ཨ་ནུ་ཐང་བསོད་ནམས།
ཚན་པ་དང་པོ།
ནཱར་སིན་མན་དྲལ་ལ་ནི་སྤྱི་ལོ ༡༩༡༨ ལོར་ལྷོ་ཨ་ཧྥུ་རི་ཁའི་རྒྱལ་པོའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་ཁྲིམས་ལུགས་སློབ་ཅིབ་ཁྲིམས་རྩོད་པའི་ཕྱག་ལས་གནང་། ཁོང་ནི་རྒྱལ་ཁབ་དེར་མི་རིགས་ནག་པོས་སྒེར་གྱི་ཁྲིམས་ལས་ཁང་བཙུགས་མཁན་ཐོག་མ་ཡིན། རིམ་བཞིན་ཆབ་སྲིད་ཀྱི་ནང་དུ་ལྷུང་ཞིང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་འདྲ་མིན་བྱས་མཐར་ཨ་ཧྥུ་རི་ཁིའི་གཞོན་ནུ་ཚོགས་པར་འཛུལ་ཞུགས་བྱས། ཚོགས་པ་དེ་རྗེས་སུ་ཨ་ཧྥུ་རི་ཁའི་རྒྱལ་ཡོངས་ལྷན་ཚོགས་ཀྱིས་བཏང་འཛིན་འོག་ཏུ་གྱུར་ཞིང་། རྒྱལ་ཡོངས་ལྷན་ཚོགས་ཀྱིས་གོ་བསྒྲིགས་འོག་ཏུ ༡༩༥༢ ལོར་ཟླ ༤ ཚེས ༦ ཉིན་གཞུང་འཛིན་མི་དཀར་གྱི་སྲིད་དབང་བཙུགས་པའི་རྒྱལ་སྟོན་དང་སྟུན་ནས། མཉམ་འབྲེལ་སྤངས་བའི་ཞི་བའི་ལས་འགུལ་སྤེལ། ཁོང་དང་ལྷན་མི་གཅིག་ཁྲི་ཙམ་གྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ཀྱང་། དོན་འབྲས་མ་སོན་པ་ཞི་རྒོལ་བ༨༥༠༠ཙམ་འཛིན་བཟུང་བྱས་བས་ཕམ་ཉེས་ཆེན་པོ་བྱུང་། ཁོང་ཡང་དེ་དག་གི་ཁྲོད་ཀྱི་གཅིག་ཡིན། གནས་ཚུལ་དེ་ཁོ་ལ་ཆབ་སྲིད་ཀྱི་གོ་རྟོགས་རྙེད་པའི་གཞི་མར་གྱུར། རྗེས་སུ་ཁོང་ཐེངས་དུ་མར་འཛིན་བཟུང་བྱས་བ་མ་ཟད། ༡༩༥༦ ལོར་ཟླ ༡༢ ཚེས ༦ ཉིན་རྒྱལ་ཁབ་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་རྒྱུའི་གྲྭ་བསྒྲིགས་བྱེད་པའི་དོགས་གཞིའི་འོག ཨ་ཧྥུ་རི་ཁའི་རི་ཁིའི་རྒྱལ་ཡོངས་ལྷན་ཚོགས་ཀྱི་གནད་ཡོད་མི་སྣ་དང་ལྷན་འཛིན་བཟུང་བྱས། སྲིད་གཞུང་གིས་ལས་འགུལ་གོ་བསྒྲིགས་པ་རྣམས་ལ་དྲག་པོའི་གསར་རྗེས་ཀྱི་ཉེས་མིང་བཏགས་ནས་དམར་གསོད་བཏང་རྒྱུའི་འཆར་གཞི་བཀོད་ཀྱང་། བདེན་དཔང་མ་རྙེད་ཅིང་། ཁྲིམས་རྩོད་པའི་རོགས་སྐྱོར་འོག་ཏུ་ཁྲིམས་ཁང་ལས་རྒྱལ་ཁ་ཐོབ་སྟེ་སྲོག་ཁྲིམས་ཕྱི་འཐེན་བྱས།
མ་གཞི་ཁོང་ལ་མ་ཧཱ་རྒན་དྷེ་ཡི་ཤུགས་རྐྱེན་ཐེབས་ནས་མཉམ་འབྲེལ་སྤངས་བའི་ཞི་བའི་ངོ་རྒོལ ༡༩༥༠ དང ༡༩༥༡ ལོར་སྤེལ་ཡང་ཕམ་ཉེས་ཚབས་ཆེན་བྱུང་ཞིང་། དེའི་རྗེས་གཞུང་གིས་ཞི་རྒོལ་བ་དང་མཉམ་ཞུགས་པ་ཀུན་ལ་ལོ་སྟུན་་ནས་དྲག་གནོན་དང་འཛིན་བཟུང་ཤུགས་ཆེན་བྱས། དེ་ལྟར་ཕྱིན་ན་རང་སྲོག་བཅད་པ་དང་གཉིས་སུ་མེད་ཅིང་རང་ཉིད་རྩ་མེད་འགྲོ་བའི་གནས་ལུགས་གསལ་རྟོགས་ཀྱིས། ལྐུག་པ་ཨུ་ཚུགས་ཀྱི་ཞི་བའི་སྒང་དུ་ཕྱིན་པ་ཞི་དྲག་གཉིས་དང་། དེ་ལས་དྲག་རྒོལ་གྱི་ལམ་དུ་འགྲོ་བའི་གཞི་མར་གྱུར། གྲོགས་པོ་རྒྱུད་ནས་མོའོ་དང་ལེ་ནན་སོགས་ཀྱི་ཤུགས་རྐྱེན་ཐེབས་པ་མ་ཟད། ༡༩༦༠ ལོའི་ཟླ ༣ ཚེས ༢༡ ཉིན་ཞི་རྒོལ་བ་མང་པོས་གཉེན་རྟོག་ལས་ཁུངས་ཀྱི་སྒོ་རུ་འཛོམས་ཏེ་ཁྲོམ་སྐོར་བྱས་སྐབས་གཉེན་རྟོགས་པས་མི་མང་གི་ཁྲོད་དུ་གང་བྱུང་གིས་མེ་མདའ་བརྒྱབས་ནས་མི ༦༩ དམར་གསོད་བཏང་ཞིང་བརྒྱ་དང་ལྷག་ལ་རྨས་སྐྱོན་བཟོས།
གནས་ཚུལ་དེ་དག་སོགས་ཀྱི་རྐྱེན་གྱིས་དྲག་པོའི་ལམ་དུ་བསྐྱོད་རྒྱུའི་ཆོད་སེམས་སྔ་ལས་སྲ་བརྟན་དུ་གྱུར་ནས ༡༩༦༡ ལོར་ཁོང་དང་མི་ཁག་ཅིག་གིས་ལྷོ་ཨ་ཧྥུ་རི་ཁའི་དམར་ཚོགས་ཚོགས་པ་བཙུགས། དྲག་ལས་མང་པོ་འཚོལ་བསྡུ་བྱས་ཤིང་མཐའ་མར Sabotage ཀྱི་ལས་འགུལ་སྤེལ་རྒྱུ་བདམས། དྲག་ཐབས་དེ་རྒྱུད་ཆེ་ས་ནས་སྲིད་གཞུང་དང་། ཆུང་ས་ནས་དཔོན་པོ་ཚོར་ཞེད་སྣང་སྐུལ་རྒྱུའི་སེམས་ཐག་བཅད། ཁོོང་ཚོས་ཁ་པར་དྲ་བའི་ལྟི་གནས་དང་གཞུང་གི་ལས་ཁང་། དཔལ་འབྱོར་འཁོར་སྐྱོད་བྱེད་ས། དམག་མིའི་ལྟེ་བ་སོགས་ལ་གང་ཐུབ་ཀྱིས་འབར་རྫས་བཞག་སྟེ་སྲིད་གཞུང་ལ་གནོད་ཤུགས་སྤྲད་ནས། ཁོང་ཚོའི་འདོད་འདུན་རྣམས་མི་དཀར་གཞུང་ལ་ཁས་ལེན་བྱེད་དུ་བཅུག་རྒྱུ་དེ་རེེད། ཐབས་ལམ་དེ་ནི་དེ་སྔོན་དམག་ཆེན་དང་པོ་དང་གཉིས་པ། ཡོ་རོབ་སོགས་སུ་སྟོབས་ཤུགས་ཞན་པའི་ཚོགས་པ་ཚོས་སྟོབས་ཤུགས་ཆེ་བའི་སྲིད་གཞུང་སོགས་ལ་དྲག་འཐབ་ཀྱིས་ཁ་གཏད་གཅོད་པའི་ཐབས་ལམ་ཞིག་རེད།
ཡིན་ཡང་། དྲག་སྤྱོད་པ་ཁ་ཤས་ཀྱིས་གནད་དོན་དེ་ཞི་བ་ཡིན་ཚུལ་གྱི་འགྲེལ་བཤད་ཡོད། ལས་འགུལ་དེ་གཙོ་ཆེ་བ་མཚན་མོ་སྤེལ་རྒྱུ་བྱས་ཤིང་། དེ་ལྟར་བྱས་ན་ནུས་བ་ཐོན་པས་མན་དྲལ་ལ་ཡིས། ང་ཚོས་ལས་འགུལ་དེ་མཚན་མོ་སྤེལ་དགོས་དོན་ནི་མི་རྣམས་ཉལ་བས་དོན་མེད་ཀྱི་ཚེ་སྲོག་མང་པོ་མི་འགྲོ་བར་ཕན་པ་མ་ཟད། འབར་རྗས་བཞག་མཁན་དང་ལྐོོག་གསོད་པ་སོགས་ཀྱི་བདེ་འཇགས་ལ་ཕན་པས་ཡིན་ཞེས་གསུངས་ཡོད། བདེན་ཏེ། འབར་རྫས་ལྐོག་འཇོག་གི་ལས་འགུལ་མང་དུ་སྤེལ་ཡང་ཞི་རྒོལ་ལྟར་མ་ཡིན་པ། འཇོག་མཁན་གྱི་གཅིག་གི་ཚེ་སྲོག་ཀྱང་མ་ཡལ་བས་ཁོང་ཚོ་སྤོབས་པ་སྐྱེས་ཀྱང་། འཇིགས་སྐུལ་རིང་ལུགས་པ་ངོོས་འཛིན་བྱས་ཡོད།
དྲག་རྒོལ་བྱེད་རྒྱུ་གྲྭ་སྒྲིག་བྱས་ཤིང་དྲག་འཐབ་བྱེད་ན་མཚོན་ཆ་དགོས་བས་ཉོ་ས་རྒྱ་ནག་བྱས་ན་ཡག་ཚུལ ༡༩༥༥ ལོར་ནསས་མན་དྲལ་ལ་ཡིས་རྒྱལ་ཡོངས་ཚོགས་གཙོ་ལ་སློབ་སྟོན་གནང་། རྒྱུ་མཚན་ནི། མན་དྲལ་ལ་སོགས་ཀྱིས་གྲང་དམག་སྐབས་ཀྱི་འགལ་ཟླ་དང་ལྷོ་ཨ་ཧྥུ་རི་ཁའི་སྲིད་གཞུང་ལ་ཨ་དབྱིན་སོགས་ཀྱི་རྒྱབ་སྐྱོར་ཡོད་པ་དེ་བེད་སྤྱོད་ཀྱིས་དམར་ཕྱོགས་པའི་ལག་ནས་རྒྱབ་སྐྱོར་བཙལ་ཞིང་། ཁོང་ཚོ་དམར་ཕྱོགས་ཚོགས་པ་ཡིན་པས་ཨུ་རི་སུ་དང་རྒྱ་ནག་ཕྱོགས་ནས་རོགས་སྐྱོར་ཐོབ་པས་ཡིན། གནས་ཚུལ་དེ་དང་མི་དཀར་གཞུང་ལ་ཨ་དབྱིན་སོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ནར་སིན་མན་དྲལ་ལ་འཇིགས་སྐུལ་དྲག་སྤྱོད་པ་དང་། དམར་ཕྱོགས་ཚོགས་པར་ངོས་འཛིན་བྱས། རྗེས་སུ་འཐབ་རྩོད་ལས་རྒྱལ་ཁ་ཐོབ་ནས་ལྷོ་ཨ་ཕ་རི་ཁའི་སྲིད་འཛིན་གྱུར་ཡང་ཝ་ཞིན་གྲོན་ལ་འགྲོ་དགོས་ཚུལ་ཚེ་དམིགས་བསལ་གྱི་ཆོག་མཆན་དང་། འཇིགས་དྲག་སྤྱོད་པའི་མིང་ཐོ ༢༠༠༨ ལོའི་བར་ཨ་རིས་གསུབ་མེད། འོན་ཀྱང་། ཁོང་གི་ལས་དོན་ལ་རྒྱལ་ཁ་རེག་ཅིང་ནོར་ཝེ་ཞི་བདེའི་བྱ་དགའ་གཙོ་བོ་གྱུར་བའི་བྱ་དགའ་མི་འདྲ་བ༢༥༠ལྷག་ཐོབ་སྟེ། མཚན་སྙན་འཇིག་རྟེན་དུ་ཁྱབ་ནས་འདས་གྲོངས་སུ་གྱུར་སྐབས། བསྟོད་པ་ལས་དམད་པ་ཚིག་གཅིག་བྱེད་མཁན་དཀོན་པ་ནི་བཞད་གད་ཀྱི་གནས་ཞིག་རེད་ལ། དེ་ནི་ཁེ་ཕན་དོན་གཉེར་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་དེ་ཉིད་ཕྱི་རོལ་ཏུ་སྟོན་པ་ཞིག་ཀྱང་རེད།
གལ་སྲིད་ཁོང་གིས་རྒྱལ་ཁ་མ་ཐོབ་པ་བཙོན་ཁང་དུ་གྲོངས་བ་ཡིན་ན་འཇིགས་སྐུལ་བའི་མིང་ཐོགས་ནས་གྲོངས་རྒྱུ་ལས་ཞི་བདེ་བ་ཞིག་མིན་ལ། མི་ཚེའི་ནང་ཐེངས་མ་གསུལ་ལ་ཆང་ས་རྒྱགས་མཁན་གྱི་སྤྱོད་འཆལ་བ་ཞིག་དང་། གཟའ་ཟླ་དང་པོ་ལ་ཚུལ་མིན་གྱི་འཁྲུག་སྤྱོད་བཏང་བའི་ཉེས་ཅན་པ་ཡོད་མཁན་ཞིག་ཀྱང་ཡིན། བདེན་ཏེ། གནས་ཚུལ་དེས་རྐྱེན་པས་གཟའ་ཟླས་ཁོང་ཁྲིམས་ཁང་ལ་བསྐྱལ་བ་མ་ཟད་རྒྱ་ནག་ནས་དྲག་མཚོན་ལེན་རྒྱུའི་གྲོས་མགོ་སྟོན་མཁན་དང་།་ལག་ཁྱེར་མེད་པ་ལྷོ་ཨ་ཧྥུ་རི་ཁའི་ཆབ་སྲིད་ཀྱི་སློབ་སྟོན་པའི་སྐུ་ཚབ་བྱས་ནས་མཐའ་འཁོར་གྱི་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་དང་ཚོགས་པ་དག་ལ་གསང་མཇལ་བྱས་ཤིང་། དྲག་སྤྱོད་ཆེད་དངུལ་དངོས་བསྡུ་རུབ་བྱས་བའི་ནག་ཉེས་སོགས་ཡོད་པས་ཡིན།
༡༩༦༢ ལོའི་ཟླ ༢ ནང་མན་དྲལ་ལ་རྒྱལ་ཡོངས་ལྷན་ཚོགས་ཀྱི་སྐུ་ཚབ་བྱས་ནས་གསང་བའི་ཐོག་ནས་ཐོོ་ནིས་གཤིས་ཡ་སོགས་རྒྱལ་ཁབ་བཅུ་གཅིག་ཙམ་ལ་ཕྱིན་ཏེ་པགས་མདངས་དབྱེ་འབྱེད་ལ་འདོད་པ་མེད་མཁན་གྱི་སྲིད་འཛིན་དང་ཚོགས་པ། གནད་ཡོད་མི་སྣ་སོགས་ལ་འབྲེལ་བ་བཙུགས་ནས་རྒྱབ་སྐྱོར་བཙལ། མཚོན་ཆ་ཉོ་བའི་དངུལ་དངོས་བསྡུ་བསྐོངས་བྱས་ཤིང་གྲུབ་འབྲས་གང་མཚམས་ཕྱིན་པའི་ཟླ་དྲུག་གི་རྗེས་སུ་ཁོས་གཟབ་གཟབ་མ་བྱས་བས། ཨ་རིིའི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་ནས་ལྷོ་ཨ་ཧྥུ་རི་ཁར་གནས་ཚུལ་སྤྲད་ཅིང་། ཟླ་༨ ཚེས་༥ ཉིན་འཛིན་བཟུང་བྱས། ལག་ཁྱེར་མེད་པ་ཕྱི་ལོག་ཏུ་བསྐྱོད་ཅིང་ལྷོ་ཨ་ཧྥུ་རི་ཁའི་ཆབ་སྲིད་ཀྱི་སློབ་སྟོན་པ་ཡིན་ཁུལ་དང་། ངོ་ལོག་ཚོགས་པ་དང་འབྲེལ་བ་ཡོད་ཚུལ་གྱི་ཉེས་མིང་འོག་ནས་ལོ་ལྔ་ལ་བཙོན་ཆད་བཅད།
༡༩༦༣ ལོར་ཟླ ༡༡ ནང Rivonia ཀྱི་དྲག་པོའི་ལས་འགུལ་བ་དུ་མ་འཛིན་བཟུང་བྱས་ཤིང་ཁོང་ཚོའི་ཁ་ནས་མན་དྲལ་ལ་གསའ་བྷོའི་ཁྲལ་རྗེས་དང་འབྲེལ་བ་ཡོད་པ་ཤེས་ནས། དྲག་པོའི་སྒང་ནས་སྲིད་གཞུང་མགོ་རྟིང་སློག་པའི་ནག་ཉེས་འོག་སྲོག་ཁྲིམས་ཀྱི་ནག་ཉེས་ཕོགས།
༡༩༦༣-༡༩༦༤ ལོར་ཨ་ཧྥུ་རི་ཁའི་རྒྱལ་ཡོངས་ལྷན་ཚོགས་ཀྱིས་གནད་ཁྲིད་འོག Rivonia Trial ཞེས་བའི་ཐབས་ལམ་སྣ་ཚོགས་བེད་སྤྱོད་བཏང་ཏེ་དྲག་པོའི་གསར་རྗེས་བསླངས་རྒྱུའི་གོ་བསྒྲིགས་བྱས་ཀྱང་། ལམ་ལྷོང་མ་བྱུང་བ་ཤེས་རྟོགས་བྱུང་ཏེ་རྒྱལ་ཡོངས་ཚོགས་པའི་མགོ་ཁྲིད་བཅུ་ལ་འཛིན་བཟུང་གི་བཀའ་རྒྱ་བཏང་ཞིང་མན་དྲལ་ལ་བརྩིས་ན་མི་བཅུ་གཅིག་ཡོད། དེ་དག་ལས་ཁག་ཅིག་བྲོས་བྱོལ་བྱས་ཀྱང་མང་ཤོས་བཙོན་དུ་ཚུད་ཅིང་རང་ཉེས་ངོས་ལེན་བྱས་བས་ཚེ་བཙོན་བཟོས། རྒྱུ་མཚན་ནི། མན་དྲལ་ལ་ལ་ཁྲིམས་ཐག་མ་གཅོད་པའི་སྔོན་དུ་ཁྲིམས་ཁང་ནང་སྲུང་སྐྱོབ་ཀྱི་གཏམ་བཤད་གནང་རྒྱུའི་གྲྭ་བསྒྲིགས་བྱས་ཤིང་། གཏམ་བཤད་དེ་ཡང་ཁོའི་བྷ་ཡི་དམར་ཕྱོགས་གསར་རྗེས་བ་སྐད་གྲགས་ཅན Fidel Castro ཡི་གཏམ་བཤད་ལ་མིག་དཔེ་བལྟས་ནས་བྲིས་ཡོད། Fidel Castro ནི་ཁོའི་བྷ་ཡིི་དམར་ཕྱོགས་ཀྱི་གསར་རྗེས་བ་སྐད་གྲགས་ཅན་ཞིག་ཡིན་ཞིང་རྗེས་སུ་སྲིད་དབང་ཐོབ་རྗེས་བྱང་གོ་རི་ཡ་ལྟར་སྲིད་དབང་གཅིག་བསྡུ་ཡི་ལམ་དུ་བསྐྱོད། ཁོང ༡༩༥༩-༡༩༧༦ བར་སྲིད་བློན་དང་༡༩༧༦-༢༠༠༨ བར་སྲིད་འཛིན་བྱས་བས་མི་རྣམས་ཞེད་སྣང་སྐྱེས་ཡུལ་ཞིག་ཏུ་ཆགས་ཡོད།
མན་དྲལ་ལ་ཡིས་སྲུང་སྐྱོབ་ཀྱི་གཏམ་བཤད་སྤེལ་སྐབས། ཁོང་གིས་་ཨ་ཧྥུ་རི་ཁའི་རྒྱལ་ཡོངས་ལྷན་ཚོགས་དང་དམར་ཕྱོགས་ཚོགས་པ་གཉིས་ཀས་དྲག་ལས་སྤངས་ཤིང་དེ་སྔོན༡༩༥༠ འགོ་སྟོད་བཞིན་ཞི་བའི་ངོ་རྒོལ་བྱེད་པའི་འབོད་སྐུལ་བྱས། གཏམ་བཤད་ཀྱང་དུས་ཚོད་བཞི་ཙམ་བྱས་ཤིང་ནང་དོན་གཙོ་བོ་ནི། ངས་མི་རིགས་དཀར་ནག་གཉིས་ཀྱི་གང་ཞིག་གཙོ་ཆེ་རུ་འཛིན་པའི་དབང་སྒྱུར་ལ་འཐབ་འཛིང་གིས་མང་གཙོ་དང་། རང་དབང་གི་སྤྱི་ཚོགས་ཤིག་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། མི་རིགས་དཀར་ནག་གཉིས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་པའི་སྒང་ནས་འཆམ་མཐུན་གྱིས་གོ་སྐབས་འདྲ་མཚུངས་ཡོང་རྒྱུའི་རེ་བ་ཡོད། ལས་དོན་དེ་དག་མངོན་འགྱུར་བྱེད་ཆེད་དུ་ང་ཤི་དགོས་ཀྱང་ཤི་ངེས་ཡིན་ལ། ང་ཤི་རྒྱུའི་གྲྭ་སྒྲིག་ཀྱང་ཨང་གསལ་ཡོད་ཅེས ༡༩༦༤ ལོར་ཟླ ༤ ནང་གསུངས།
གཏམ་བཤད་དེ་ཤུགས་རྐྱེན་ངེས་ཅན་ཐེབས་ཤིང་ཁོང་དང་ཨ་ཧྥུ་རི་ཁའི་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམས་སྲོག་ཁྲིམས་ལས་ཐར་ནས། དྲག་སྤྱོད་སྤེལ་ཏེ་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག་ཚེ་བཙོན་ལ་བསྒྱུར། མན་དྲལ་ལས་དྲག་སྤྱོད་ལ་འགྲེལ་བཤད་དམིགས་བསལ་བ་ཞིག་བརྒྱབས་པ་མ་ཟད། དེ་སྔོན་ཁོ་ཚོས་བྱས་བའི་དྲག་སྤྱོད་རྣམས་ནི་ཁོང་ཚོ་མོས་ནས་བདམས་པ་མ་ཡིན་པ། སྲིད་གཞུང་གིས་ཁོང་ཚོར་སྤྲད་པའི་ལམ་ཁ་གཅིག་བུ་དེ་ལས་གཞན་དུ་མེད་པའི་འགྲེལ་བཤད་གནང་བཞིན་ཡོད།
ཚེ་བཙོན་སྐབས་དང་པོ Robben མཚོ་གླིང་དུ་བཙོན་ཁང་ཆེས་ཉེས་བ་ལྕི་ཤོས་སུ་བཅུག་ཅིང་སུ་དང་ཐུགས་འཕྲད་བྱེད་མི་ཆོག་ལ། ལོ་གཅིག་ལ་ཡིག་སྐུར་ཐེངས་གཅིག་མ་གཏོགས་ལེན་མི་ཆོག གསར་འགྱུར་ལྟ་ཀློག་གི་རང་དབང་བཀག་ཀྱང་། ༡༩༨༢ ལོར Pollsmoor ལ་གནས་སྤོ་བྱས་ཤིང་གནས་དེར་སྲུང་སྐྱོབ་ཧ་ཅང་དམ་ཡང Robben Island དང་བསྡུར་ན་གུ་ཡང་ཤིང་མཐུན་རྐྱེན་ལེགས་ཁར། བཙོན་སྲུང་གི་འགོ་བ་དང་འབྲེལ་བ་ཡག་པོ་ཆགས་པས་ལོ་གཅིག་ལ་ཡིག་སྐུར ༥༢ ཙམ་ལེན་ཐུབ་པའི་རང་དབང་ཐོབ།
མི་རིགས་ནག་པོའི་སྟོབས་ཤུགས་སྔ་ལས་འཛམ་གླིང་གང་སར་རྒྱས་ཤིང་ཨ་རི་སོགས་སུ་མི་རིགས་ནག་པོའི་ཐོབ་ཐང་ལ་རྒྱལ་ཁ་ཐོབ་པ་མ་ཟད། མི་ནག་ཚོར་མི་རིགས་རིང་ལུགས་པའི་ལྟ་བ་སྔ་ལས་རྒྱས་ཤིང་རང་དབང་འཐབ་རྩོད་ཀྱི་ཆེད་དུ་གཅིག་རྒྱབ་གཅིག་གིས་སྐྱོར་པའི་དུས་སྐབས་སུ་འཁེལ་ཡོད། ༡༩༧༦ ལོར་མི་རིགས་ནག་པོའི་སློབ་མ་ཚོས་གནད་ཁྲིད་པའི Soweto དཔྱིད་ཀའི་ཞི་རྒོལ་བྱུང་། སློབ་མ ༢༠༠༠༠ ཙམ་མཉམ་ཞུགས་ཀྱིས་ཞི་རྒོལ་བྱས་ཀྱང་གཞུང་གིས་མཁའ་དབྱིངས་སུ་ཐད་འཕུར་གནམ་གྲུ་བཏང་ནས་ལྟ་རྟོགས་ནན་མོ་བྱས་ཤིང་། དྲག་ཆས་གཉེན་རྟོག་པས་མེ་མདའ་བརྒྱབས་ནས་དྲག་གནོན་བྱས། སློབ་ཕྲུག་རྣམས་ཀྱི་རང་སྲུང་གི་ཆེད་དུ་དྲག་ལན་དྲག་གིས་སློག་པས་འཐབ་འཁྲུག་གི་ཁྲོད་མི་དྲུག་བརྒྱ་ཙམ་རྐྱེན་ལམ་དུ་བཏང་།
གནས་ཚུལ་དེའི་མི་རིགས་དཀར་ནག་གཉིས་ཀྱི་འཁོན་འཛིན་སྔ་ལས་ཛ་དྲག་ཏུ་བཏང་བ་མ་ཟད། སློབ་ཕྲུག་ལ་དྲག་གནོན་བྱས་བའི་བྱ་སྤྱོད་དེར་མི་རིགས་ནག་པོ་གཙོ་བོ་གྱུར་བའི་རྒྱལ་སྤྱི་དང་། ལྷག་པར་དུ་ལྷོ་ཨ་ཧྥུ་རི་ཁིའི་མི་རིགས་དཀར་པོ་མང་པོས་ཀྱང་གཞུང་གི་བྱ་སྤྱོད་དེ་མཐའ་དྲགས་པའི་སྐྱོན་བརྗོད་བྱས། རྒྱུན་རིང་འཐབ་རྩོད་བྱས་བའི་འཁོན་འཛིན་དང་གཉའ་གནོན་མྱོང་བའི་སྡུག་ངལ་ཡོད་པའི་སྟེང་དུ། གནས་ཚུལ་དེས་རྐྱེན་འཕྲད་པས་རང་དབང་འཐབ་རྩོད་པ་སྔ་ལས་འཕེལ་ཞིང་བརྟན་ལྷིང་མེད་པའི་སྤྱི་ཚོགས་ཁྲོད་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ཞིང་། ཕྱི་རྒྱལ་གྱི་མ་རྩ་འཇོག་མཁན་ཉུང་དུ་ཕྱིན། མ་རྩ་འཛུགས་མཁན་དང་ཆོང་འབྲེལ་བྱེད་མཁན་ཀུན་གྱིས་རང་གི་ཚོང་ཟོག་བརླགས་པ་འདོད་ནས་སྲིད་གཞུང་ལ་གནད་དོན་དེ་སེལ་དགོས་བའི་འབོད་སྐུལ་བྱས། མ་ཟད་གསར་དུ་མ་རྩ་འཇོག་མཁན་གྱི་ཚོང་པ་མང་པོས་ཀྱང་རང་གི་ཇ་དངོས་བརླག་པ་དོགས་ནས་ཕྱི་འཐེན་བྱས་ཤིང་། སྔ་ནས་དངོས་རྫས་ཡོད་མཁན་གྱི་ཚོང་དཔོན་མང་པོས་མཚམས་འཇོག་དང་ཉུང་དུ་བཏང་། གནས་ཚུལ་དེས་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པས་མི་རིགས་དཀར་པོ་མང་པོས་གཞུང་ལ་གནད་དོན་དེ་སེལ་རྒྱུའི་སྐུལ་མ་བཏང་།
ལས་འགུལ་ཁྲོད་མཉམ་ཞུགས་བྱེད་མཁན་གྱི་སློབ་མ་མང་པོ་གང་བྱུང་གིས་འཛིན་བཟུང་བྱས་ཤིང་དུས་ཡུན་འདྲ་མིན་གྱི་བཙོན་དུ་བཅུག མན་དྲལ་ལས་གསར་དུ་ཡོང་བའི་གཏུམ་དྲག་ཅན་དང་དཔའ་རྒོད་ཀྱི་ཆབ་སྲིད་བཙོན་མ་ལོ་གཞོན་ཚོ་དང་འབྲེལ་བ་བཙུགས་ཤིང་། ཁོང་ཚོ་རྒྱུད་ནས་ཨ་ཧྥུ་རི་ཁའི་ནང་དུ་ཁོོང་གི་མཚན་སྙན་སྔ་ལས་རྒྱས་ཏེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་ཀྱང་མན་དྲལ་ལ་བཙོན་གྲོལ་ཡོང་བའི་ཡིག་ཆ་བཀྲམས། སྤྱི་ཚོགས་ཁྲོད་ཁོང་ལ་དོ་སྣང་བྱེད་མཁན་མང་དུ་སླེབས་ཤིང་། རིམ་བཞིན་པགས་མདངས་དབྱེ་འབྱེད་ལ་རྒོལ་བའི་རྒྱལ་སྤྱིའི་སྟེང་གི་ཚོགས་པ་ཚོས་ཀྱང་ཁོང་ལྷོད་གྲོལ་ཡོང་བའི་འབོད་བསྐུལ་བྱས། ༡༩༧༩ ལོར་རྒྱ་གར་གྱིས་གནས་དེར་གནས་བའི་རྒྱ་གར་གྱི་མི་རིགས་གཙོ་བོའི་གྱུར་བའི་པགས་མདངས་དབྱེ་འབྱེད་ཀྱིས་སྡུག་ངལ་མྱོང་མཁན་དག་དང་རྒན་དྷེ་ཡི་ལས་འཕྲོ་སྐྱོང་སླད་ལྟ་བུའི་ནེ་རོའི་གཟེངས་རྟགས་སྤྲད། རྒྱུ་མཚན་ནི། འགན་དྷེས་ཀྱིས་གནས་དེར་ཐོག་མར་ཞི་རྒོལ་སྤེལ་ཡང་ཕམ་ཉེས་བྱུང་བས་ཡིན།
༡༩༨༠ ལོའི་འགོ་ཙམ་ལ་ཨ་ཧྥུ་རི་ཁའི་ལས་འགུལ་བ་དང་རྒྱལ་ཁབ་མང་པོའི་ནང་དུ་མན་དྲལ་ལ་གློད་གྲོལ་ཡོང་བའི་ཚ་རླབས་འཁྱིལ། དེ་ནི་ཡུལ་དེའི་མི་རིགས་ནག་པོ་ཚོས་གཅིག་རྒྱབ་གཅིག་གིས་མནན་ནས་མཚམས་མ་ཆད་པར་ཞི་དྲག་གཉིས་དང་། དེ་ལས་ཀྱང་གཙོ་བོའི་དྲག་པོའི་ལསའགུལ་སྤེལ་བའི་ཉེན་ལེན་གྱིས་ཡིན་པ་མ་ཟད། ༡༩༦༡ ལོའི་ཟླ ༡༢ ཚེས ༡༦ ཉིན་ཁོ་ནར་ལོ་སར་ལ་འཇིགས་སྐུལ་བྱེད་ཆེད་དུ་འབར་རྫས་༥༢ཀྱིས་གཏོར་རྒོལ་བྱས་ཚུལ་ཕྱིས་སུ་འབར་རྫས་བཞག་མཁན་གྱི་གནད་ཡོད་མི་སྣ་ཁག་ཅིག་གིས་ངོས་ལེན་བྱས་ཡོད། གང་ལྟར་རྒྱལ་སྤྱིའི་སྒང་དུ་མི་ནག་གཙོ་བོ་གྱུར་བའི་མི་ཚོས་ཁོང་གློད་གྲོལ་ཡོང་བའི་སྐད་འབོད་བྱས་མིན་ལ་མ་ལྟོས་བར་ཨ་དབྱིན་སོགས་ཀྱིས་ཁོང་མུ་མཐུད་དུ་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱས་ཡོད།
རྒྱ་ནག་པ་ཚོ་ཧྲན་ཆིང་གིས་ནཱར་སིན་མན་དྲལ་ལ་ཟེར་བའི་མི་འདིའི་ལོ་རྒྱུས་རིང་བོ་ཞིག་བྲིས་འདུག་ལ། ཁོང་ནི་དམར་ཕྱོགས་པ་དགའ་ལ་དང་རྒྱ་ནག་པེ་ཅིན་གཞུང་ལ་རྒྱལ་སྐྱོར་བྱེད་མཁན་དང་། རྒྱལ་བ་རིན་པོ་ཆེ་ལ་དེ་ཙམ་མི་མོས་པ་ཞིག་ཡིན་ཚུལ་བྲིས་འདུག་
ངས་བསམ་ན་མི་འདི་མི་ཚེའི་་ནང་སྐུ་ཚེའི་སྟོད་སྨད་ཀྱི་ལྟ་སྤྱོད་ལ་འགྱུར་བ་ཐེབས་ཡོད་པ་མིན་ནམ་སྙམ།
ད་དུང་དཔྱད་དགོས་ཀྱིན་འདུག
ཨ་ནུ་ཐང་བསོད་ནམས་ནས། ཞི་བདེའི་དེད་དཔོན་ཞིག་གི་སྐོར་གྱི་ལོ་རྒྱུས་རྒྱས་པ་ཞིག་བཀོད་གནང་བར་ཐུགས་རྗེ་ཞུ་འདོད་བྱུང། གང་ལྟར་མི་རིགས་ཞིག་དང་ཆོས་ལུགས་ཞིག་གི་ཆེད་དུ་འཐབ་རྩོད་བྱེད་དུས་གཏན་གཏན་ཕྱོགས་གཅིག་ལྷུང་ངེས་རེད། དེ་མིན་འཐབ་རྩོད་ཀྱི་གོ་རིམ་ཞིག་འབྱུང་མི་སྲིད། གང་ལྟར་ཁོང་གིས་ཡུལ་དེའི་མི་རིགས་དཀར་པོ་བ་ཚོས་མི་རིགས་ནག་པོ་ཚོར་གཉའ་གནོན་བཤུ་ཞོག་བྱས་པར་སྡུག་ནད་མ་ཐེབས་ནས་ཐབས་ལམ་སྣ་ཚོགས་ཀྱི་བརྒྱུད་ནས་མཐར་རང་གི་མི་རིགས་ནག་པོ་བ་ཚོར་རང་དབང་གི་གོ་སྐབས་ཐོབ་པ་འདི་ནི་ཁོང་གི་བཀའ་དྲིན་ཉག་གཅིག་རེད།
ཨ་ནུས་ལོ་རྒྱུས་ཐུང་ངུ་གསལ་བོ་ཞིག་བྲིས་འདུག་པས་བཀའ་དྲིན་ཆེ་ཞུ་གི་ཡིན། མི་རིགས་གཞན་ཞིག་འོང་ནས་ས་བདག་རྣམས་དུད་འགྲོ་བཞིན་བཀོལ་སྤྱོད་བྱས་དུས། ཞི་དྲག་གཉིས་ཀྱི་འཐབ་རྩོད་ཡོང་ངེས་རེད།
དཔེར་ན་རྒྱ་གར་ཀྱང་གན་ངྷེ་ཡིས་ཞི་བ་དང་དེ་མིན་དམག་དཔོན་ཞིག་གིས་དྲག་པོས་འཐབ་རྩོད་བྱས་པ་རེད། གང་ལྟར་མི་རིགས་ཞིག་གི་ཆེད་དུ་ལོ་མང་པོར་བཙོན་ཁང་དུ་བསྡད་པ་དང་ཁོས་གཏམ་བཤད་འགས་སྙན་གྲགས་རྒྱས་པ་མ་ཟད།ཞི་བདེ་གཟེངས་རྟགས་ཡངབཞེས་པ་རེད།ཁོང་འདས་རག་བར་དུ་ཕལ་ཆེར་དམར་ཕྱོགས་ལ་ཅུང་ཟད་དགའ་བ་ཞིག་ཐོས་མྱོང་ཡོད།
ཚན་པ་གཉིས་པའི་ནང་ལ་གང་ཡོད་དམ།
ཁ་གསལ་གོ་བདེ་དང་ལོ་རྒྱུས་དྲང་བཤད་ལ་དགའ་བསུའི་ལེགས་གསོལ་ཞུ།
རྣམ་པ་ཚོས་དགོངས་ཚུལ་གསུངས་བ་ལ་ཐུགས་རྗེ་ཆེ། དགེ་འདུན་རྒྱ་མཚོས་རྒྱ་ཡིག་གི་ཐོག་ནས་ཡོད་པའི་མན་དྲལ་ལ་ཡི་གནས་ཚུལ་གསུངས་བ་བཞིན་ཁོང་ནི་དམར་ཕྱོགས་སམ་གུང་ཁྲན་ཏང་ལ་གང་མཚམས་ཀྱི་དགའ་བོ་བྱེད་མཁན་ཞིག་དང་། རྒྱ་གར་གྱི་ནེ་རོ་བཞིན་ནུབ་ཕྱོགས་པ་ལ་དེ་ཙམ་མི་མོས་ཤིང་ནུབ་ཕྱོགས་ཀྱི་ཁེ་ཕན་རིང་ལུགས་པའི་ཆབ་སྲིད་ཀྱི་འགྲོ་ཕྱོགས་གསལ་པོ་རྟོགས་མཁན་ཞིག རང་གི་ཁེ་ཕན་གཙོ་བཟུང་བྱེད་ཅིང་ཁེ་ཕན་གྱི་གནད་འགག་གསལ་བོར་རྟོགས་ནས། འཐབ་རྩོད་ཀྱི་ལམ་ཁ་མ་ནོར་བ་འདེམ་ཐུབ་མཁན་གྱི་རང་ཚུགས་བརྟན་ཞིང་། མཁྱེན་དཔྱོད་ཡངས་བའི་རླབས་ཆེན་གྱི་ཆབ་སྲིད་འཐབ་རྩོད་པ་ཞིག་རེད།
གོང་ས་མཆོག་གིས་ཁོང་ལ་ཆེ་བསྟོད་ཅི་ཙམ་བྱས་མིན་ལ་མ་ལྟོས་བར། ཁོས་བོོོད་དོན་ལ་ལྷག་བསམ་རྣམ་དག་གིས་གཏམ་བཤད་ཡག་པོ་ཞིག་ཀྱང་གནང་མེད་ཁར། ལྷོ་ཧྥུ་གཞུང་གིས་གོང་ས་མཆོག་ལ་མཐོང་ཆེན་གྱི་ལག་ཁྱེར་མ་སྤྲད་པའི་རྩོད་རྙོག་ལ་མི་སྨྲ་བའི་རྟུལ་ཞུགས་བཟུང་ཡོད། དེེ་བརྟེན། ཁོང་ནི་གོང་ས་མཆོག་ལ་དེ་ཙམ་གུས་བཀུར་མེད་མཁན་ཞིག་དང་། གོང་ས་མཆོག་གིས་གདམ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་བོད་དོན་ལ་འདོད་པ་དེ་ཙམ་མེད་མཁན་ཞིག་ཡིིན་པ་གསལ་པོ་རེད། མ་ཟད་ཁོང་ནི་ཞི་དྲག་གཉིས་ཀྱི་ཐབས་ལམ་ལས་དྲག་པོ་གཙོ་བཟུང་བྱེད་མཁན་ཞིག་ཡིན་ལ། གནས་བབ་དང་སྟུན་ནས་ཞི་དྲག་གཉིས་ཀ་རང་གི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཆེད་དུ་མ་ནོར་བ་བེད་སྤྱོད་བཏང་ཤེས་མཁན་གྱི་རྣམ་དཔྱོད་ཅན་ཞིག་དང་། རང་གི་ཕུགས་འདུན་དང་མི་རིགས་ཀྱི་ཁེ་ཕན་ཆེད་དུ་མཚན་མཐོང་ཡང་མི་དགོས་བར་རང་སྲོག་འདོར་ཐུབ་མཁན་གྱི་དཔའ་རྒོད་ཅིག་ཀྱང་རེད། དེ་ཅི་ལྟར་ཡིན་མིན་ཚན་པ་རྗེས་མ་ཚོའི་ནང་དུ་ཡོང་ངེས་ཡིན།
མི་འདིས་སྔོན་མ་རྒྱལ་བ་རིན་པོ ཆེ་ལ་མཇལ་འཕྲད་གནང་བ་སོགས་མཛད་ཡོད་ཀྱང་རྗེས་སུ་འགྱུར་བ་སོང་འདུག གོང་ས་མཆོག་དབུ་མའི་ལམ་ལ་ཕེབས་པས་གྲུང་འབྲས་མ་ཐོན་པས་ཡིད་ཆེས་བརླགས་པ་མིན་ནམ།
ངས་ལྟས་ན་མན་དྲལ་ལ་ཡིས་ཞི་བའི་ཁོ་ནས་ཆབ་སྲིད་ཀྱི་དཀའ་རྙོགས་མང་པོ་ཞིག་སེལ་མི་ཐུབ་པར་རང་མྱོང་གི་དེ་སྔོན་གྱི་ལས་འགུལ་དུ་མས་གསལ་བཤད་བྱས་བ་ལ། སེམས་གཏིང་ནས་ཡིད་ཆེས་བྱེེད་མཁན་ཞིག་དང་། ཞི་བ་ཁོ་ནས་སེལ་ཐུབ་མིན་དེ་་ཁ་གཏད་ཀྱི་བྱ་སྤྱོད་ལ་ལྟོས་ནས་ཐག་གཅོད་བྱེད་དགོས་བར་ཡིད་ཆེས་བྱེད་མཁན་ཞིག་རེད། དེ་བརྟེན། གཅིག་བྱས་ན་ཞི་བ་ཁོ་ནའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་བར་ཁོང་ལ་དོགས་པ་ཡོད་པས་ཡིན་པ་མ་ཟད། ཁོང་ཚོ་ལ་དཀའ་ངལ་འཕྲད་སྐབས་རྒྱ་ནག་ཕྱོགས་ནས་རོགས་སྐྱོར་མི་ཉུང་བ་ཞིག་བྱས་ཡིན་སྲིད། གཞན་ཞིག་ནས་ཁོང་ཡང་མོའོ་ཡི་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་སྟངས་ལ་མོས་གུས་བྱེད་མཁན་ཞིག་ཡིན་པས་རང་ཤུགས་སུ་གོང་ས་མཆོག་གི་གཟིགས་སྟངས་དང་མི་འདྲ་བ་འདོད།
འོན་ཀྱང་། མན་དྲལ་ལ་དམར་ཕྱོགས་ལ་མོས་བའང་དམར་ཕྱོགས་ཀྱིས་རྒྱལ་བོའི་ལམ་ལུགས་རྩ་རྫོགས་བྱེད་པའི་ཐབས་ལམ་སོགས་ལ་མོས་བ་ལས་ཁོང་གི་དམིགས་ཡུལ་ངོ་མ་དེ་མང་གཙོ་དང་རང་དབང་། འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་བཅས་རྩོད་རྒྱུ་ཡིན། ཡིན་ཡང་། ལོ་རབས་ལྔ་བཅུའི་ནང་དམར་ཕྱོགས་དང་མང་གཙོ་གཉིས་ལས་སུ་ཞིག་ལེགས་མིན་གྱི་ཁ་མཚོན་གཅོད་དཀའ་བའི་སྐབས་སུ་ཁོང་ལ་རྒྱལ་ཁ་ཐོབ་ན་གང་དུ་འགྲོ་མིན་བཤད་དཀའ་ཡང་། ཕྱིས་སུ་དམར་ཕྱོགས་ཀྱི་ལམ་ལུགས་ཕལ་ཆེ་བར་ཕམ་ཤེས་ཆེན་པོ་བྱུང་བས་ཁོང་གིས་བགྲོད་ལམ་དེ་མི་འདེམ་པ་གསལ་པོ་རེད། མ་ཟད་དྲུག་ཅུའི་ཁོང་འཛིན་བཟུང་བྱས་རྗེས་མང་གཙོའི་རང་བཞིན་ལྡན་པའི་འདྲ་མཉམ་དང་རང་དབང་རྩོད་རྒྱུ་ནི་ཁོང་དང་ཨ་ཧྥུ་རི་ཁའི་མ་འོངས་བའི་ཁེ་ཕན་ཆེ་ཤོས་ཡིན་པའི་ངེས་ཤེས་རྙེད་ཅིང་། བརྒྱད་ཅུའི་ནང་དམར་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཕམ་ཉེས་བྱུང་བ་དེས་ཁོང་ལ་བདེན་དཔང་གྱུར་ཡོད། དེ་བརྟེན། ཁོང་དམར་ཕྱོགས་ལ་མོས་བ་དེའང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་རྒོལ་རྡུང་བཏང་བྱེད་ཀྱི་ལག་ཆ་ཡག་ཤོས་ཤིག་ཏུ་མཐོང་བས་རེད་སྙམ། རྒྱུ་མཚན་ནི། དབང་ཤུགས་ཆེ་བའི་བཀས་བཀོད་རྒྱུད་ཀྱི་འཛིན་སྲིད་དབང་ཕལ་ཆེར་བ་རྩ་མེད་བཏང་མཁན་ནི་དམར་བོའི་གསར་རྗེས་ཡིན་ཞིང་། དེ་ནི་གཅིག་བསྡུ་རིང་ལུགས་ལ་རྒོལ་རྡུང་བཏང་བྱེད་ཡག་ཤོས་ཤིག་དང་། ལྷག་པར་དུ་ལྷོ་ཨ་ཧྥུ་རི་ཁར་མཚོན་ན་དགོས་མཁོ་གལ་ཆེན་ཞིག་ཏུ་གཟིགས་པས་རེད། ཡིན་ཏེ། ཞི་རྒོལ་ཞི་ཙམ་བྱས་ཀྱང་བསམ་ཤེས་མེད་པ་དྲག་གནོན་བྱས་ཤིང་ངོ་རྒོལ་བ་རྣམས་ཁྲིམ་དུ་ཐོན་པས་ངོ་རྟགས་ཆོད་ཕྱིན། མཉམ་ཞུགས་བྱེད་མཁན་ཕལ་ཆེར་བ་འཛིན་བཟུང་དང་གསར་གསོད་བྱས་བས་རེད། གང་ལྟར་ཁོང་གིས་ཞི་དྲག་གཉིས་ཀ་བེད་སྤྱོད་བཏང་བ་མ་ཟད། དེ་གཉིས་འཐེན་ཤེས་ལྷོད་ཤེས་དང་། ཆད་ལྷག་མེད་པ་བེད་སྤྱོད་བཏང་ཡག་པོ་བཏང་བས་མི་དཀར་སྲིད་གཞུང་མཐའ་མ་ཐབས་ཟད་འུ་ཐུགས་སུ་བཅུག་ནས་ཁོང་གི་དགོས་འདོད་ཁག་མི་ཉན་རང་ཉན་གྱུར་བས་གྲོས་མོལ་ལ་ལམ་ལྷོང་བྱུང་འདུག
ཁོང་གོང་ས་མཆོག་དང་མཇལ་འཕྲད་གནང་བའི་རྒྱུ་རྐྱེན་གཙོ་བོ་ནི་གོང་ས་མཆོག་འཇིག་རྟེན་དུ་སྐད་གྲགས་ཡོད་པའི་ཞི་བའི་དབུ་ཁྲིད་ཅིག་ཡིན་ཞིང་། ཁོང་ཡང་མི་རིགས་ནག་པོའི་མཚོན་དོན་ལྟ་བུའི་པགས་མདངས་དབྱེ་འབྱེད་ཀྱི་གདུག་རྩུབ་ཀྱི་སྲིད་བྱུས་ལ་རྒོལ་མཁན་དང་། རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཆེ་ཤོས་དེ་ཡིན་པས་དེ་དག་བདེན་དཔང་བྱེད་ཆེད་སོགས་ཀྱི་རྒྱུ་མཚན་སྣ་ཚོགས་དང་། སྐབས་དེ་དག་གི་གནས་བབ་སོགས་ལ་ཞུགས་ནས་མཇལ་འཕྲད་གནང་བ་འདོད། རིམ་བཞིན་བོད་དང་གོང་ས་མཆོག་གི་གནས་བབ་མང་དུ་རྟོགས་པའི་འགྲོས་དང་སྟུན་ནས་གཟིིགས་སྟངས་ལའགྱུར་བ་ཕྱིན་པ་སོགས་ཀྱང་བདེན་དུ་འདོད། མ་ཟད་མི་རིགས་ནག་པོ་མང་པོ་ཞིག་གིས་ཀྱང་རང་ལ་རང་དབང་ཐོབ་ཕྱིན་གཞན་གྱི་སྡུག་ངལ་བརྗེད་ནས་དཔལ་འབྱོར་ཁོ་ནའི་ཁེ་ཕན་ཆེད་དུ་རྒྱུགས་བཞིན་ཡོད་པ་སྐུ་མདུན་ལ་མཐོང་ཆེན་མ་གནང་བ་དང་༡༩༩༨ལོར་ཐེ་ཝེན་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱས་བ་དེས་གསལ་བྱེད་ཞུ་ཐུབ།
མདོར་ན་སྐུ་མདུན་དང་མན་དྲལ་ལ་གཉིས་ཀས་འཇིག་རྟེན་ལ་གཟིགས་སྟངས་དང་འཐབ་རྩོད་བྱེད་སྟངས་སོོགས་རྩ་བའི་ཆ་ནས་འགལ་བ་རེད། དེའི་སྐོར་ཚན་པ་རྗེས་བ་ཚོའི་ཁྲོད་དུ་གང་ཐུབ་ཀྱི་ཡོང་ངེས་ཡིན།
འདི་ཀློག་རིན་ཡོད་པ་ཞིག་རེད་འདུག དགའ་བསུ་ཡོད།