ཧི་མ་ལ་ཡའི་འཕྲུལ་སྨྱུག
༼སྤྱི་ཡོངས་ཀྱི་ཆ་ནས་༽རྒྱུ་འབྲས་མན་ངག་བདུན་གྱི་རྩ་བ་མར་ཤེས་དྲིན་དྲན་གྱི་གདམས་ངག་༼དེ་༽ལ་ནི། གནས་ལུགས་ཅུང་༼ཟད་༽ཙམ་ཡང་མི་འདུག་༼སྙམ་པའི་ཐེ་ཚོམ་མི་དགོས་ཏེ།༽ ཚེ་རབས་༼གཞན་ནས་༽གཞན་དུ་ཕ་མ་མ་བྱས་པའི་སེམས་ཅན་སུ་ཡང་མེད་པའི་རྒྱུ་མཚན་གྱིས། ཡོད་ཚད་ད་ལྟའི་ཕ་མ་ནང་བཞིན་བརྩི་དགོས་༼པའི་བློ་སྦྱོང་དེ་འདྲ་ཞིག་བསྟ༽ན་༼གནང་བ་དེ་ཡང༌། སྒྲུབ་ཕྱོགས་ཉམས་ལེན་གྱི་དབང་དུ་བྱས་པ་ཞིག་ལ་ངོས་འཛིན་དགོས་པ་ཡིན་ལ།༽
༼བྱེ་བྲག་དགག་ཕྱོགས་སམ་སྡང་ཕྱོགས་ཀྱི་སྒོ་ནས་བསམ་བློ་ཞིག་བཏང་ན།༽ ཚེ་རབས་གཞན་དུ་དགྲ་བོ་མ་བྱས་པའི་སེམས་ཅན་སུ་ཡང་མེད་པའི་རྒྱུ་མཚན་གྱིས། ཡོད་ཚད་ད་ལྟའི་དགྲ་བོ་ནང་བཞིན་བརྩི་མི་དགོས་པའི་རྒྱུ་མཚན་ཅི་༼ཡང༌། ནང་ཆོས་ཀྱི་ཁྲོད་དུ་འཁོད་༽ཡོད་༼པ་ཞིག་སྟོན་རྒྱུ་དཀའ་མོ་ཡིན་ནའང༌། ཆོས་ལུགས་འདི་པའི་ཆེད་བྱ་བའི་སྒྲུབ་བྱ་ནི་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཡིན་པར་བརྟེན། དེ་དང་ཕྱོགས་མཚུངས་ཀྱི་མཐུན་ཕྱོགས་གཉེར་རྒྱུ་དེ་ཡང་དངོས་པོའི་གཤིས་ལུགས་སུ་གཏོགས་པས་སོ།།༽
གཞན་དག་རང་གི་ཕ་མར་གྱུར་པའི་སྐབས་སུ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས་ནས་བྱམས་སྐྱོང་གནང་བ་ནང་བཞིན། རང་ཉིད་གཞན་པའི་ཕ་མར་གྱུར་སྐབས་སུ་ཡང་དེ་ལྟར་བྱས་ཡོད་ངེས་པས། ད་ནི་གཅིག་གིས་གཅིག་ལ་བྱས་ཡུས་འདོན་རྒྱུ་དང༌། སྤྲོད་ལེན་བྱ་རྒྱུ་གང་ཡང་ལྷག་མི་འདུག དེ་ལྟར་བསམ་ན། མར་ཤེས་དྲིན་དྲན་གྱི་མན་ངག་དེ། སེམས་ཅན་གཞན་ལ་ཕན་འདོགས་རིགས་པའི་ཤེས་བྱེད་དུ་མི་འགྲོ་བའི་ཐོག་ཏུ། ད་ལྟའི་ཕ་མའི་བཀའ་དྲིན་ཀྱང་བྱས་པ་རྗེས་མེད་དུ་གཏོང་བའི་ནང་ཇུས་ཤིག་རེད། ཅེས་བཤད་འོང་ན། དེ་ལ་ལན་འདེགས་ཇི་ལྟར་དགོས་པ་ཁོ་བོས་མི་ཤེས་པར་འདུག་པས། ཤེས་མཁན་ཁྱེད་ཅག་ལ་དྲི་བར་འདོད་དོ། །༼ཞེས་པ་ལའང་ལན་ཞིག་ཡོད་དེ། ཁྱེད་རང་གི་ཨ་མ་ལའང་ཁྱེད་རང་གིས་ངོས་ནས་ཚུལ་མིན་གྱིས་བྱ་བ་སྤྱོད་བྱེད་རིགས་པ་ཐལ། རྒྱུ་མཚན་དེའི་ཕྱིར་རོ། །ཚེ་འདིའི་ཕ་མ་ལ་ཡང་སྡང་དགྲར་འཛིན་དུ་རུང་བའི་བསམ་བློ་ཁྱད་པར་བ་དེ་ནི། སྔོན་ཆད་རྒྱང་འཕེན་པས་ཀྱང་མི་འདོད་པའི་རྟོགས་སད་ཀྱི་བཞེད་པ་བླ་ན་འཕགས་ཤིག་ཡིན་པ་ནི་སྨྲོས་མ་དགོས་སོ། །འོག་ཏུ་སྐུ་ཉིད་ནས་(ང་རང་ཉིད་ཆོས་ལུགས་ལ་མཐའ་གཅིག་ཏུ་ཞེན་པ་ལོག་པ་ཞིག་ཀྱང་མིན)། ཞེས་པ་དང་གཅིག ཡང་གོང་དུ། དེ་(ཡང་སངས་རྒྱས་པའི་གྲུབ་མཐའ་གོང་འོག་ཀུན་ལ་རྩོད་པ་མེད་པའི་རྒྱལ་བའི་བཀའ་ནི་ཉན་ཐོས་ལུགས་ཀྱི་སྡེ་སྣོད་གསུམ་པོ་སྟེ། དེང་སང་ཡོངས་གྲགས་སུ་ཐེག་དམན་གྱི་མདོ་སྡེར་འབོད་པ་འདི་དག་ཙམ་ཡིན)། ཅེས་པའི་ཐེག་པ་ཐུན་མོང་གི་ལུགས་ལའང༌། མཚམས་མེད་པ་ལྔ་ཡི་གྲས་སུ་ཕ་གསོད་པ་དང༌། མ་གསོད་པ་དེ་རྣམས་ནི་ཉེས་པ་ཆེ་བར་བརྩིས་པའི་ཕྱིར་དང༌། ཕག་གྲུ་བསོད་ནམས་རྒྱལ་མཚན་གྱིས། གཞན་གྱི་སྡུག་བསྔལ་དང་དུ་བླང་བའི་སྙིང་སྟོབས་ཆེ་པོ་བསྐྱེད་པར་བྱ་སྟེ། དེ་བསྐྱེད་པ་ལའང་བདག་གཞན་བརྗེ་བའི་ཚུལ་གྱིས་བོགས་འདོན་པ་ནི། རང་ཉིད་སྲིད་མཚོར་ལྷུང་བས་སྡུག་བསྔལ་བ་ལྟར་དྲིན་ཅན་གྱི་སེམས་ཅན་རྣམས་ཀྱང་སྡུག་བསྔལ་དུ་མས་མནར་བས་དེ་ཐམས་ཅད་སྡུག་བསྔལ་སྤོང་ཞིང་བདེ་བ་འདོད་པར་མཚུངས་པ་དང༌། བདག་གཞན་གྱི་བདེ་བ་ཐམས་ཅད་ཀྱང་གཞན་ལ་ཕན་པ་བསྒྲུབས་པས་འབྱུང་བ་དང༌། བདག་གཞན་བློས་བཏགས་པ་ཙམ་མ་གཏོགས་དོན་ལ་ཐ་དད་མེད་པ་དང༌། གཞན་གྱི་ཁུ་ཁྲག་སོགས་ལས་གྲུབ་པའི་ལུས་ལ་བདག་ཏུ་གཟུང་པས་རང་ལུས་ཀྱི་ཞེན་པ་སྐྱེ་བ་ལྟར། སེམས་ཅན་ཐམས་ཅད་རང་དང་གཉིས་སུ་མེད་པའི་བློ་གོམས་པར་བྱས་ན་དེ་དག་སྐྱེ་ཞིང༌། དེ་རྣམས་ལ་ཕན་བདེ་སྒྲུབ་པའི་བློ་དང་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམས། ཞེས་གསུངས་པ་དང༌།
མདོར་ན་བློ་ཁྱད་པར་ཅན་འདི་ནི་ཐར་ལམ་སྒྲུབ་ཕྱོགས་ཀྱི་མཐུན་རྐྱེན་གྱུར་ཞིང༌། འཇིག་རྟེན་མི་ཆོས་ཀྱི་ཁྲིམས་སྲོལ་ལ་གནས་པའི་སྤྱི་སྡོམ་དེའི་སྟེང་དུ་ཐེག་ཆེན་པའི་སྡེ་སྣོད་ཐམས་ཅད་གཞོལ་ཞིང་འབབ་པའང་གག་རྩ་དེ་ཉིད་ལ་ཐུག་པར་སེམས་སོ།།༽
རྒྱ་ཆེའི་ཀློག་པ་པོ་ རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ ཡིན་ལ། དབྱིན་ཡིག་གི་གུག་རྟགས་()འདིའི་ ནང་བཀོད་པའི་ཡི་གེ་རྣམས་ནི། བསྒྲགས་རྩོམ་འདིའི་ཚིག་ཕྲེང་ལུང་འདྲེན་གྱི་ཚུལ་དུ་ཐད་ཀར་དྲངས་པ་ཞིག་ཡིན། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
ལེགས་སོ་ལེགས་སོ།
ཐེག་ཆེན་ཚང་གི་རྒྱུ་འབྲས་མན་ངག་བདུན་མ་དེ་ལ་བཟོ་ལྟ་ལྷག་པོར་དུ་གྱུར་པ་ཞིག་ཡོད་ས་མ་རེད། གང་ཡིན་ཟེར་ན་ཆེན་པོར་རློམ་པའི་ཟོབ་ཚོང་བའི་བླ་མ་ཕྱི་འཛིག་ནང་སྟོང་དེ་ཚོ་ལ་སྒྲུབ་བྱེད་བཞག་རྒྱུ་གང་ཡང་མི་འདུག
སྔོན་མའི་མ་ཚང་མ་ད་ལྟའི་མ་ནང་བཞིན་བསམ་དགོས་ན་ངའི་འབུ་ལི་འདི་རྩ་བ་ནས་བཏུབ་ཏེ་ཡར་ཀླུང་གཙང་པོ་ནང་འཕང་རྒྱུ།
དབང་རྣོན་བདག་གཞན་མཉམ་བརྗེས་ཐོག །
ཡིད་འོང་བྱམས་པ་སྐྱེས་ཐུབ་ཀྱང་། །
དབང་རྟུལ་བདག་གཞན་བརྗེ་དཀའ་བར། །
མར་ཤེས་དྲིན་དྲན་དྲིགཟོ་གསུམ། །
ཡིད་འོང་སྐྱེ་ཕྱིར་གསུངས་པ་ལས། །
བློ་སྦྱོང་གསུང་ཚད་ཡོད་དགོས་མེད། །
བཙིར་གནོན་བྱ་རྒྱུ་ཏིལ་ཡིན་པ་གང་ཞིག་ལ།
བྱེ་མ་ལས་སྣུམ་འདོན་པའི་འབད་བརྩོན་འདྲ་ཞིག་མཐོང།