་བལྟས་ཚེ ། ༧གོང་ས་མཆོག་གིས་སྐབས་རེར་རང་ཉིད་ལྷ་ཡིན་ཁུལ་དང་མཚམས་རེར་མི་ཡིན་ཁུལ་བྱེད་ཀྱིན་ཡོད་བཟོ་འདུག དེ་ནི་ཁྱེད་རང་དབང་ལུང་བའི་ནང་སླེབས་ནས་ལོ་མང་བོའི་རིང་མིག་དང་རྣ་བ་བཀབ་སྟེ ། མ་གཉིད་རྨི་ལམ་གྱི་ཞིང་ཁམས་ལ་གཏི་མུག་པའི་ངང་མི་ཚེ་བསྐྱལ་བའི་རང་བཞིན་ལས་མ་འདས ། ༧གོང་ས་མཆོག་གིས་ཡང་ནས་ཡང་དུ་ངའི་ལུས་པོ་འདི་ཡང་ཁྱེད་ཚོ་བཞིན་ཤ་ཁྲག་ལས་གྲུབ་པ་དང་ ། ང་སངས་རྒྱས་མིན་ལ་མངོན་ཤེས་ཀྱང་མེད ། ང་ནང་བའི་དགེ་སློང་དཀྱུས་མ་ཞིག་ཡིན་གསུངས་པ་སོགས་མ་ཐོས་སམ ། ད་དུང་ཁྱེད་ཀྱིས་༧གོང་ས་མཆོག་གིས་ཡང་སྲིད་ངོས་འཛིན་གནང་སྟངས་ལྷ་སྒྲུང་སྟེ་བཅོས་མ་རྫུན་བཟོ་ཡིན་པར་བཤད་འདུག་པ་དེ་ལ་བདེན་དཔང་གང་ཡོད ། ཁྱེད་ལ་བོད་མིའི་དབུ་ཁྲིད་མཆོག་ལ་བཀའ་གཏང་རྒྱུའི་དབང་ཚད་དེ་སུས་ཕུལ་བ་རེད ། ཡང་ཁྱེད་ཀྱིས་བྱིས་པ་ལྷ་སྒྲུང་བཟོས་པའི་ཉེས་པ་རྩད་གཅོད་བྱེད་མི་སྲིད་པ་མིན་ཞེས་༧གོང་ས་མཆོག་ལ་སྡིགས་ར་བསྐུལ་སྟངས་ལས་ཁྱེད་ཀྱི་ཀླད་མེད་བྱིས་པའི་རང་བཞིན་ལ་ངས་བསམ་ཤེས་བྱེད་ཐུབ་ཀྱིན་འདུག །
ཕྱི་ལོ་༢༠༠༨ཟླ་༦ཚེས༣༠ཉིན་སྤེལ་བའི་དུས་བབ་དྲ་ངོས་སུ་ཡང་ཁོས ། རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ཤུགས་ལྡན་ནམ་རྒྱལ་འགོང་དམ་བསྒྲགས་ཀྱི་ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་ཅེས་བཤད ། འདི་ནི་ཆེས་ཡ་མཚན་སྐྱེ་གཞིའི་གནས་ཤིག་དང་ ། བསམ་ཡོད་ཞིག་གི་ངག་ནས་མི་ཐོན་པའི་སྐད་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད ། ལ་ཕར་རྒྱབ་ནས་རྒྱ་དམར་གཞུང་གིས་གདུག་རྩུབ་དྲག་པོས་རང་མི་རིགས་རིགས་གཞུང་དང་བཅས་པ་རྩ་མེད་བཟོ་ཕྱིར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བ་དེ ། ༧གོང་ས་མཆོག་གི་རང་མྱོང་ཚད་མ་དང་གཞན་མྱོང་ཚད་མ ། ལོ་རྒྱུས་སོགས་ཚད་མའི་སྐྱེས་བུ་མང་བོས་སྔ་ཕྱིར་བཀག་སྡོམ་བྱས་བའི་རྒྱུ་མཚན་ལས་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཕན་ལས་གནོད་ཆེ་བ་གཟིགས་ཏེ་མི་མང་ལ་ལམ་སྟོན་གནང་བ་ཙམ་ལས་བཙན་བཀའ་བཏང་བ་མེད ། ༧གོང་ས་མཆོག་གིས་རྒྱལ་འགོང་བསྟེན་དང་མི་བསྟེན་སོ་སོའི་འདོད་པ་རེད ། དེ་བསྟེན་ན་ཕན་ལས་གནོད་ཆེ་བར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྦྲགས་ཏེ་གསུངས་པ་མ་ཟད ། རྒྱལ་འགོང་བསྟེན་མཁན་ཞིག་ཡིན་ཚེ་ངའི་རྩར་ཆོས་ཞུ་བར་མ་ཡོང་ན་ཡག་གི་རེད ། བླ་མ་དང་སློབ་མའི་བར་དམ་ཚིག་གཙང་མ་མེད་པས་བླ་མ་དང་སློབ་མ་གཉིས་ཀར་གནོད་ཀི་རེད་ཅེས་པ་ལས་བཙན་བཀའ་བཏང་བ་མེད ། སླར་ཡང་ཞུ་རྒྱུ་ཞིག་ལ ། ཆོས་དང་མཐུན་མིན་དང་དགོན་པའི་ནང་ཁྲིམས་ལ་བླ་ཆེན་དང་དགོན་བདག་རྣམ་པས་ཐུགས་ཐག་གཅོད་རྒྱུ་ལས ། ཆོས་ཀྱི་གནས་ལུགས་ཏིལ་འབྲུ་ཙམ་ཡང་མི་ཤེས་པའི་ཁྱོད་དང་ང་ལྟ་བུའི་སྐྱེ་བོས་ཆོས་ཁྲིམས་དང་བླ་ཆེན་ཚོའི་མཛད་པ་ལ་སྐྱོན་བརྗོད་གནང་བ་ལས་རང་ངོ་རང་གིས་ཤེས་ཐུབ་ན་ལེགས་པར་སེམས །
ཡང་ཀླུ་མཁར་གྱིས ། ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས །རྒྱལ་བ་སྐུ་ཕྲེང་བཅུ་བཞི་བས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་ཅེས་༧གོང་ས་བཅུ་བཞི་བ་ཆེན་པོར་དོལ་རྒྱལ་བསྟེན་མཚམས་འཇོག་འདོད་མེད་ཀྱང་ ། ཁོང་གིས་ཆོས་དང་ཆབ་སྲིད་དགོས་མཁོའི་དབང་གིས་མཉམ་བསྲེས་བྱས་བ་ལ་བརྟེན་ནས་མཚམས་འཇོག་མི་བྱེད་ཀ་མེད་བྱུང་བ་རེད་ཅེས་ལོ་རྒྱུས་ལ་འཁྱོག་བཤད་དང་དམའ་འབེབས ། ཁུངས་ལུང་མེད་པར་བབ་ཅོལ་དུ་སྨྲ་བ་ནི་ཤེས་པ་རྣལ་དུ་མི་གནས་པ་ཁོ་ནའོ །།
ད་དུང་ཁོས ། གནས་ཆུང་དང་ །དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤིས །༧གོང་མཆོག་གིས་ཁོང་གཉིས་དཔང་པོར་བཞག་ནས་ཟན་བསྒྲིལ་གནང་བ་སོགས་གནང་ན་འདུམ་ཐབས་འདི་འགོ་ནས་འཁྱོག་སོང་ཙང་ ། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོགས་ཨ་ཕོ་ལུག་རྫིས་འདུམ་དཔང་དེའི་གྲས་ནས་ཁས་ལེན་གྱི་མ་རེད་ཅེས་པ་འདིས ། ༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་དོལ་རྒྱལ་གྱི་བྱུང་རིམ་དང་ངོ་བོ །བྱེད་ལས ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ལ་དཔྱད་པ་མཐིལ་ཕྱིན་དང་ །སྲུང་མའི་མདུན་ཟན་བསྒྲིལ་སོགས་གནང་སྟེ ། ང་ཚོར་ཆོས་དང་ཆོས་མིན་གྱི་དབྱེ་མཚམས་ལམ་སྟོན་གནང་བ་དེ་དྲང་བོ་མིན་པའི་འཁྱོག་བརྗོད་རབས་དང་རིམ་པར་བྱེད་སྟངས་འདི་ཡ་མཚན་གྱི་གནས་སུ་མཆིས ། ༧གོང་ས་མཆོག་གིས་སྲུང་མའི་མདུན་ཟན་བསྒྲིལ་སོགས་གནང་སྟེ་ཐག་གཅོད་གནང་བའི་བྱེད་ཐབས་འདི་ལ ། བླུན་པོ་ལུག་རྫིས་ཁས་ལེན་གཏན་ནས་བྱེད་ཀྱི་མ་རེད་ཅེས་པ་ལ་དཔག་ཚེ ། འཛམ་གླིང་གི་མཁས་པ་དང་ཚན་རིག་པ ། ཆབ་སྲིད་པ་དང་དྲང་བདེན་གྱི་སྐྱེ་བོ་ཕལ་མོ་ཆེས་གོང་དུ་བཀུར་བའི་འུ་ཅག་གི་བླ་ན་མེད་པའི་དབུ་ཁྲིད་ནི་ཅི་ཡང་མི་ཤེས་པའི་བླུན་པོ་ལུག་རྫི་ལས་ཀྱང་བླུན་པར་བསྙད་པ་ནི་རང་མཚང་ཁོ་ན་ལས་མ་འདས་སོ །། མུ་འགོད་་་་་་
ཡིག་ཆད །དེའི་གྲས་(ཁྱོན)་ནས་ཁས་ལེན་གྱི་མ་རེད །
ཡག་པོ་འདུག མུ་མཐུད་གླེང་སློང་བྱོས།
མཁྱེན་ལྡན་རྣམས་ན་བཀའ་ཁྲི་རིན་པོ་ཆེ་ཉེ་སྔོན་ཧ་བྷ་པར་གཞིས་ཆགས་སུ་ཐོན་མཇལ་འཚམས་བཅར་སྐབས། ཚོགས་ཞུགས་པ་ཞིག་གིས་བཀའ་འདྲི་ཞུས་པའི་ལན་འདིར་གཟིགས་དང། དོན་དངོས་ཤིག་རྟོགས་ཀྱི་རེད།
ཁྱེད་རང་ད་ལྟ་བཀའ་འདྲི་གནང་མཁན་དེས། ཁ་སང་གཞོན་ནུ་དང་དབུ་མའི་ལམ་གྱི་ལས་འགུལ་བ་ཚོ་མཉམ་དུ་མཇལ་ཁ་བཅར། སྐྱབས་མགོན་རིན་པོ་ཆེས་ཆུ་ཚོད་གཉིས་ཀྱི་རིང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་དགོས་པ་རྒྱུ་མཚན་རྣམས་བཀའ་སློབ་རྒྱས་ཤིང་རྒྱས་པ་ཞིག་གནང་ཡོད་པ་རེད།
བཀའ་སློབ་གནང་བ་དེ་མི་མང་ལ་བསྐྱར་དུ་དྲིལ་བསྒྲགས་གནང་ན་ཡག་པོ་ཡོད་པ་རེད་པཱ། དེའི་འོད་སྡེར་དེ་འདྲ་ཡོད་པ་རེད། སྒྲ་འཛིན་འཁོར་ཐག་ནང་དུ་ཡོད་རེད། དེ་ཚོ་བེད་སྤྱོད་གནང་ནས་མང་ཚོགས་ལ་འགྲེལ་བཤད་གནང་ན་ཡག་པོ་ཡོད་རེད་བསམ་གི་འདུག
དེ་དུས་འགྲེལ་བཤད་ཆ་ཚང་གནང་པའི་རྗེས་སུ། དེ་ལ་ཐུགས་སྣང་དང་གོ་རྟོགས་བྱེད་རྒྱུའི་ཚབ་ཏུ། ཡང་བསྐྱར་དྲི་བ་འདྲ་མི་འདྲ་ཞུས་ཏེ་༸སྐུ་མདུན་ཐུགས་ཕམ་བྱུང་དགོས་པ་དེ་འདྲ་ཆགས་འདུག་གཱ
དེའི་རྐྱེན་ཁྱེད་རང་ཚོར་མཇལ་ཁ་རེག་ཡོད་པ་མ་རེད། མ་གཞི་གསུང་མདུད་དང་སྐུ་པར་བསྣམས་ཏེ་མཇལ་ཁ་གནང་ཡ་ཡིན་པའི་ཁུལ་རེད། དྲི་བའི་རྗེས་ལ་༸སྐུ་མདུན་ཐུགས་སྤྲོ་བོ་མ་བྱུང་བ་ཡིན་ཙང། ཁ་ཐུག་སྐུ་བཞེངས་གནང་ནས་ཕེབས་འདུག་གཱ དེ་ཚོ་མི་མང་གིས་མཁྱེན་གི་ཡོད་དང་མེད་ངས་ཧ་གོ་མེད།
གནས་ཚུལ་དེར་སྐབས་དེ་དུས་ང་ཚོར་སེམས་འཚབ་ཞེ་དྲག་བྱུང། ད་དེ་ཡག་པོ་བྱུང་མ་སོང་བསམ་སོང། སྐུ་མདུན་ནས་ཚང་མ་འགྲེལ་བཤད་བཀའ་སློབ་མ་གནང་གོང་བཀའ་འདྲི་ཞུས་པ་ཡིན་ན་སྐྱོན་ཞིག་གེ་ཡོད་པ་མ་རེད་པཱ། ཆུ་ཚོད་གཉིས་ཀྱི་རིང་ལ་བཀའ་སློབ་གནང་ཚར་དུས་སྒང་ལ། དེ་ག་རང་བསྐོར་བ་བརྒྱབས་ནས་གོ་མ་བྱུང་མདོག་མདོག་བྱས་ནས་བཀའ་འདྲི་ཞུས་དུས་སྐབས་ལ། དེ་ཁྱད་མཚར་འདྲ་བོ་ཆགས་རེད་པཱ།
ཡིན་ནའང། བཀའ་འདྲི་ཞུ་མཁན་དེ་ལ་ད་༸སྐུ་མདུན་ནས་དེའི་རྗེས་ལ་དགོངས་པ་དྭངས་པ་ཡིན་བཀའ་གནང། སྐུ་པར་སྒྲོན་གནང་སོང། ཡིན་ནའང་ཁོ་རང་གིས་བཀའ་འདྲི་ཞུས་པའི་གནས་ཚུལ་དེ་ཚོ་ཡིག་ཐོག་ལ་ཡོད་པ་དང། འོད་སྡེར་ལ་ཡོད་པ་གཉིས་ཀ་གསོལ་རས་གནང་ནས་དེ་དག་ལ་ལྟོས། ཁྱེད་རང་གིས་ལབ་པ་དེ་ཚོ་དེའི་ནང་ལ་མི་འདུག་གཱ་ཅེས་ར་སྤྲོད་གནང་སོང།
སྐད་ཆ་དེ་འཕྲོས་དགོས་པའི་འབྱུང་རྐྱེན་འདྲ་བོ་ག་འདྲ་སེ་བྱས་པ་རེད་ཟེར་ན། ད་ལོའི་སྤྱི་ཟླ་ ༥ པའི་ནང་ལ་༸སྐྱབ་མགོན་རིན་པོ་ཆེ་ནེའུ་ཡོག་ཏུ་ཆིབས་བསྒྱུར་གནང་པའི་སྐབས་སུ། བཀའ་འབྲེལ་བྱས་ནས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀས་མི་མང་ལ་གཏམ་བཤད་བྱེད་རྒྱུའི་ཆེད་དུ་ཞབས་སྟེགས་ཞུས་ཡོད་པ་རེད། དེའི་སྐབས་སུ་མི་མང་གི་བགྲོ་གླེང་ཚོགས་འདུ་འམ་བཞུགས་མོལ་ཚོགས་འདུ་ཅིག་གནང་ཡོད་རེད། དེས་སྐབས་སུ་བཀའ་བློན་ཁྲི་པས་ལན་འདེབས་ཤིག་ཞུས་ཡོད་པ་རེད། དེའི་ནང་ལ་ངས་ག་རེ་ཞུས་ཡོད་པ་རེད་ཟེར་ན།
རྒྱ་མི་གུང་བྲན་དེ་ང་ཚོའི་ཁ་གཏད་ཡིན་པ་གསལ་བོ་ཞེ་དྲག་རེད། དེ་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་ལའང་དོལ་རྒྱལ་རྗེས་འབྲངས་པ་དེ་རྣམས་ཀྱིས་ཕྱི་གསལ་ནང་གསལ་བྱས་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་ཡི་མེད་པ་དང། ༸སྐྱབས་མགོན་རིན་པོ་ཆེར་ཁ་གཏད་ཞུ་ཡི་ཡོད་པ་དེ་གསལ་བོ་གསལ་རྐྱང་རེད། དེ་ཚོ་ལ་ཞེ་དྲག་ཉེན་ཁ་མཐོང་གི་མི་འདུག
ཡིན་ནའང། ང་རང་ཚོའི་ནང་ལོག་ན་མང་གཙོ་དོན་གཉེར་བ་དང། རང་བཙན་དོན་གཉེར་བ་ཡིན་ཟེར་མཁན་དེ་འདྲས། སྤྱིར་བཏང་༸རྒྱལ་བ་རིན་པོ་ཆེར་གུས་བརྩི་ཞུ་ཡི་ཡོད་པ་དང། ༸རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་འགྲོ་གི་ཡོད་པའི་ཟོལ་འདྲ་བོ་ཞིག་ལ། ཨུ་ནས་ལས་ཀ་བྱེད་སྟངས་དེ་༸རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལ་ཁ་གཏད་བཅག་ཡ་གི་ལས་ཀ་དེ་ཉེན་ཁ་ཆེན་པོ་འདུག། གང་ཡིན་ཟེར་ན་ང་ཚོས་དེ་ངོས་ཟིན་གྱི་མ་རེད་པཱ། ཧོབ་སྟེ་ལྟོས་པ་ཡིན་ན། ༸རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་མཁན་དང་ཁ་གཏད་བཅག་མཁན་གྱི་བཟོ་འདྲ་ཞིག་ཡོད་པ་མ་རེད། ཡིན་ནའང། བསམ་ཚུལ་དང་བཤད་ཚུལ་དེ་ཚོའི་ནང་ལ་ཉེན་ཁ་ཆེན་པོ་དེ་འདྲ་ཡོང་གི་འདུག
དེའི་དཔེ་མཚོན་ཅིག་ཞུས་པ་ཡིན་ན། ༸རྒྱལ་བ་རིན་པོ་ཆེ་གལ་ཆེ་བ་རེད་དམ་མང་གཙོའི་རིང་ལུགས་གལ་ཆེ་བ་རེད་དམ་ཅེས། མི་མང་གི་ནང་ལ་འོས་བསྡུ་བྱས་འདུག
དངོས་གནས་བྱས་ན། ད་ལྟའི་ང་ཚོར་ཡོད་པའི་མང་གཙོ་དེ་༸རྒྱལ་བ་རིན་པོ་ཆེ་རང་གིས་སྐུ་ངལ་བསྐྱོན་ནས་བྱུང་བ་རེད་མ་གཏོགས། མི་མང་གི་རང་སྐྱོང་གི་འགོ་ཁྲིད་དེ་ཚོས་ང་ཚོའི་མང་གཙོའི་མང་གཙོའི་འཕེལ་རིམ་ནང་ལ་ཕན་ཐོག་པ་གཅིག་ཀྱང་མེད་པཱ་ཅེས་ངས་ར་སྤྲོད་བྱས་པ་རེད།
ད་རྒྱལ་བ་རིན་པོ་ཆེ་གཙོ་ཆེ་འམ་མང་གཙོ་གཙོ་ཆེ་གི་རེད་ཟེར་དུས། དོན་དག་ག་རེ་གོ་གི་འདུག་ཟེར་ན། ༸རྒྱལ་བ་རིན་པོ་ཆེ་དེ་མང་གཙོའི་འགོག་རྐྱེན་ཡིན་པ་འདྲ་བོ་ཅིག མང་གཙོ་གཙོ་ཆེ་བ་བརྩི་ཡི་ཡོད་ན། ༸རྒྱལ་བ་རིན་པོ་ཆེ་བཞག་དགོས་ཀྱི་ཡོད་པ་འདྲ་བོ་ཅིག ༸རྒྱལ་བ་རིན་པོ་ཆེ་གཙོ་ཆེར་བརྩི་ཡི་ཡོད་ན། མང་གཙོ་ཡོང་ཡ་མེད་པ་འདྲ་བོ་ཅིག དེ་མ་གཏོགས་གཞན་ཁོ་གཉིས་ག་རེ་གཙོ་ཆེ་བ་རེད་ལབ་དུས་སྒང་ལ་གོ་བ་ཞིག་གེ་མི་འདུག་གཱ
མུ་འགོད༌༌༌༌༌༌
ཉོག་བཤད་མང་དྲག་པས་གང་བདེན་གི་ཟེར་དཀའ་ཡང་། མདོར་ན། མདོ་སྨད་པ་ཚོའི་ཕྱིའི་རྒྱལ་ཁ་མེད་པར་ནང་གི་སྒྲོ་ཁ་མ་རལ་ན་མི་ཡག་གམ།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་༼དེའི་དཔེ་མཚོན་ཅིག་ཞུས་པ་ ཡིན་ན། ༸རྒྱལ་བ་རིན་པོ་ཆེ་གལ་ཆེ་བ་རེད་དམ་མང་གཙོའི་རིང་ལུགས་གལ་ཆེ་བ་རེད་དམ་ཅེས། མི་མང་གི་ནང་ལ་འོས་བསྡུ་བྱས་འདུག
དངོས་གནས་བྱས་ན། ད་ལྟའི་ང་ཚོར་ཡོད་པའི་མང་གཙོ་དེ་༸རྒྱལ་བ་རིན་པོ་ཆེ་རང་གིས་སྐུ་ངལ་བསྐྱོན་ ནས་བྱུང་བ་རེད་མ་གཏོགས། མི་མང་གི་རང་སྐྱོང་གི་འགོ་ཁྲིད་དེ་ཚོས་ང་ཚོའི་མང་གཙོའི་མང་གཙོའི་འཕེལ་རིམ་ ནང་ལ་ཕན་ཐོག་པ་གཅིག་ཀྱང་མེད་པཱ་ཅེས་ངས་ར་སྤྲོད་བྱས་པ་རེད།
ད་རྒྱལ་བ་རིན་པོ་ཆེ་གཙོ་ ཆེ་འམ་མང་གཙོ་གཙོ་ཆེ་གི་རེད་ཟེར་དུས། དོན་དག་ག་རེ་གོ་གི་འདུག་ཟེར་ན། ༸རྒྱལ་བ་རིན་པོ་ཆེ་དེ་མང་གཙོའི་འགོག་རྐྱེན་ཡིན་པ་འདྲ་བོ་ཅིག མང་གཙོ་གཙོ་ཆེ་བ་བརྩི་ཡི་ཡོད་ན། ༸རྒྱལ་བ་རིན་པོ་ཆེ་བཞག་དགོས་ཀྱི་ཡོད་པ་འདྲ་བོ་ཅིག ༸རྒྱལ་བ་རིན་པོ་ཆེ་གཙོ་ཆེར་བརྩི་ཡི་ཡོད་ན། མང་གཙོ་ཡོང་ཡ་མེད་པ་འདྲ་བོ་ཅིག དེ་མ་གཏོགས་གཞན་ཁོ་གཉིས་ག་རེ་གཙོ་ཆེ་བ་རེད་ལབ་དུས་སྒང་ལ་གོ་བ་ཞིག་གེ་མི་ འདུག་གཱ༽ཞེས་གསུངས་ཡོད་ན། ༸རྒྱལ་བ་རིན་པོ་ཆེ་གལ་ཆེ་བ་རེད་དམ་མང་གཙོའི་རིང་ལུགས་གལ་ཆེ་བ་རེད་དམ་ཅེས། མི་མང་གི་ནང་ལ་འོས་བསྡུ་བྱེད་མཁན་སུ་རེད། དེ་ཡང་ཐེར་འདོན་བྱེད་དགོས་པ་ཞིག་རེད།
མང་གཙོ་དང་། ༧གོང་ས་མཆོག་གདམས་ཀ་བཏང་མཁན་དུས་བབ་ཚང་རེད
ཀླུ་མཁར་བྱམས་སྤྱི་འཐུས་འོས་གཞིར་ཐོན་པ་དང་ཡང་སྐོར་ཞིག་གིས་སྐྱོན་འཚོལ་ཅི་ཐུབ་བྱེད་ཀྱིན་འདུག སྤྱི་ཚོགས་ནང་གྲགས་པ་ལྟར་ན་ད་ཐེངས་ཀྱི་རྙོག་དྲ་འདིའི་རྒྱབ་ཏུ་ཡིབ་པའི་གསོན་འདྲེ་ནི་སྤེན་པ་ཚེ་རིང་དང་ཨ་ལགས་འཇིགས་མེད་རེད་ཟེར། ཡང་སྐོར་ཞིག་གིས་བཤད་ན་རྒྱལ་བ་རིན་པོ་ཆེ་ཁ་འཁྱེར་ནས་ནང་ཁུལ་ལ་ཞྭ་མོ་གཡོགས་པ་ནི་གནའ་ནས་བཟུང་མགོ་བདེ་ཚོས་ཆབ་སྲིད་འཁྲབ་སྟངས་གཙོ་བོ་ཞིག་རེད་ཟེར།
http://www.youtube.com/watch?v=yoiOHdTCOBc
སྤུ་གྲི་ལགས།
གོང་དུ་ཁྱེད་ཀྱིས་ཡག་པོ་འདུག༌༌༌གླེང་སློང་བྱས་ཟེར་ནས་སྐུལ་མ་བྱེད་ཀྱི་འདུག
འོག་ཏུ་ཁྱེད་ཆེད་བཟོས་དཀྲུག་ཤིང་རྒྱག་གི་འདུག
གལ་སྲིད་ཁྱེད་རང་དོགས་པ་ཡོད་ན།
ཨ་ལགས་རིན་པོ་ཆེ་མཆོག་དང་བཀུར་འོས་ཚོགས་གཙོ་རྣམ་གཉིས་གངས་སྐྱིད་ན་བཞུགས་བཞུགས་པ་རེད།
སེམས་ཁུར་ཅན་སུ་ཕེབས་ནས་བཀའ་འདྲི་ཞུས་ན་མ་འགྲིག་པ་ཨེ་ཡོད་བསམ།
དེ་ནས་ཁ་ཤས་ཀྱིས་འདི་མདོ་སྨད་ནང་ཁུལ་གྱི་སྙོག་གླེང་རེད་ཟེར་གྱི་ཡོད་པ་རེད།
སྐད་ཆ་དེ་བཤད་མཁན་ཚོས་སེམས་ཆུང་བྱོས།རྒྱལ་བ་རིན་པོ་ཆེས་སྐུ་ཚེ་གང་བོར་བོད་མི་ས་ཡ་དྲུག་གི་ཆེད་དང།བོད་རིགས་ཆིག་སྒྲིལ་གྱི་དོན་དུ་ཕྱག་ལས་གནང་བ་ལོང་པས་ལྟོས་ཀྱང་རྒྱལ་ཁམས་རེད།
༸གོང་ས་མཆོག་གི་འདོར་ཐབས་མེད་པའི་རྩ་དོན་ཡང་དེ་རེད།
ངས་ཀླུ་མཁར་ལགས་ལ་ཞྭ་མོ་གཡོག་ནས་ཆབ་སྲིད་ཀྱི་ཁེ་ཕན་ཅི་གང་ཐོབ་ཀི་མ་རེད།གང་ཡིན་ཞེ་ན་སྒྲིག་འཛུགས་ཚང་མ་མཐར་གཏུག་ན་དྲང་པོའི་རྗེས་སུ་འགྲོ་ནི་རེད།ངས་སྔོན་ནས་བདེན་པས་སྐད་ཆ་བཤད་ས་འདི་ཀླུ་མཁར་ལགས་ལས་ཅུང་སྤྱི་ཚོགས་ནང་ཤུགས་དང་མཐོང་ཡོད་མཁན་ཅིག་ཡིན་ན་བསམ་ཡོད།
དེ་ནས་ངས་༸རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ནས་༸གོང་ས་མཆོག་ལའང་སྤྲེལ་ལད་འཁྲབ་ཀྱི་མེད།གལ་སྲིད་འཁྲབ་མཁན་ཞིག་ཡིན་ན་ཁོང་གི་གསེར་གྱི་ལྷུངས་གཟེད་ནང་དུ་བཞག་དུས་ངས་འཁྲབ་ཆོག་ཆོག་ཡིན།
ཡིན་ནའང།ང་ལ་དེ་ལྟ་བུའི་ལོ་རྒྱུས་མེད།
གཤམ་འཁོད་བཀའ་ཁྲི་མཆོག་གི་གསུངས་པ་འདི་གནད་འགག་རེད།ཉེན་ཁ་ཞིག་ཡོང་གི་མེད་ན་ཆུང་ཆུང་ཆེན་པོ་བཟོ་ཤེས་ཀྱི་མ་རེད།
རྒྱ་མི་གུང་བྲན་དེ་ང་ཚོའི་ཁ་གཏད་ཡིན་པ་གསལ་བོ་ཞེ་དྲག་རེད། དེ་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་ལའང་དོལ་རྒྱལ་རྗེས་འབྲངས་པ་དེ་རྣམས་ཀྱིས་ཕྱི་གསལ་ནང་གསལ་བྱས་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་ཡི་མེད་པ་དང། ༸སྐྱབས་མགོན་རིན་པོ་ཆེར་ཁ་གཏད་ཞུ་ཡི་ཡོད་པ་དེ་གསལ་བོ་གསལ་རྐྱང་རེད། དེ་ཚོ་ལ་ཞེ་དྲག་ཉེན་ཁ་མཐོང་གི་མི་འདུག
ཡིན་ནའང། ང་རང་ཚོའི་ནང་ལོག་ན་མང་གཙོ་དོན་གཉེར་བ་དང། རང་བཙན་དོན་གཉེར་བ་ཡིན་ཟེར་མཁན་དེ་འདྲས། སྤྱིར་བཏང་༸རྒྱལ་བ་རིན་པོ་ཆེར་གུས་བརྩི་ཞུ་ཡི་ཡོད་པ་དང། ༸རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་འགྲོ་གི་ཡོད་པའི་ཟོལ་འདྲ་བོ་ཞིག་ལ། ཨུ་ནས་ལས་ཀ་བྱེད་སྟངས་དེ་༸རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལ་ཁ་གཏད་བཅག་ཡ་གི་ལས་ཀ་དེ་ཉེན་ཁ་ཆེན་པོ་འདུག། གང་ཡིན་ཟེར་ན་ང་ཚོས་དེ་ངོས་ཟིན་གྱི་མ་རེད་པཱ། ཧོབ་སྟེ་ལྟོས་པ་ཡིན་ན། ༸རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་མཁན་དང་ཁ་གཏད་བཅག་མཁན་གྱི་བཟོ་འདྲ་ཞིག་ཡོད་པ་མ་རེད། ཡིན་ནའང། བསམ་ཚུལ་དང་བཤད་ཚུལ་དེ་ཚོའི་ནང་ལ་ཉེན་ཁ་ཆེན་པོ་དེ་འདྲ་ཡོང་གི་འདུག
ཆོས་འབྱོར་ལགས། གལ་ཏེ་ཁྱོད་རང་གིས་གོང་ས་མཆོག་གླེང་གི་ཡོད་ན། ཟམ་གདོང་རིན་པོ་ཆེ་ནས་གོང་ས་མཆོག་དྲི་བ་ལའང་སྐུ་རླུང་བཞེངས་རྒྱུ་ཡོད་པ་ཞོར་དུ་གསལ་བོ་འདུག་པས། འདིའི་ཐད་ལྟ་སྟངས་གཅིག་ཀྱང་བཤད་མི་ཐུབ་དོན་ཅི་ཡིན་ནམ། གཞན་རང་བཙན་རྩོད་མཁན་ཚོ་ཉེན་ཁ་ཡིན་ན། ཁ་སང་དེ་རིང་རང་བཙན་གོམ་བགྲོད་བྱེད་མཁན་ཞིག་ཀྱང་འདུག་པས་དེའང་ཉེན་ཁ་མ་ཡིན་ནམ།
2. Monday, 03 January 2011 23:02 (རིག་འབྱུང་མྱི་དགའ།) ཆོས་འབྱོར་འདི་ཡང་མྱི་སྐད་སྨྲ་མཁན་ཞིག་ཡིན་ཚོད་འདུག འོན་ཀྱང་འདིར་ལྷ་སྐད་སྨྲས་འདུག
༡ རྒྱལ་བ་རིན་པོ་ཆེ་ནས་ཕྱི་ལོ ༢༠༠༡ལོའི་བཀའ་ཁྲིའི་འོས་འདེམས་གྲུབ་མཚམས་གསར་འགོད་པར་གསུངས་དོན། ༼མ་གཞི་ལོགཞོན་སྐྱ་བོ་ཞིག་ཡོང་འོས་ཀྱང་ང་ལྟ་བུའི་བླ་རྒན་མགོ་དཀར་ཞིག་སླེབས་འདུག༽ཅེས་གསུངས་འདུག ཁོང་གིས་གཤམ་ལ་ཚིག་འདི་བཀོལ་གྱི་ཡོད་ཙང་དམའ་འབེབས་ཡིན་སྲིད་ཀྱི་མ་རེད། གལ་ཏེ་དམའ་འབེབས་ཡིན་ན་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་དབར་ལའང་ཨ་མདོ་ཚོས་རྩོད་གཞི་གསར་བ་ཞིག་བསླངས་འདུག
༢ བགྲེས་ཡོལ་གྱི་ཆ་ནས་བཤད་ན། ཀླུས་རྒྱལ་བ་རིན་པོ་ཆེ་ལ་བགྲེས་ཡོལ་སྤྲད་ས་མ་རེད་ཅེས་སེམས་ཁུར་བྱས་པའི་ཁུལ་རེད། དེ་ཡང་རྒྱ་གཞུང་གིས་རྒྱལ་བ་རིན་པོ་ཆེ་གྲོངས་རྗེས་བོད་དོན་ཚར་ཟིན་པར་ངོས་འཛིན་བྱེད་ཀྱིན་པར་ཐུག་ཡོད་པ་རེད། གཞན་ཞིག་དེ་སྐུ་ངོ་ཚོས་མ་འགྲུབ་པ་ཐ་དག་ཁོང་གི་སྒང་ལ་གཡུགས་རྐྱང་གནང་བཞིན་པ་འགོག་ཐབས་ཀྱང་རེད། དེ་ལུགས་ཆ་མ་འཚལ་ན་ཉེན་ཁ་རེ་ལ་སྐྱོ་གར་ཡང་རེད།
༣ དོལ་རྒྱལ་གྱི་ཐད་ནས་བླ་སློབ་བར་ལའང་རྩོད་གཞི་བྱུང་ཡོད་པ་ཞིག་རེད། ཚིག་ཁ་ཤས་ཀྱིས་གསལ་བོ་བཟོ་ཐུབ་ས་མ་རེད། ག་ལེར་ཞིབ་འཇུག་བྱེད་དགོས་པའི་བརྗོད་གཞི་ཞིག་རེད།
༤ པཎ་ཆེན་རིན་པོ་ཆེར་བལ་ཡུལ་ནས་བོད་མིས་ངོ་རྒོལ་བྱས་པ་གསལ་བོ་རེད། འོན་ཀྱང་། ལྷ་སྡེ་གནམ་ལོ་ཡག་གིས་རིནཔོ་ཆེར་ཐུགས་ཕམ་བཟོས་རིགས་ལ་རིན་པ་ཆེ་ནས་་དོ་སྣང་བྱེད་ཀྱི་མེད་པ་སྐབས་དེའི་གནང་སྟངས་ལས་ར་འཕྲོད་ཡོད་ཅེས་རྙོག་དྲར་མི་བསྒྱུར་བར་འབད་བརྩོན་བྱས་འདུག་པར་རྒྱབ་བསྐྱོར་ཡོད་ལ་རྣམ་པ་ཚོས་ཀྱང་ཤེས་གལ་ཆེ་སྙམ།
༤ པཎ་ཆེན་སྤྲུལ་སྐུ་ཆ་ནས་རེད། ཐུགས་ཐག་བཅད་པ་མ་འགྲིག་པ་མིན་ཡང་སྲུང་སྐྱོབ་ཀྱི་ཐད་ནས་འདང་མེད་པའང་བསླབ་བྱ་རེད། ཉམས་མྱོང་རེད། ཀླུ་མཁར་བྱམས་དེ་ལུགས་སྨྲ་ཕོད་མཁན་ཞིག་རེད། ཐུགས་ཕན་གསོ་སྲིད་པའང་གསལ་བོ་རེད།
xxxxxxxxxxxxxxxxxxxxxxxx
དགེ་ཆོས་སྤྲུལ་སྐུར་བཤད་པ།
རྒྱལ་བ་རིན་པོ་ཆེ་ཁྱེད་ཀྱི་ཡིན་རྒྱུ་ཞིག་དང་། མིའི་མིན་རྒྱུ་ཞིག་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་པོའི་སྐྱབས་ཀྱི་ཡུལ་དང་འཛམ་བུ་གླིང་གི་མིག་དཔེར་ལྟ་བཞིན་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཆགས་ཡོད་པ་རེད། ཁོང་ཚང་ལྟ་བུ་ཞིག་ལ་གལ་སྲིད་ཀླུ་མཁར་བྱམས་ཀྱིས་གུས་ཚིག་མ་སྤྱད་པས་སྐྱོན་མི་འབྱུང་ལ། ཆོས་འབྱོར་ལྟ་བུས་ཀི་མ་བཏབ་ཀྱང་ཕམ་ནི་མ་རེད། ཁོང་ཚང་གི་སྐུ་ཚེ་འདིར་འཇིག་རྟེན་གཏམ་དཔེར‘‘བུ་རང་སྐྱེས་དང་རྒྱ་མ་རང་འཁུར’’བྱས་ཏེ་ཡོང་བའང་ཤེས་དགོས། སྤྱིར་གནས་ལུགས་བཤད་དུས་དད་པ་ཟེར་བའི་རྨོངས་རྒྱུ་ཞིག་དང་ཚོར་བ་ཟེར་བའི་ཧོབ་འདྲོགས་ཤིག་རྗེས་སུ་རྒྱུགས་མི་ཉན། གཙོ་བོ་དཔྱད་པ་ཞིབ་བསྡུར་གྱིས་ཐག་གིས་གཅོད་གནང་དགོས་ཤིག་རེད། རྒྱལ་བ་རིན་པོ་ཆེ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅིག་རེད། ལྷག་པར་རྨོངས་སེམས་རིག་པས་བརླན་མ་མྱོང་བའི་སྤྱི་ཚོགས་ཤིག་ལ་ཡངས་དག་པའི་མང་གཙོའི་གསོལ་རིས་བསྩོལ་མཁན་གྱི་སྐྱེབས་བུ་རླབས་ཆེན་ཞིག་རེད། མི་ཆོས་རིག་པ་དང་སྲིད་དོན་རིག་པ་གང་གི་ཕྱོགས་ནས་སྐྱོན་བརྗོད་མཁན་གྱིས་སྐྱོན་བརྗོད་ན་ཆོག་ལ། བཟང་བཤད་མཁན་གྱིས་བཟང་བཤད་ནའང་འགྲིག འདིིའི་མྱིང་ང་འདྲ་མཉམ་ཟེར་ནི་རེད། སྨྲ་བརྗོད་རང་དབང་ཟེར་ནི་རེད། འདི་ཡངས་དག་པའི་མང་གཙོའི་འགྲོ་སྟངས་ཤིག་དང་འཕེལ་འགྱུར་ཞིག་ལ་ངོས་འཛིན་ཆོག་པ་རེད། འདི་རྒྱལ་བ་རིན་པོ་ཆེ་ཡིས་ཀྱང་མཁྱེན་པ་མ་ཟད་ང་ཚོར་ཐུགས་རེ་གནང་གིན་དེ་ཡིན། འདི་ལྟར་མང་གཙོ་དར་སྤེལ་གཏོང་རྒྱུ་ནི་ཁོང་གི་ཐུགས་རེའང་རེད། འོན་ཀྱང་། བྱིས་བློ་ཅན་གྱི་མཁྲེགས་འཛིན་པ་སྐོར་ཞིག་གིས། སྐབས་འཚོལ་བ་མགོ་བདེ་ཁ་ཅིག་གིས། ཞེན་ཁོག་དང་ཕྱོགས་རིས་པ་ཅན་ག་གེ་མོས་མང་གཙོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནས་མང་ཚོགས་རྨོངས་སུ་འཇུག་པ། དབྱེན་དཀྲུག་གི་ལས་ཚོགས་སྦྱོར་བཞིན་པ་དེའང་སྤྱིར་བཏང་ཞིག་རེད། ཡིན་ནའང་། འདི་རྣ་དཔྱོད་ཀྱི་རིག་པ་འགུལ་སྐྱེན་པའི་མང་ཚོགས་ཀྱིས་ནམ་རྒྱུན་ཧ་གོ་དགོས་པ་ཞིག་རེད། མིའི་སེམས་སུ་དད་པ་ཡོད་མེད་ནི་སྐད་ཆས་ཐག་གིས་ཆོད་པ་ཞིག་ག་ལ་ཡིན། ཆོས་ཕྱོགས་ཀྱི་དད་པ་བྱེད་ཕྱོགས་དང་རྒྱལ་བ་རིན་པོ་ཆེ་སྐྱབས་གནས་སུ་འཛིན་མི་འཛིན་དེ་ཆོས་ཕྱོགས་སུ་བཤད་ཀྱི་ཞིག་ཡིན་པས་སྤྱི་ཚོགས་གནད་དོན་འཆད་སྐབས་གླེང་བར་མི་སྤྲོ། ཉ་ཉོག་མང་བོ་བདག་གིས་བསྲེས་པར་མི་སྤྲོ། རྒྱལ་ཁབ་དང་མི་རིགས་གང་ཡིན་ན་མང་གཙོ་ཡངས་དག་པ་ཞིག་ཏུ་བསྐྱོད་ཐུབ་དགོས་ན། ཆེས་མཐོའི་སྲིད་ཀྱི་ལས་སྣེ་བ་དག་ལ་ཁ་རྡུང་གཏོང་དགོས་པ་དེ་རེད། དེ་མང་ཚོགས་ཀྱིས་དབང་དང་མང་གཙོ་བེད་སྤྱོད་གཏོང་ཐུབ་ཀྱིན་པའི་མངོན་རྟགས་ཤིག་དང་། མང་གཙོ་འཐུས་ཚང་ཅན་ཞིག་ཏུ་གཏོང་བའི་རམ་འདེགས་གལ་ཆེན་ཞིག་ཡིན། ཀུན་ལ་ངོམ་རུང་བའི་བླ་མེད་ཀྱི་མང་གཙོའི་ཁྱད་ཆོས་ཤིག་ཡིན་པའང་ཤེས་དགོས། འདི་མང་གཙོའི་རྒྱུན་ཤེས་ཙམ་ཡིན།
xxxxxxxxxxxxxxxxxxxxx
པཎ་ཆེན་རྒྱ་དམར་གཞུང་གི་དཔོན་རིགས་ཤིག་གི་མིང་ཐོག་ནས་བལ་ཡུལ་དུ་གཟིགས་སྐོར་དུ་ཡོང་བར་བོད་མིའི་ཕྱོགས་ནས་ངོ་རྒོལ་བྱས་ཡོད་ན་ཡང་དེ་ཙམ་གྱིས་ཧ་ལས་རྒྱུ་ག་རེ་ཡོད་རེད། ཆོས་ཕྱོགས་ནས་བླ་མར་བཀུར་ནས་ཏིལ་མགོ་མཁྱེན་བརྩེ་སོགས་ཀྱིས་མཇལ་འཕྲད་ཀྱང་གནང་ཡོད་འདུག སྲིད་ཕྱོགས་ནས་བལྟས་ན་པཎ་ཆེན་ཡང་རྒྱ་དམར་གཞུང་གི་དཔོན་རིགས་ཤིག་གི་མིང་ཐོག་ནས་ཡོང་གིན་ཡོད་པ་རེད། བོད་ནང་ནས་ཀྱང་ཚོང་པ་རྒྱགས་པ་ཟེར་མཁན་བྱུང་བ་རེད།
གུང་ཐང་ཚུལ་ཁྲིམས་ནམ་མཁའི་མཐའ་དང་མཉམ།
བསྟན་མགོན་ཀླུ་མཁར་ཉི་ཟླ་ཟུང་གཅིག་སྟེ།
སྲིན་འབུ་འཁྱེར་རེ་འགའི་འཕུར་རླབས་ཀྱིས།
མོག་པོར་བཟོ་བ་ཕར་ཞོག་གསལ་བར་བཏང་།
སྤུ་གྲི་ལགས།
ངས་གླེང་བཞིན་པ་མཐའ་དག་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་ཕན་གནོད་འདྲེས་ཚུལ་གྱིས་ཡིན་པར་ཡི་གེ་ན་གཅིག་བྲིས་མེད།གནས་ལུགས་དེ་ཚང་མས་ཤེས་ཀྱི་འདུག
ཡིན་ནའང།ཁྱེད་དང་ང་ཐེ་བའི་ཞབས་སྡོད་པ་ཚོས་ཞབས་འདེགས་རེ་མི་ཐུབ་ཀྱང།བྱས་པ་དྲིན་དུ་མ་ཚོར་ན་གཞི་རིམ་གྱི་གཟུགས་བཞུགས་ཙམ་ཡང་མེད་རྟགས་རེད།དེ་ནས་ཀླུ་མཁར་བྱམས་ལགས་ཀྱི་ཤེས་བྱའི་ནང་ཁོག་་གིས་ང་སྐད་ཆ་དེ་དག་ལ་འཇུས་རྒྱུར་སྐུལ་བ་མ་རེད།
དེ་ནི་ངས་བཙན་བྱོལ་ལོ་ལྔ་གཅིག་གི་བྱུང་རབས་ཀྱི་ཉམས་མྱོང་བླངས་ནས།ལོ་རྒྱུས་མི་སྣ་ཡོད་ཐོག་གླེང་གཞི་ག་རེ་བྱུང་ན་གཙང་མ་བཟོ་འདོད་པ་དེ་ཡིན།
དེ་ནས་ཁྱེད་ཚོས་མཁྱེན་དྲག་ནས་ཡིན་ན།སྨྲ་བརྗོད་རང་དབང་ཟེར་བའི་ཚིག་འདི་བེད་སྤྱོད་གཏོང་གི་འདུག་ལ།ད་དུང་དད་པ་བྱེད་སྟངས་ཤིག་ཟེར་ནས་ཡང་ཅི་མི་སྙམ་པར་གནད་དོན་གྱི་ཁ་གཞན་ཞིག་ཏུ་དཀྲི་ཐུབ་བྱེད་པ་ངས་ཚོར་གྱི་འདུག༌༌༌༌༌༌༌ཁག་མེད།
ངས་ཚིག་ཐག་ཆོད་པས་བཤད་པ་ལྟར།ཀླུ་མཁར་ངེད་གཉིས་བར་གྱི་མ་འདྲ་ས་གསལ་བོ་བཟོ་རྒྱུ་ཡིན་ཞེས་ཚིག་གི་འགོ་མ་བསུས་ཡོད།
ཁོང་གིས་རྒྱལ་བ་རིན་པོ་ཆེས་ཀུན་གཟིགས་ཆུང་སྲིད་ངོས་འཛིན་གནང་སྟངས་དང་དམ་སྲི་དོལ་གཏེ་གཏན་འགོག་གནང་སྟངས་སོགས་དངོས་ཡོད་ལ་རིག་པས་མི་སྒྲུབ་པར།མི་མང་ནང་ལ་དཀྲོག་གཏམ་བཟོས་ན།གླེང་གཞི་བཟོས་ན།དེ་ད་དུང་སྨྲ་བརྗོད་རང་དབང་ཟེར་བའི་ཚིག་འདི་བེད་སྤྱོད་གནང་ས་འགྲོ་གི་རེད་པཱས།
ངས་དད་མི་དད་དང་སྤྱན་རས་གཟིགས་སུ་ལྟ་མི་ལྟའི་ཚིག་གཅིག་བཤད་མེད།མ་གཞི་ནས་དད་པ་ཟེར་བ་དེ་དཔྱད་པ་སྔོན་སོང་ཞིག་དང།དབང་རྟུལ་དྲག་པའི་རྗེས་འབྲངས་ཤིག་ཡོང་གི་ཡོད་ཀྱང།དེ་ལས་ཀྱང་དམར་དམར་རྗེན་རྗེན་དེ་བོད་མི་ཚོས་བཤད་སྟངས་ཞུས་ན།ནང་སེམས་ཀྱི་ཀུན་སློང་ཞིག་གི་སྟེང་ན་འདུག་པས།
ངས་༌༌༌༌༌༌༌༌བྱ་སྤྱོད་འདི་རེད་མོད་ཀུན་སློང་དེ་ཡིན་རྒྱུ་མ་རེད་༌༌༌༌༌༌༌༌༌༌༌༌༌༌ཅེས་པའི་བཤད་སྟངས་དེར་སྔ་མོ་ནས་དོར་ཟིན།དེ་བས་ཁྱེད་ཅག་གིས་ཅིག་བཤད་ན།༌༌༌༌༌༌༌༌༌༌༌༌༌ལྷགས་རླུང་གིས་ཁྱེར་འགྲོ་ཡང།ཕུ་བཏབ་ན་མི་ཁྱེར་བ་ཞིག་ཤོད་དང་ལོ།
༌༌༌༌༌༌༌༌༌༌༌༌༌༌༌གཟུངས་བཞུགས་སུ་བཅོས་རོགས༌༌༌༌༌༌༌༌༌ནང་སྙིང་དང་དོན་གཅིག།
མི་ཆོས་རིག་པ་དང་སྲིད་དོན་རིག་པ་གང་གི་ཕྱོགས་ནས་སྐྱོན་བརྗོད་ན་ཆོག
བཟང་བཤད་མཁན་གྱིས་བཟང་བཤད་ནའང་ཆོག༌༌༌འདི་སྨྲ་བརྗོད་རང་དབང་ཡིན་ཟེར།
མི་ཆོས་རིག་པ་ལ་དེའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་བཅས་པའི་ཐོག་ནས་སྐྱོན་བརྗོད་བྱེད་པའམ་རང་ལུགས་འཛིན་སྟངས་ཤིག་ཡོད་པ་རེད།
དཔེར་ན།སྐུ་ཞབས་ཞོགས་དུང་གིས་འདོད་ཆུང་ཆོག་ཤེས་ལ་མི་ཆོས་རིག་པས་སྟེང་ནས་དཔྱད་སྐབས་བསམ་ཚུལ་འདིས་འུ་ཚོ་ཁྱིམ་པ་རྣམས་དབུལ་ཕོངས་སུ་བསྐྱལ་གྱི་རེད།ང་འདོད་པ་ཆེན་པོ་ཡོད།འདོད་པའི་ཕུགས་དམིགས་དེ་དྲང་པོའི་ལམ་ཁ་ནས་རྩོལ་སྒྲུབ་བྱེད་ཀྱི་ཡིན་ཟེར་བ་ལྟ་བུ་ལ་ཆ་མཚོན་ན།
དམ་པ་ལྷ་ཆོས་ནང་འདོད་ཆུང་ཆོག་ཤེས་དེ་ཡང་དག་མ་རེད་མ་གསུངས་པར།ཁྱིམ་པ་མི་ནག་ཚོར་དེར་གོ་བ་ལེན་ཕྱོགས་གཞན་ཞིག་དགོས་གསུངས་འདུག་གཱ།དེར་གནས་ལུགས་ཡོད་པ་ཙམ་དུ་མ་ཟད།རིག་པས་ཁས་ལེན་གྱི་ཡོད་པ་རེད།
འོ་ན་ཀླུ་མཁར་བྱམས་ཀྱིས་མི་ཆོས་རིག་གནས་སྟེང་ནས་སྨྲ་བརྗོད་རང་དབང་བེད་སྤྱོད་བཏང་བ་ག་རེ་ཡོད་པ་རེད།
དེ་ནས།རྒྱལ་བ་རིན་པོ་རང་གི་ཞལ་ནས་ཀྱང།མི་མང་ལ་ཁྱེད་ངས་བཀའ་ཁྲིར་བདམས་པ་ཡིན།སྤྱི་འཐུས་ལ་བདམས་པ་ཡིན།ང་ལ་དྲི་བ་ཡོད།དེའི་སྒང་ལ་གསལ་བོ་ཆགས་མི་འདུག༌༌༌༌དེ་ག་རེ་རེད་ཅེས་ཕུགས་འདེད་ཚང་འདེད་ཀྱིས་མང་གཙོ་ལམ་ལུགས་ནང།འགན་ཁུར་དང་སྐྱོན་བརྗོད་མཉམ་ཏུ་ཁྱེར་དགོས་གསུངས་འདུག་མ་གཏོགས།
ནག་པོ་ལ་དཀར་པོ་རེད།༌༌༌༌༌གཞི་མེད་ལ་སྐུར་འདེབས་བྱས་༌༌༌༌༌༌དྲང་པོ་ལ་སྐྱོན་འཛུགས་བྱས་གསུངས་མི་འདུག་གཱ
འོ་ན། ཆོས་འཕེལ་ལགས། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་ཞེས་པ་ཇི་ལྟར་འགྲེལ།
ཕྱོགས་ལྷུང་ཞལ་ནས་མ་གསུངས ། །ཕྱོགས་ལྷུང་ཞལ་ལ་འབྱར་ཡོང་ །།རང་ལ་སྨྲ་བརྗོད་རང་དབང་ །།དགོས་བཞིན་གཞན་ལ་ལོས་དགོས །། རྒྱལ་བར་ཁྱད་གསོད་བྱེད་དུས །། ཚོར་སྣང་ཅི་ཡང་མེད་ལ །། ཀླུ་མཁར་བྱམས་ལ་དགག་དུས །། ཁོང་ནས་འབར་དོན་ཅི་ཞིག ། འདི་འདྲའི་ཆབ་སྲིད་པ་ཞིག །བོད་ལ་དགོས་མཁོ་མི་འདུག ། དངོས་གནས་ཤ་ཞེན་ཡོད་ན །། རྒྱ་ལ་ཁ་གཏད་གཅོག་དགོས །།
དུས་རབས་ཉེར་གཅིག་པ་འདིའི་ནང་ཆོས་སྲིད་གཉིས་ལ་བོད་ཀྱི་དྲན་དབང་ཐམས་ཅད་ཀྱི་གཙུག་ན་འགྱིང་པའི་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གིས།
རང་བཙན་རྩོད་མཁན་ཚོ་ཉེན་ཁ་རེད་ཅེས་ནམ་ནམ་ཞར་ཞར་དུ་གསུངས་མི་འདུག་ལ།གང་གསུངས་འདུག་ཟེར་ན།
དཀར་མིན་ནག་མིན་གྱི་འགྲོ་ལུགས་དང་བསམ་ཚུལ་དེ་རྣམས་ཉེན་ཁ་རེད་ཅེས་གསུངས་འདུག་ལ།
མ་ཟད་རང་བཙན་སྒྲིག་འཛུགས་ཆེ་ཤོས་གཞོན་ནུ་ལྷན་ཚོགས་ལྟ་བུའི་རྨང་གཞི་འདིང་མཁན་དུ་གྱུར་པའི་བཀའ་ཁྲི་མཆོག་ལ།༌༌༌༌དེ་འདྲའི་འུ་ཐུག་དགོས་པའི་ཆབ་སྲིད་ཀྱི་གནས་བབ་ཉམས་ང་བ་ཞིག་ཤར་མྱོང་མི་འདུག་ལགས།
རང་ཅག་ཚང་མ་ཡུལ་འདིར་སྣང་བ་དག་འདུག་མ་གཏོགས།རང་བཙན་རྩོད་ས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་དེ་བས་ཀྱང་མ་རེད་ལགས།།
ཙ་ཡུས་ཁུལ་ནས་སྐྱེས་པའི་དགེ་བོ་ཚུལ་ཁྲིམས་དང་ །། ཆབ་ཆ་ཁུལ་དུ་སྐྱེས་པའི་བསྟན་འཛིན་མགོན་པོ་དང་།།མང་རའི་ས་ནས་སྐྱེས་པའི་ཨ་ཚོགས་ཀླུ་མཁར་བྱམས།། འདི་གསུམ་རང་ཚུགས་མེད་པ་གཅིག་མཚུངས་ཉིད
དེ་རིང་གི་ཁུག་རྟ་ལ་རྒྱབ་སྐྱོར་གཙང་མ་ཡོད །གསུང་སྙན་པ་ལ་ཨང་་་་་་་་་་་་་་་་་་་་
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །
མཁས་དབང་དགེ་ཆོས་འདོད་པ་ངས་མི་འདོད། །
རྗེ་ཡི་ལྟ་གྲུབ་ཚང་སྟོན་ཚིགས་བཞིའི་ནང་། །
སྟོང་པས་མེད་མཐའ་སེལ་བའི་ལྟ་གྲུབ་དང་། །
ཡོད་པས་སྟོང་མཐའ་སེལ་ཚུལ་ལ་མཁས་པ། །
དགེ་ཆོས་འཆི་ཁར་རྟེན་འབྲེལ་བསྟོད་པ་སོགས། །
འདོན་འདོད་གསན་འདོད་རྣམ་ཐར་གསན་མྱོངས་ན། །
ཀེ་ཏ་ཀ་ཡིས་ཚད་གྲུབ་ཆུ་རྙོག་དྭངས་བར་ངེས། །
བཀུར་འོས་སྤོབས་པ་མཐའ་ཡས་ལགས།
ཁྱེད་ཐུགས་ཤིན་ཏུ་མད།༌༌༌ཀླུ་མཁར་བྱམས་ལགས་ཀྱིས་ཀྱང་ཆབ་སྲིད་ཀྱི་ཕྱི་ནང་འདི་ལྟ་བུ་ཞིག་མཁྱེན་པ་ང་ལ་ཞེ་དྲག་རྒྱུས་ཡོད།༌༌༌་ཡིན་ནའང།༌༌ཁོང་གིས་བོད་མི་རིགས་ཚང་གི་དོན་གྱི་བདག་པོ་གཞི་རིམ་མང་ཚོགས་ལ་༌༌༌ཨ་ལགས་འཇིགས་མེད་ལ་ནང་དོན་ཀུན་གཟིགས་མཆོག་ལ་ངོ་རྒོལ་རྒྱག་རྒྱུར་མངགས་ཡོད་བྲིས་འདུག༌༌༌༌༌
དོན་འདི་ཨ་ལགས་ཚང་གི་གཡོལ་ཐབས་མེད་པའི་འགན་རེད་ལ།༌༌ཁོང་གིས་འགན་བསྣམས་ཀྱི་འདུག་སྐད་ཐོས་མོད།
དོན་དངོས་ཚད་མཐོ་རང་བཞིན་གྱི་ཆབ་སྲིད་ཀྱི་ཕྱག་ལས་གནང་ན།༌༌༌རྒྱ་ཆེའི་མི་མང་ལ་ཕན་གྱི་རེད་པཱ།༌༌ང་རང་ཚོ་སོ་སོར་ཆབ་སྲིད་ཀྱི་ལྟ་གྲུབ་རེ་ཡོད་ཀྱང།ཁ་རྒྱ་ལ་འཁོར་དུས་མཛུབ་མོ་ལྔ་བཅངས་ཁུ་ཚུར་བཟོ་དགོས་ཀྱི་འདུག་གཱ༌༌༌༌༌དེ་ཙམ་མ་གཏོགས་ཞུ་རྒྱུ་མི་འདུག༌༌༌༌
ཕེབས་པར་དགའ་བྱུང་ལགས།
ཚུལ་ཁྲིམས་རྒྱུ་ཡིས་འབར་དུས །། མི་རྒྱུས་གཡང་ལ་བསྐྱུར་སོང་ །། ཀླུ་མཁར་བླུན་པོས་བཀུར་དུས །། རྗེ་བོར་ཅོ་འདྲི་བྱས་སོང་ །།
རྡོ་བྲག་སྤྲུལ་སྐུས་དབུ་མ་ཐལ་འགྱུར་དགག
ཆོས་འཕེལ་ཐེད་པོས་སྐྱབས་འགྲོ་འདྲེ་ལ་གཏད།
དགེ་ཆོས་གྲོངས་ཁར་ཨ་མདོ་སུ་ཞིག་ཡོད།
སྐུ་དྲག་འགའ་ཡིས་བཤད་པར་སུ་ཞིག་རློམ།
རྒྱ་ལ་ཁ་གཡར་གོང་ཐང་ཚུལ་ཁྲིམས་བཀྲོངས། དེང་སང་རྒྱ་ཁྲིམས་འོག་ལ་སྒུར་བ་ཡི།
དུས་ངན་སྙིགས་མ་ལྔ་བདོ་ཤར་བའི་དུས། སུ་ཡིས་གང་ལ་སྤུ་གྲི་ངར་མ་འཛུགས།
སྤེན་པ་འཇོན་ཐང་ཆེ་བས །། མི་འགས་ཕྲག་དོགས་གནང་གི །། དགེ་འདུན་ཆོས་འཕེལ་ལ་ཡང་ །། ཉེས་འགེབས་ཕྱིར་དྲན་གནོངས་དང་ །། །། ཆོས་དང་ཆབ་སྲིད་གང་ལའང་ །། ཟླ་མེད་ཟམ་གདོང་མི་རྗེར །། མི་བཟོད་སྒྲོ་སྐུར་འདེབས་པ །། སྙིང་རྗེའི་ཡུལ་ལས་མ་འདས །། །།
xxxxxxxxxxxxxxxxxx
ཀེ་ཏ་ཀ་ལགས།
ཁྱེད་རང་ཡང་རྒྱ་འདྲེ་གསོ་མཁན་ཞིག་མིན་ན།་་་་་་བོད་མི་སྤྱི་མཚུངས་ལྟར་རྒྱལ་བ་རིན་པོ་ཆེ་ཟོས་གྱོན་སྡོད་མཁན་ཞིག་ཡིན་རྒྱུ་རེད།༌༌༌༌དེ་བས་མ་མཐའ་ཡང་ཁྱེད་ཀྱིས་དོལ་རྒྱལ་གཏན་འགོག་བྱས་པས་བླ་སློབ་བར་རྩོད་གཞི་བྱུང་ཡོད་པ་རེད་ཅེས་བཤད་ཡམས་མ་བཟོ་རོགས།༌༌༌༌༌༌དེས་ཉིན་ཞིག་འགྱོད་གདུང་དྲག་པོ་སྐྱེས་འཇུག་གི་རེད།༌༌༌མིན།་་ཉན་མི་ཉན་སོ་སོའི་འདོད་པ་རེད།༌༌ཁ་བརྡ་རྩོམ་སྒྲིག་པས་རྩ་དོན་འདི་ལྟ་བུར་འཁྱོག་བཤད་བྱས་པར་ཁོར་ཡུག་བསྐྲུན་དང་ན།་་དེ་ཡང་འགྲིག་ཡོད་པ་མ་རེད་བསམ་གི་་་་ཁྱེད་ཀེ་ཏ་ཀས་ང་མྱི་ཆུང་ཆུང་ཆོས་འབྱོར་ལ་ལྷ་འདྲེ་གདོན་ག་རེ་བཏགས་ཀྱང་སྤྱི་བའི་རྩ་དོན་ལ་ཕན་གནོད་ཁབ་རྩེ་ཙམ་ཡང་འདྲེས་ཀྱི་མ་རེད།་་་ག་རེ་དྲན་ན་ལབ་རྐྱང་བྱོས།་་་དེ་ནས་ངས་ཁྱེད་ལ་རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་སློབ་ཞིག་ལུང་འདྲེན་ཞུ།
རྒྱལ་བ་རིན་པོ་ཆེས་ཡོངས་འཛིན་རྣམ་གཉིས་ཀྱི་དགོངས་པ་དང་མ་མཐུན་པར་སྐུ་ཚེའི་སྨད་ལ་ཡོངས་འཛིན་རྣམ་པ་གཉིས་ལ་བཤེས་གཉེན་བསྟེན་ཚུལ་ལོག་པ་རེད་ཅེས་ཁྱེད་རང་ཚོ་དོལ་རྒྱལ་ཚོགས་པས་དེབ་ནང་བྲིས་འདུག་་ཡོངས་འཛིན་རྣམ་པ་གཉིས་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་ཡིན།་་ངས་དོལ་རྒྱལ་མཚམས་འཇོག་བྱས་པ་དེའི་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་ཆ་ཚང་སྙན་སྒྲོན་ཞུས།་་དགོངས་པར་ཆུབ་སྟེ་འགྲིག་ཤག་འཐུས་ཤག་ཅེས་གསུངས་ཡོད།་་ངས་རྒྱབ་གཏོད་བྱས་པ་གང་ཡང་མེད།་་ཁྱེད་རང་ཚོའི་སྐད་ཆ་དེའི་ངའི་སེམས་ལ་ཏོག་ཙམ་ཕོག་བྱུང།་་གཞན་ཁྱེད་རང་ཚོས་ག་རེ་བརྗོད་ཀྱང་རང་དབང་རེད།་་དེང་སང་རྒྱ་ནག་གཞུང་གིས་ང་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང།་་ཁྱེད་རང་ཚོ་དོལ་རྒྱལ་ཚོགས་པས་རྒྱལ་དབང་རིན་པོ་ཆེ་རྫུན་མ་རེད་ཅེས་བརྗོད་ཡོད།་་ཇི་ལྟར་བརྗོད་ཀྱང་ང་ལ་ཁྱད་མི་འདུག་་་སྔོན་མ་ཨ་ལོ་ཆོས་མཛད་ཀྱིས་རྒྱལ་དབང་འདི་ཉིད་དགེ་ལྡན་པའི་བསྟན་པ་བསམ་བཞིན་དུ་བསྣུབས་པ་ལ་སྨོན་ལམ་རྒྱབ་སྟེ་སྐྱེས་པ་མིན་ནམ་ཞེས་བྲིས་ཡོད།་་གནས་ཚུལ་ཆ་ཚང་དེ་འདྲ་རེད།
གསུངས་འདུག་་་གཟུར་གནས་བློ་ལྡན་བསོད་ནམས་ཅན་ཞིག་ཡིན་ན་སེམས་ཀྱིས་བཟོད་ཀྱི་ཨེ་རེད།།།།
དྲ་གྲོགས་ནང་ཁུལ་དུ་ཚིག་རྩུབ་མ་སྨྲ་རོགས། དམོད་ཚིག་མ་བོར་རོགས། འཐབ་འཛིང་མ་བྱེད་རོགས་ཟེར་ནས་ཁ་བརྡས་རེ་སྐུལ་ཞུས་དང་ཞུ་བཞིན་ཡོད།
འོན་ཀྱང་། རེ་སྐུལ་དེས་ཕན་པ་མི་འདུག དེས་ན། རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org