ཀླུ་སྨྱོན།
རྨ་ཆེན་གངས་རིའི་དབུ་རྩེ་རུ། །
ཉི་ཟླའི་རྣ་ཆ་འབར་བ་འདི། །
མདོ་སྨད་ས་ཡི་ཐིག་ལེ་རུ། །
མཁས་གྲུབ་སྐྱེས་བུ་འབྱུང་བའི་རྟགས། །
ཁྲི་ཤོར་རྒྱལ་མོའི་རྦ་རླབས་ཀྱིས། །
གནམ་སྔོན་ས་རུ་དྲུད་པ་འདིས། །
མདོ་ཁམས་གསེར་མོའི་ལྗོངས་ཆེན་དུ། །
རྨད་བྱུང་ལོ་རྒྱུས་འབྲི་བ་རྟོགས། །
ཡང་དར་བསྟན་པའི་མེ་རོ་ཆེ། །
གསོ་བའི་མཛད་རྗེས་ཟླ་མེད་པ། །
གཟི་འོད་འབར་བའི་རྡོ་རིང་སྟེ། །
བླ་ཆེན་དགོངས་པ་རབ་གསལ་བྱོན། །
ཤར་ཕྱོགས་རིག་པའི་དཔའ་བོ་ཞེས། །
དབུས་གཙང་གྲགས་པས་ཁྱབ་པ་པོ། །
ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག །
མདོ་སྨད་མཁས་པའི་རུ་འདྲེན་ཉིད། །
རྒྱལ་བས་ལུང་བསྟན་རྒྱལ་བ་བཞིན། །
མཁས་བཙུན་བཟང་པོའི་གྲགས་དཀར་གྱིས། །
ས་ཆེན་ཁྱབ་པའི་ཙོང་ཁ་པ། །
གངས་ཅན་མཁས་པའི་གཙུག་རྒྱན་བྱོན། །
གཡུང་དྲུང་བོན་གྱི་བསྟན་པའི་གསོས། །
མཁས་བཙུན་གྲུབ་པའི་འཁོར་ལོས་སྒྱུར། །
གཤེན་རབ་མི་བོ་གཉིས་པ་སྟེ། །
མཉམ་མེད་ཤེས་རབ་རྒྱལ་མཚན་བྱོན། །
གྲུབ་པ་ཐོབ་པའི་གནས་བརྒྱད་དུ། །
གྲུབ་པའི་དབང་ཕྱུག་བརྒྱད་བྱོན་ཏེ། །
བན་བོན་བསྟན་པའི་རྒྱལ་མཚན་བསྒྲེངས། །
འདི་ཡང་བརྗེད་པར་ཕངས་པ་ལགས། །
མདོ་སྔགས་ལེགས་བཤད་རྩོམ་པ་པོ། །
ཨ་མདོ་འཇམ་དབྱངས་བཞད་པ་ཞེས། །
དགེ་ལྡན་བསྟན་པའི་སྲོག་ཤིང་ཞིག །
ད་དུང་དྲན་བཞིན་ངོ་མཚར་སྐྱེས། །
འཆད་རྩོམ་རྩོམ་པའི་མེ་ཏོག་གིས། །
མཁས་རྒུའི་ཡིད་དབང་འཕྲོག་པ་པོ། །
གུང་ཐང་བསྟན་པའི་སྒྲོན་མེ་ཞེས། །
སྐྱེས་བུ་དམ་པ་ཡང་གཅིག་བྱོན། །
རྒྱ་ནག་གོང་མའི་རལ་བ་ཡང་། །
གདན་དུ་བཏིངས་པ་ཙམ་མིན་པར། །
ལེགས་བཤད་བསྟན་བཅོས་རྩོམ་པ་པོ། །
ལྕང་སྐྱ་རོལ་བའི་རྡོ་རྗེ་བྱོན། །
རང་གཞན་གྲུབ་མཐའི་རྒྱ་མཚོ་རུ། །
ལེགས་བཤད་ནོར་བུའི་མཛོད་བླངས་ཏེ། །
དཔྱོད་ལྡན་འགུག་པའི་དེད་དཔོན་ཆེ། །
ཐུའུ་བཀན་ཆོས་ཀྱི་ཉི་མ་བྱོན། །
མི་ལོ་དུ་མའི་སྒོམ་སྒྲུབ་ཀྱིས། །
མི་ལ་གཉིས་པའི་མཚན་སྙན་འབར། །
མདོ་དབུས་གཉིས་ན་གྲགས་ཆེ་བའི། །
ཞབས་དཀར་ཚོགས་དྲུག་རང་གྲོལ་བྱོན། །
མདོ་སྔགས་ལེགས་བཤད་ཉི་ཟླའི་འོད། །
རྨ་ཆེན་གངས་རིའི་འདབས་སུ་བཀྱེས། །
ཡ་མཚན་གྲུབ་པའི་སྐྱེས་བུ་སྟེ། །
ཨ་རིག་དགེ་བཤེས་ཆེན་མོ་བྱོན། །
མཁས་པའི་དབུས་ན་ཏོག་བཞིན་མཛེས། །
གྲུབ་པའི་དབུས་ན་རྒྱལ་མཚན་བཞིན། །
བཙུན་པའི་མཆོག་གྱུར་བྱ་བཏང་བ། །
རེབ་ཀོང་སྐལ་ལྡན་རྒྱ་མཚོ་བྱོན། །
ཡང་གསང་རྫོགས་པ་ཆེན་པོའི་བསྟན། །
ལེགས་བཤད་ཉི་ཟླའི་འོད་ཀྱིས་གསལ། །
གྲུབ་པའི་འཁོར་སྒྱུར་ཆེན་པོ་སྟེ། །
རྡོ་གྲུབ་བསྟན་པའི་ཉི་མ་བྱོན། །
ཟབ་གསང་གཏེར་ལ་དབང་འབྱོར་ཞིང་། །
མཁའ་འགྲོ་འབུམ་གྱི་ཚོགས་རྗེ་ཉིད། །
ཨོ་རྒྱན་པདྨའི་རྒྱལ་ཚབ་ཆེ། །
ཁྲག་འཐུང་བདུད་འཇོམས་གླིང་པ་བྱོན། །
ཞི་ན་ལེགས་བཤད་འདོད་དགུར་རྩོམ། །
ཁྲོས་ན་དགྲ་བགེགས་མཐུ་ཡིས་སྒྲོལ། །
ཕུར་ཐོགས་སྟོང་གི་བདག་པོ་སྟེ། །
ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་བྱོན།
དཀའ་ཐུབ་ཆེན་པོའི་བརྟུལ་ཞུགས་ཀྱིས། །
སྒྲུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །
རི་སུལ་རས་པས་འགེང་བ་པོ། །
ཡབ་རྗེ་གསེར་ཁང་ཆེན་པོ་བྱོན། །
འཆད་ན་ལེགས་བཤད་རྒྱ་མཚོ་བརྡོལ། །
རྩོད་ན་ལུང་རིགས་བང་མཛོད་བསྙིལ། །
རྩོམ་ན་སྙན་ངག་ཆེན་པོའི་གཏེར། །
སྒེའུ་སྟེང་བློ་བཟང་དཔལ་ལྡན་བྱོན། །
དབུས་འགྱུར་ཆོས་ཀྱི་ཞིང་ས་རུ། །
མཁས་རྒུའི་རལ་བ་གདན་དུ་བཏིངས། །
རྒྱ་བོད་གཉིས་ན་གྲགས་ཆེ་བའི། །
རྡོ་སྦིས་ཤེས་རབ་རྒྱ་མཚོ་བྱོན། །
རྒྱ་ཆེན་ཐོས་པའི་གྲུ་གཟིངས་ལ། །
འཆད་རྩོད་རྩོམ་པའི་དར་ཆེན་བཙུགས། །
མཁས་པའི་རྒྱ་མཚོ་འཕྲེད་ཀྱིས་གཤགས། །
མཁས་དབང་དཔའ་རིས་རབ་གསལ་བྱོན། །
བཤད་པས་མཁས་རྒུའི་ཡིད་དབང་ཕྲོགས། །
སྒྲུབ་པས་རྒྱལ་བ་སྲས་བཅས་མཉེས། །
ལམ་རིམ་བསྟན་པའི་བདག་པོར་བཞེངས། །
ཞྭ་དམར་དགེ་འདུན་བསྟན་འཛིན་བྱོན། །
ཐོས་བསམ་རྡོ་རུས་ཐུག་པ་མཛད། །
ལེགས་བཤད་རྨད་དུ་བྱུང་བ་བརྩམས། །
བསྟན་འཛིན་བུ་སློབ་གྲངས་མེད་བསྐྲུན། །
ཨ་ཁུ་ཤེས་རབ་རྒྱ་མཚོ་བྱོན། །
མདོ་སྔགས་བདུད་རྩིས་རབ་མྱོས་ཏེ། །
རྨད་བྱུང་བསྟན་བཅོས་རྩོམ་པ་པོ། །
སྙན་ངག་མཁན་པོའི་ཁྲིར་དབང་པ། །
ཞང་སྟོན་བསྟན་པ་རྒྱ་མཚོ་བྱོན། །
གསེར་དངུལ་ཁྲི་ལ་མ་འགྱིངས་པར།།
ལྟོ་སྐྱ་གོས་ཧྲུལ་མི་ཚེ་ཡིས།།
ལེགས་བཤད་ཐང་མར་བརྡལ་བ་ཡི།།
ཅོ་ནེ་གྲགས་པ་བཤད་སྒྲུབ་བྱོན།།
རྒྱ་བོད་གཉིས་ཀྱི་ས་མཚམས་སུ། །
རྒྱ་ཆེན་ལེགས་བཤད་མཛོད་བཟུང་སྟེ། །
རྒྱལ་བསྟན་སྤེལ་བའི་མཛད་རྗེས་ཅན། །
ཨ་ཀྱ་བློ་བཟང་བསྟན་རྒྱན་བྱོན། །
བཤེས་གཉེན་དམ་པས་རྗེས་བཟུང་བས། །
ཆོས་གྲྭ་ཆེན་པོ་མ་འགྲིམས་ཀྱང་། །
རྨད་བྱུང་ལེགས་བཤད་འདོད་དགུར་བརྩམས། །
འཇིགས་མེད་དམ་ཆོས་རྒྱ་མཚོ་བྱོན། །
མཁས་བཙུན་བཟང་པོའི་འོད་དཀར་གྱིས། །
རྒྱལ་བསྟན་ཀུ་མུད་ཚལ་ཆེན་བསྐྱངས། །
པཎ་ཆེན་སྣང་མཐའི་རིགས་བདག་ཆེ། །
བླ་ཁོ་རྡོ་རྗེ་འཆང་ཆེན་བྱོན། །
རྒྱལ་ཁམས་རིགས་པས་བསྐོར་བ་པོ། །
རྒྱལ་རབས་དེབ་ཐེར་རྩོམ་པ་པོ། །
ཀླུ་སྒྲུབ་དགོངས་རྒྱན་འཆད་པ་པོ། །
མཁས་དབང་དགེ་འདུན་ཆོས་འཕེལ་བྱོན། །
རིས་མེད་མཁས་གྲུབ་དུ་མ་བསྟེན། །
ས་སྟེང་རྒྱལ་བསྟན་བདག་པོར་བཞེངས། །
འཛམ་གླིང་ཞི་བདེའི་དེད་དཔོན་ཆེ། །
རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བྱོན། །
གཞན་དབང་མེ་ལྕེ་འབར་བའི་ཀློང་། །
སྙིང་སྟོབས་གོ་ཆ་ལྷུར་བཞེས་ནས། །
བོད་ཁམས་བསྐྱངས་པའི་དཔའ་བོ་སྟེ། །
པཎ་ཆེན་ཆོས་ཀྱི་རྒྱལ་མཚན་བྱོན། །
བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན། །
ལྔ་རིག་ནོར་བུའི་མཛོད་ལ་དབང་། །
སློབ་བུའི་ཚོགས་ཀྱིས་ས་སྟེང་ཁྱབ། །
ཨ་ཁུ་དམུ་དགེ་བསམ་གཏན་བྱོན། །
ཐ་སྙད་རིག་པའི་གནས་མང་གི །
ལེགས་བཤད་འཆད་རྩོད་རྩོམ་པ་ཡིས། །
ཕྱི་རབས་རྨོངས་པའི་མུན་སེལ་བ། །
ཨ་ལགས་ཚེ་ཏན་ཞབས་དྲུང་བྱོན། །
གསེར་ཁྲིར་བཞུགས་དང་ཁྲི་མུན་འགྲིམས། །
རོ་སྙོམས་འགྲན་མེད་ཐུགས་བསྐྱེད་ཅན། །
སྐྱེས་བུ་སྙིང་སྟོབས་ཆེན་པོ་སྟེ། །
གུང་ཐང་བསྟན་པའི་དབང་ཕྱུག་བྱོན། །
རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི། །
ཆོས་མཛོད་ཆེན་པོའི་སྒོ་ཕྱེས་ཏེ། །
བསྟན་པའི་མེ་རོ་སློང་བ་པོ། །
རྗེ་བཙུན་ལྰ་མོའི་ཡོངས་འཛིན་བྱོན། །
མདོ་སྔགས་ལེགས་བཤད་རྨད་དུ་བྱུང་། །
གསོ་རིག་མཁས་པའི་གཙུག་ན་བརྗིད། །
གནས་བརྟན་འདུལ་འཛིན་ཆེན་པོ་སྟེ། །
དྷྰི་ཚ་ཡེ་ཤེས་རྒྱ་མཚོ་བྱོན། །
གླིང་རབ་གླིང་པའི་ཟློས་གར་ཏེ། །
ཆོས་ཀྱི་གྲོང་ཁྱེར་ཆེན་པོའི་བདག །
བསིལ་ལྗོངས་མཁས་གྲུབ་རྒྱ་མཚོའི་མགོན། །
མཁན་ཆེན་འཇིགས་མེད་ཕུན་ཚོགས་བྱོན། །
སྐྱེས་སྦྱངས་རྣོ་དབལ་འབར་བ་ཡི། །
གསོ་བ་རིག་པའི་རལ་གྲི་ཡིས།
དུས་མིན་འཆི་ཞགས་གཅོད་པ་པོ། །
ཤིང་བཟའ་ཆོས་ཀྱི་རྒྱལ་མཚན་བྱོན། །
ལྔ་རིག་སྤྱི་དང་ཁྱད་པར་དུ། །
མཚོ་བྱུང་སྙན་ཚིག་རིག་པའི་མཛོད། །
ཚངས་སྲས་བཞད་སྒྲ་རྩོམ་པ་པོ། །
བསེ་ཚང་བློ་བཟང་དཔལ་ལྡན་བྱོན། །
རིག་པའི་གནས་མང་ལེགས་སྦྱངས་ཏེ། །
རིག་པའི་ལེགས་བཤད་འདོད་དགུར་སྦྱིན། །
ཤེས་རིག་མེ་ཏོག་འདེབ་པ་པོ། །
དོར་ཞི་གདོང་དྲུག་སྙེམས་བློ་བྱོན། །
མཁས་དབང་དགེ་ཆོས་ཞབས་བསྟེན་ཏེ། །
སྲོལ་རྒྱུན་ལྷ་རིས་གཞུང་ལ་སྦྱངས། །
སྙན་གྲགས་ཅན་གྱི་སྒྱུ་རྩལ་མཁན། །
ལྷ་བྲིས་ཨ་མདོ་བྱམས་པ་བྱོན། །
རོང་འབྲོག་མི་རབས་ཕྱི་མ་ཚོར། །
ཤེས་རིག་ནོར་བུའི་གླིང་བཙུགས་ཏེ། །
མི་ཚེའི་མདུན་ལམ་སྟོན་པ་པོ། །
ར་རྒྱ་འཇིགས་མེད་རྒྱལ་མཚན་བྱོན། །
སྲོལ་རྒྱུན་གསོ་བ་རིག་པའི་གཞུང་། །
དེང་རབས་ལག་ལེན་ཟུང་སྦྲེལ་ཏེ། །
འཇིགས་མེད་བོད་སྨན་སྲོལ་འབྱེད་མཁན། །
ལྷ་རྗེ་རེབ་གོང་འཇིགས་མེད་བྱོན། །
འདི་རུ་སྨྲོས་དང་མ་སྨྲོས་པའི། །
མདོ་སྨད་མི་སྣ་གྲགས་ཅན་ཚོ། །
གངས་ཅན་བོད་ཀྱི་ལོ་རྒྱུས་ཁྲོད། །
ནམ་ཡང་བརྗེད་དུ་མེད་པ་ལགས། །
མཁས་དབང་ཧོར་གཙང་འཇིགས་མེད་ཀྱི། །
མདོ་སྨད་ལོ་རྒྱུས་ཆེན་མོ་ནི། །
ཨ་མདོའི་སྐྱེས་བུ་དམ་པ་ཚོའི། །
མཛད་རྗེས་གསལ་བའི་མེ་ལོང་ཉིད། །
བདག་ནི་ཐོས་ཉུང་ཤེས་རབ་དམན། །
དཔྱད་གཞིའི་ཡིག་རིགས་སྔོག་ལོང་དབེན། །
འདི་ཙམ་མ་གཏོགས་འབྲི་མ་ནུས། །
ཆོལ་གསུམ་སྐྱེས་བུའི་རྒྱན་དུ་ཕུལ། །
དབུས་གཙང་ཁམས་ཀྱི་ཡུལ་ལྗོངས་སུ། །
མཁས་གྲུབ་སྐྱེས་བུ་མང་བྱོན་པ། །
དེ་དག་མཛད་རྗེས་གླེང་རྒྱུ་ཡང་། །
རང་རེའི་ལས་འགན་ཅིས་མ་ཡིན། །
འདྲ་པར་དང་པོ། ཨ་མྱེས་རྨ་ཆེན་གངས་རི།
འདྲ་པར་གཉིས་པ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ།
དེ་ཚོ་དང་དྲང་མོ་བྲིས་འདུག་ཀྱང་བླ་བྲང་སྐལ་བཟང་གིས་ཁྱོད་ལ་ཁ་འཕྲིན་ཅིག་བསྐུར་འདུག་པས་གསན་ཡོད་ཤག་་་་་་་ལན་འདྲ་འབུལ་ཐུབ་ཨེ་སོང་ངམ།
འཁྲུངས་རིམ་བཞིན་ཡོད་ན་དེ་བས་ལེགས
གྲགས་ཅན་ཡོད་དགོས་པ་མང་པོ་མེད་ཀི་རྗེ་འཇིགས་མེད་དབང་པོ།གུང་ཐང་བློ་གྲོས་རྒྱ་མཚོ།ཐར་ཤུལ་ཆོས་སྐྱོངས་རྒྱ་མཚོ་།ཞ་དམར་ངག་དབང་འཕྲིན་ལས།བྲག་སྒོམ་བསྟན་པ་རབ་རྒྱས།ཤིང་བཟའ་པཎ་ཆེན་སོགས
མདོ་སྨད་མཁས་བརྩུན་བྱང་ཆུབ་སེམས་པ་སོགས་།
འཁྲུངས་རབས་གསལ་སྟོན་ལེགས་ཚོགས་བཟང་།
མདོ་དབུས་ཁམས་གསུམ་མཁས་བརྩུན་བྱང་སེམས་
ཚོགས་།
ལོ་རྒྱུས་སྨྲ་བའི་ལོ་རྒྱུས་འཕྲོད་དུ་ལྷག་།
ས་ཡིའི་གོ་ལའི་སྟེང་དུ་མི་ཡིའི་འགྲོ་བ་འཕེལ་།
ལོ་རྒྱུས་བཟང་ངན་མེད་པའི་མི་རིགས་མེད་།
ལོ་རྒྱུས་བདག་ཉར་ལོ་རྒྱུས་སྨྲ་བའི་འགན་།
ལོ་རྒྱུས་འཕྲོད་དུ་ཕྱོགས་ཞེན་དྲི་མས་གཏུམ་།
གོ་ལ་གཅིག་རྒྱུར་ཤར་ནུབ་གང་དུ་ཡང་།
རང་ཕྱོགས་སྐྱོང་ལ་གཞན་ཕྱོགས་སྨད་པའི་ལུགས་།
འཇིག་རྟེན་མི་ཡིའི་མ་བཅོས་སེམས་ཀྱིས་ལྷད་།
ཁེངས་བསྒྲགས་ལ།
མདོ་སྨད་རྒྱ་སྡེའི་ཞབས་འདྲེན་ཞུས། །
ཨ་མདོ་དགེ་ཆོས་ཚུལ་ཁྲིམས་འཆལ། །
ཨ་མདོ་བཅུ་པའི་སོར་སྡོམ་ཤོར། །
ཀླུ་སྨྱོན་ཨ་མདོའི་རིགས་པ་འཆལ། །
དེས་ལྷག་མང་ཙམ་ཉན་འདོད་དམ། །
བོད་མིར་བསྟོད་མཁན་ཛམ་གླིང་ཀུན། །
བོད་ལྗོངས་མཛེས་སྡུག་ཀུན་གྱིས་མཐོང་། །
བོད་རིགས་ལེགས་བྱང་སྐད་ཡིག་དང་། །
བོན་ཆོས་ནང་ཆོས་སྙིང་བཅུད་བཅུད་དར། །
་
མདོ་སྨད་མཁས་གྲུབ་དེ་ཙམ་ན། །
མདོ་སྟོད་ངོམས་རྒྱུ་ཅི་ཡོད་དམ། །
ཀརྡོ་ཀླུ་སྨྱོན་ཁ་བརྡར་བཞིན། །
དབུས་གཙང་སྐོར་ལ་ཤོད་ཅི་དགོས། །
ཀླུ་མཁར་བྱམས་སྨྱོན་པ་ལགས་ནས་ཡག་མོ་བྲིས་འདུག། ད་དུང་ཅོ་ནེ་གྲགས་པ་བཤད་སྒྲུབ་སོགས་མཁས་གྲུབ་མང་པོའི་མཚན་འཁོད་མི་འདུག ཀརྡོ་སོགས་མ་རངས་པའི་ཚིག་འབྲི་རྒྱུ་བཞག་སྟེ་དབུས་གཙང་དང་ཁམས་ཀྱི་མཁས་གྲུབ་རྣམས་ཀྱི་མཚན་གདོན་ཐུབ་ན་ཉན་འདོད་དོ། འོ། ཀླུ་སྨྱོན་ལགས། བླ་ཆེན་པོ་ཡང་འཁྲུངས་ཡུལ་མདོ་སྨད་མིན་ལུགས་གསུང་མཁན་ཡོད་དྲན་ནོ།
ཀླུ་སྨྱོན་གྱིས། འདིར་ཆོས་ལུགས་དང་། ཆོལ་ཁའི་འཐེན་འཁྱེར་ལ་ཕན་པ་ཅིག་བྲིས་ཙང་ང་དགའ་མ་སོང་བས་བྲིས་པ་ཡིན། ང་ལ་མདོ་སྨད་པ་དང་། ཁམས་པ། དབུས་གཙང་གསུམ་གའི་ཁོངས་ནས་རྩ་བའི་བླ་མ་ཡོད་པས་ང་ནི་དེ་ནས་ཕར་མི་སྨྲའོ།།
ཐོལ་བྱུང་ལས་ཕྱོགས་རིས་ཀྱི་ལྟ་བ་གཞིར་བཞག་ནས་བཤད་པ་ཞིག་མ་རེད་སྙམ། ལེགས་སོ། མཁན་ཆེན་འཇིགས་མེད་ཕུན་ཚོགས་འཁྲུངས་ས་ལ་རྩོད་པ་གཏན་ནས་མེད་ཁོང་རང་གིས་ཞལ་གྱིས་བཞེས་ཤིང་རྗེས་དྲན་མཆོད་རྟེན་ཡང་བཞེངས་ཡོད་ལེགས། ཁམས་ཨ་མདོ་རྩོད་པ་ཡོད་པའི་གསེར་རྟ་མ་རེད། རྩོད་མེད་ཀྱི་པདྨ་རྫོང་རེད། རྡོ་གྲུབ་ཀུན་བཟང་གཞན་ཕན། ཀརྨ་པ་བཅུ་བ། ཞྭ་དམར་བརྒྱད་པ། ཞེ་ཆེན་རབ་འབྱམས། མདོ་མཁྱེན་བརྩེ། གཙང་པ་གྲུབ་ཆེན། ཨ་མདོ་དགེ་བཤེས། སྤྲུལ་སྐུ་གསུང་རབ། སོག་ཡུལ་ལ་གྲགས་ཆེ་བ་ཆྭ་ཀན་ཧུ་ཐོག་ཐུ་སོགས་ཁ་སྐོང་དགོས་པ་མང་དུ་སྣང་པ་ཡང་མཆིས་སོ། །།
མདོ་སྨད་པ་མཁས་པ་མང་པོས་བོད་ཀྱི་རིག་གཞུང་ལ་ཕན་པའི་འཚོལ་སྒྲུབ་མང་དུ་མཛད་པའི་སྐྱེས་མཆོག་མང་དུ་བྱུང་། རྗེ་ཙོང་ཁ་པ་ལྟ་ཅི། ཕྱིས་སུ་བྱུང་བའི་བླ་མ་གུང་ཐང་བསྟན་པའི་སྒྲོན་མ་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་དང་། དགེ་ཆོས་སོགས་ཀྱིས་ཆོས་སྐད་དུ། གང་གིས་དངོས་མ་ཞེས་བྲིས་པ་མ་གཏོགས ངོ་མ་ཞེས་བྲིས་པ་མ་མཐོང་།
དིང་སང་གི་མདོ་སྨད་པའི་མཁས་པ་ཀླུ་སྨྱོན་སོགས་ཀྱིས་ཕལ་སྐད་གཙོ་བོར་བཟུང་སྟེ། ངོ་མ་ལ་དངོས་མ་ཞེས་འབྲི་ན། སྡང་མིག་གིས་གཟིགས་སོ་སྙམ་མོ།
དྲི་མེད་ལྷག་བསམ་ལགས། ཞྭ་དམར་བརྒྱད་པ་འཁྲུངས་ཡུལ་བལ་ཡུལ་ཡོལ་མོ་རེད། ཀརྨ་བཅུ་པ་མདོ་སྨད་མགོ་ལོག་ཏུ་འཁྲུངས།
ཀླུ་སྨྱོན་གྱིས་ཡག་པོ་བསྒྲིགས་འདུག ཡི་རངས་ཡོད། ཨ་མདོ་མེད་ན་དགེ་ལུགས་མེད། དགེ་ལུགས་མེད་ན་རྒྱལ་བ་རིན་པོ་ཆེ་མེད། རྒྱལ་བ་རིན་པོ་ཆེ་མེད་ན་དགའ་ལྡན་ཕོ་བྲང་མེད། དེ་མེད་ན་བོད་པ་ཟེར་བ་མཛུབ་མོ་འཛུགས་ཡུལ་མེད།
བྱས་ཙང་ཚན་རིག་ལྟར་རྩིས་བརྒྱབ་ན། (Amdho=y+Deglug=x) =Dalai Lama=Gaden Phodang=Tibetan
ཚན་རིག་ལྟར་གྲུབ་ན་རྒྱལ་བ་རིན་པོ་ཆེས་བོད་ཀྱི་ངོ་བོ་བསྐྱབས་ཡོད།
ད་ལྟོས་དང་། ཅིག་གིས། ཨ་མདོ་མེད་ན། བོད་པ་མེད་པ་རེད། ཟེར།
མདོ་སྨད་པ་སྐྱེས་ས། ཨ་མདོ་ཡིན་ན་ཡང་། སློབ་སྦྱོང་བྱ་ས་དེ། དབུས་གཙང་ཡིན་པ་དེ་ཡང་བརྗེད་བཞིན་འདུག་གདའ། ཧ་ཧ། ངས་དང་ཐོག་ཀླུ་སྨྱོན་གྱིས་ཆེད་རྩོམ་འདི། དཀྲུགས་རྩོམ་ཞིག་ཡིན་པ་ད་གཞི་ནས་གསལ་པོར་མངོན་བཞིན་འདུག་ག
ཀླུ་སྨྱོན་གྱིས་དཔེ་ཡག་པོ་བྲིས་འདུག་་་་་ཐུགས་རྗེ་ཆེ།
འདི་ལྟ་བུ་ཡང་ཡང་བྲིས་དང་་་་་རིག་དཔྱད་ལ་ངེས་པར་ཕན་ལ་ངེས་པར་འཛིན།
ཀླུ་སྨྱོན་སྨྱོན་པ་ཆགས་སམ། །
ཁ་བརྡ་དཀྲུགས་དྲ་ཆགས་སམ། །
མདོ་སྨད་སྨད་ས་ཆགས་སམ། །
ཀརྡོས་བཞག་ས་ཆགས་སམ། །
ཀརྡོས།
ལོ་ངོ་འགའ་ཤས་གོང་ལ། །
དུས་བབ་བཞག་ནས་འོངས་ཡིན། །
ད་ནས་ཉིན་ཤས་རྗེས་ལ། །
ཁ་བརྡའང་བཞག་ན་ལེགས་སམ། །
ལགས།། །།
http://www.dalailama.com/webcasts/post/363-bridging-buddhism–science
ནང་པའི་ཚན་རིག་དང་། དིང་དུས་ཚན་རིག
ནོར་བཅོས། ཐུགས་མད། ཞྭ་དམར་བདུན་པ་ཡེ་ཤེས་སྙིང་པོ་ནི་༡༦༣༡ལོར་”སྨྲ་སྨད་འགུ་ལོག་”ཏུ་འཁྲུངས་པ་དེ་ཡིན་ཚོད་འདུག ། མཁས་པའི་འབྱུང་གནས་དབུས་གཙང་ལས་མང་པ་ཞིག་མེད་སྙམ། དེ་དག་གླེང་ན་ཕྱོགས་རིས་སུ་འགྱུར་ཡང་མི་སྲིད་དེ། མདོ་སྨད་ཙོང་ཁ་པ་ཆེན་པོ་བོད་རིགས་ཕལ་མོ་ཆེས་བཀུར་བ་དང་། དབུས་པ་མི་ལ་རས་པ་ལ་ཆོས་པ་ཀུན་གྱིས་ཚད་མར་འཛིན་པ། རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་ཁམས་གསུམ་གླིང་དགུའི་བླ་མར་གྱུར་པ་ཆོལ་ཀ་གསུམ་ལ་འཁྲུངས་མྱོང་པས་སོ། ། སྤྱིར་ཆོལ་ཀ་གླེང་པ་དང་ཕྱོགས་རིས་ཡིན་མི་དགོས་མོད། བཀའ་བརྒྱུད་དང་ས་སྐྱ་མདོ་སྨད་ཕྱོགས་ལ་ཤིན་ཏུ་ཉུང་བ་ནི་མངོན་གསལ་རེད། དེས་རྐྱེན་གྱིས་ཕན་ཚུན་རྒྱུས་དེ་ཙམ་མེད་པ་ཡང་བདེན་པ་རེད། ཅི་ཙམ་ངོ་ཤེས་རྒྱུས་ཡོད་གྱུར་པ་དེ་ཙམ་གྱིས་ཕན་ཚུན་ལ་དུང་སེམས་སྐྱེ་བས་གཅིག་གིས་གཅིག་ལ་ཕ་མ་ཤ་རུས་གཅིག་པའི་བརྩེ་བ་བཟུང་སྟེ་རྒྱུས་མངའ་བྱེད་པ་གལ་ཆེའོ། །
ཨ་མདོ་བར་ཁ་སྨྲས་མ་མང་། སྒང་པ་བོད་ལ་ཨ་མདོ་བ་བཀའ་དྲིན་ཆེ། ཨ་མདོའི་བུ་སངས་རྒྱས་བསྟན་པའི་མེ་རོ་སྨད་ནས་གསོ་མཁན་དམུ་ཟུ་གསལ་འབར་མེད་ན་སངས་རྒྱས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ཟེར་བ་གང་ནས་འོང་། ཨ་མདོ་ཁ་བོ་ཆེའི་བུ་སྣ་བོ་ཆེ་མེད་ན་དགེ་ལུགས་པའི་བསྟན་པ་ཟེར་བ་གང་ནས་འོང་ལ། གདན་ས་སེར་འབྲས་དགའ་གསུམ་ཟེར་བ་སོགས་ཀྱང་གང་ནས་འོང་། དེ་བཞིན་ཨ་མདོ་ཆོས་སྐྱོང་ཚེ་རིང་གི་བུ་ལྷ་མོ་དོན་གྲུབ་མེད་ན་འཛམ་གླིང་ཁྱོན་ལ་སངས་རྒྱས་བསྟན་པའི་འོད་སྣང་གང་ནས་འོང་ལ། བོད་དང་བོད་མིར་ཆེ་མཐོང་ཕར་ཟད་མིང་ཙམ་ཡང་ད་གཟོད་ཡོད་རེ་སྐན། ཞེས་ང་སྨྲའོ། །
ཧ་ཧ་ཧ་