‘’དྲང་མོར་བཤད་ན་མི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ།’’
བོད་ཀྱི་གཏམ་དཔེ།
ཤིས་ཚང་ལྗང་མྱུག
ནེམ་ཤ་འཁྱུད་པའི་ལྗང་ལོའི་ཚེ་སྲོག་སྟོན་གྱི་རླུང་བུས་ཁྱུར་མིད་བྱེད།།
དཀར་འོད་ཆེམ་པའི་ཟླ་བའི་ལང་ཚོ་སྤྲིན་ནག་ལེབ་མོས་ཧར་གྱིས་སྒྲིབ།།
འཆར་དང་ནུབ་པའི་རྟ་བདུན་གཞོན་ནུའང་ཉིན་དང་ཞག་གི་འཁོར་གྱིས་བཟུང་།།
འཕེལ་དང་འགྲིབ་པའི་ཆོས་ཉིད་ཀློང་དུ་རྐང་གཉིས་འགྲོ་འདི་གཏན་དུ་ཐོགས།།
ཕྲག་དོག་དུག་གི་མདའ་རྩེ་རྣོན་པོས་གཡས་དང་གཡོན་ནས་ཤེེད་ཀྱིས་བསྣུན།།
དོན་མེད་མི་ཁའི་ལྷགས་རླུང་ལྡོམ་པོས་གཞོགས་དང་རྒྱབ་ནས་ཤུགས་ཀྱིས་འདེད།།
ཚེར་མའི་ལམ་གྱི་འགྲོ་འོང་ངལ་བར་དཔའ་དང་སྤོབས་པས་དཔུང་སྦྲེལ་ཏེ།།
བརྩོན་པའི་གོམ་ཆུང་སོར་གང་མ་གཟུར་ལྷག་བསམ་མཚོ་མོའི་ཁ་རུ་བསྲིངས།།
ལྷག་བསམ་འོ་མའི་ངད་ཁ་མི་ཚོར་དུག་རླངས་ནག་པོའི་དྲི་མར་སྣང་།།
གཞུང་དྲང་གཤིས་ཀྱི་ངང་ཚུལ་མི་རྟོགས་གཡོ་ཅན་ཁྲམ་པའི་གྲས་ལ་འདེད།།
བརྩོན་པའི་རྔུལ་ཆུའི་རིན་ཐང་མི་གླེང་རང་ཁེ་སྒྲུབ་པའི་ཉེས་པས་བསྙད།།
མད་པའི་གཏམ་ཞེས་རྫུན་གྱིས་སྐྱོར་བ་བསྟོད་པའི་མཐེ་བོང་སྟོང་གིས་བཀྱགས།།
ཚུར་འཁོར་གདོང་ན་འཛུམ་བག་སྣུམ་པོ་དུང་དང་བརྩེ་བའི་ཟོལ་གྱིས་འཁྱིལ།།
ཕར་འཁོར་ངག་ན་སྨོད་པའི་གཏམ་ཕྲེང་སྡང་དང་དགྲ་ཡི་ཚད་དུ་སྤེལ། །
སྒྱུ་མའི་འགྲོ་སྟངས་གཤིས་སུ་སྨིན་པས་དྲང་བོའི་མི་དག་གླེན་པར་ཚོར།།
འདི་ནི་གྲོགས་དང་གན་ནི་དགྲ་ཞེས་དབྱེ་དང་ཁྱད་པར་འབྱེད་དུ་དཀའ།།
དྲང་བོ་མི་བྲིན་བདེན་པ་མི་མཁོ་རིས་མེད་ཕྱོགས་མེད་ཇི་ལྟར་བྱེད།།
ལྷག་བསམ་མི་གླེང་སེམས་ཤུགས་མི་གཙོ་གཞན་ཕན་གཞན་དོན་ཇི་ལྟར་སྒྲུབ།།
འགན་འཁྲི་མི་བསམ་སྤྱི་དོན་མི་དགོས་རིགས་ཞེན་ལར་ཞེན་ཇི་ལྟར་འགྲེལ།།
ཆགས་སྡང་མིག་གིས་ལམ་སྣ་འདྲེན་པ་ཉེན་ཁར་བྲལ་བའི་ཐབས་ཡིན་ནམ། །
མ་འཁྱོག་མ་ཡོ་དྲང་བོའི་ལམ་ན་ཙག་དང་རླུང་བུའི་གྲང་ཤ་རྒོད།།
མ་སྣོག་མ་འཁྲབ་བདེན་པའི་མལ་ན་མདའ་མདུང་མཚོན་ཆའི་རྣོ་ངར་གཟེངས།།
དྲང་བོར་བཤད་ན་མི་མི་དགའ་ཞེས་གནད་ལ་འཁེལ་བའི་སྡོམ་ཚིག་དེས།།
སྤྱི་ཚོགས་ཤིག་གི་དབྱིབས་དང་བཀོད་པ་དམ་དུ་སྦྲེལ་བའི་ངེས་ཤེས་རྙེད།།
སྤྱི་ཚོགས་འདི་ལ་དྲང་བོ་མི་འགྲོ་རང་གི་ཁ་ཕོར་འཆོར་ངེས་ཟེར།།
བདེན་པའི་སྐད་ཆར་རིན་ཐང་ཅང་མེད་ཁ་ཁུ་སིམ་པོར་འགྲོ་དགོས་ཟེར།།
མིག་ཟུང་བཙུམ་ཞིང་སྨྲ་སྒོ་ཟུམ་ན་གླེང་རྙོག་མེད་པ་མ་ཤེས་མིན།།
ཨ་མས་གནང་བའི་སྨྲ་ལྕེ་དག་མོས་བདེན་པའི་མཆིད་ཅིག་བསྒྲགས་པ་ཡིན།།
དགེ་ཆོས་འཁྱམ་པོ་བཙོན་ལ་བཙུད་ཀྱང་རྫུན་པར་བདེན་ཁ་བྱིན་མྱོང་མེད།།
ལུང་ཤར་དཔའ་བོས་མིག་གཉིས་ཤོར་ཀྱང་རྫུན་པར་མགོ་བོ་སྒུར་རབས་མེད།།
ཁ་བའི་སྟོན་པ་ས་མཐར་ཕུད་ཀྱང་བདེན་པའི་ཕྱག་ཟུང་བསྐུམ་མྱོང་མེད།།
ཤ་ཚའི་གཏམ་གྱིས་ཅི་ཙམ་བསྙད་ཀྱང་ང་ནི་བདེན་པར་ཤིན་ཏུ་གཅེས།།
མཁྲིས་པས་མིག་ཟུང་བསླད་པའི་ངོ་ལ་དུང་གི་ཁ་དོག་དཀར་པོ་རུ།།
སུ་དང་གང་གིས་ཅི་ཙམ་འགྲེལ་ཡང་རློམ་པའི་རེ་བ་ཤིན་ཏུ་ཕྲ། །
རང་སེམས་སྐྱ་མོར་ཉེས་པ་མེད་ན་སྐྲག་དང་ཚོམ་དགོས་མ་མཆིས་ཏེ།།
གོམ་ཁ་མི་ལྷོད་མགོ་བོ་མི་སྒུར་སྔར་དང་སྔར་བཞིན་འདུར་བར་སྤོབས།།
༢༠༡༠ལོའི་ཟླ་ ༡༢ ཚེས་༡༣ ཉིན་རང་ཤག་ཏུ།
ཚ་བོ་ལབ་འདུག
ཅིས་མ་བདེན་ཤིན་ཏུ་ལེགས།
གྲོགས་པོ་ཤིས་ཚང་བ་ལགས། རྩོམ་འདི་ལ་དངོས་གནས་རིན་ཐང་ཡོད་ཀི། འདི་ད་གྲྭ་ས་ནས་བླ་རྒན་ཆེ་ཆུང་དག་གི་གནོན་ཤུགས་ཀྱིས་གཡས་བཙུར་གཡོན་བཙུར་བྱེད་དུས་ཀྱི་རྩོམ་ཞིག་ཡིན་པ་ངས་ཤེས་ཀྱི་འདུག ཉེས་མེད་དོན་མེད་ལ་ཐུབ་ཚོད་དང་གཉའ་གནོན་བྱེད་དུས་རྩོམ་འདི་འདྲ་ཁ་ནང་ལ་ལྷུང་ནས་ཡོང་ང་ཡ། ཡིན་ནའང་། ཚོར་བ་འདི་དང་ལམ་ཁ་འདི་བརྒྱུད་མ་མྱོང་བའི་མི་ཞིག་གིས་འདིའི་རིན་ཐང་མི་ཤེས། དོན་མེད་དུ་ཁྲོ་གཏམ་སྨྲ་བ་དང་འུར་རྒྱག་པ་འདྲ་ཞིག་ལས། འདི་དུས་ཀྱི་རྩོམ་པ་པོ་དེ་གཏན་ནས་ཤེས་མི་སྲིད། ངས་བལྟས་ན་ཁྱོད་ལའང་དངོས་ཡོད་དང་བདེན་པ་ལས་འདས་པའི་ཐུབ་ཚོད་ཅིག་དང་གཉའ་གནོན་ཞིག་བྱས་ཡོད་པ་འདྲ། རྩོམ་འདི་རིག་དུས་ངའི་རང་རྩོམ་འབེལ་རྩོམ་དོམ་ནག་སྨྱོན་པ་དང་འབེལ་རྩོམ་སྲིན་པོ་གད་རྒྱངས་གཉིས་དྲན་ཡོང་གི་འདུག གཞན་གྱིས་ཚོད་མེད་ཐུབ་ཚོད་གཏོང་དུས་རང་ལའང་དེ་བཞིན་གྱི་ངར་ལངས་རྒྱུ་དང་བློས་གཏོང་གི་དམ་བཅའ་ཡོད་ཡ། ལྷག་པར་བླུན་པོ་ལུག་འདྲ་བ་དག་གིས་འོས་མིན་གྱི་རྒྱགས་གཏམ་དང་གླེན་རྟགས་སྟོན་དུས།
ཨ་ཁུ་རབ་རྒྱུས་ཚང་གི་བཤད་སྟངས་ལ་བལྟས་ན་་་་་་དེང་སང་གྲྭ་ས་ཁག་གི་ཉེས་བཅོས་སྟངས་ཚུལ་སྔ་ལས་ཛ་དྲག་ཏུ་ཕྱིན་ཡོད་པ་འདྲ། ཨ་ཁ་ཁ་་་་་་་་་་་
ཨ་ཁུ་རབ་རྒྱས་དེ་ལ་གྲྭ་ས་ཁག་ན་བརྗེད་ཐབས་མེད་པའི་ནད་གཡམ་ཞིག་བགོས་ཡོད་པ་འདྲ།
ན་དེ་ནས།
གཞན་གྱི་མཚང་ལ་འཕོག་ན་ཚིག་རྩུབ་རེད། །
རང་གི་མཚང་ལ་འཕོག་ན་ཉམས་ལེན་རེད། །
རྨོངས་པའི་མཚང་ལ་འཕོག་ན་ཤེས་རབ་རྒྱས། །
གཅེས་འཛིན་འཚང་ལ་འཕོག་ན་གཞན་དོན་རྒྱས། །
ཡ་རབས་ཡོན་ཏན་ལྡན་པ་ཁོ་བོ་ལ།།
ཅིག་ཅིག་ཉིག་གིས་ཐུབ་ཚོད་བཏང་སོང་ཞེས།།
འདྲེ་དང་སྲིན་པོའི་མཐོང་སྣང་འཛིན་པ་འདི།།
ཡ་རབས་ཡིན་པའི་རྟགས་སུ་མ་མཐོང་ངོ་།།
བསོད་སྙོམས་བཞེས་རྗེས་ཞིམ་པ་པོ་མི་འདུག་ཅེས།།
ཡོན་བདག་རྒད་པོའི་མགོ་ལ་རྒྱག་པ་དེས།།
བསོད་ནམས་ཇི་ལྟར་སྙོམས་སྟངས་མི་ཤེས་པས།།
ཁོམ་ན་བོན་རྒྱའི་བླ་མས་ལན་ཞིག་གནོངས།།
ཆོས་ཀྱི་བྱམས་པ་སྲིད་ལ་བྱས་པའི་སྲོག་གི་རིན་ཐང་ཆེ་ས་ན།།
ལུགས་གཉིས་སྐྱོང་བའི་བདེན་དོན་བཙན་པོ་ཁ་བའི་སྟོན་པས་འཆད་ནའང།།
གྲུབ་མཐའ་རེ་དང་ཁམས་ཚན་རེ་ལ་ཡིག་ཆ་རེ་ཞེས་གླེང་སྲོལ་འདིས།།
མི་རིགས་ཤིག་གི་ཆོས་ལུགས་ཡིན་པའི་རྣམ་འགྱུར་ད་དུང་སྒྲིབ་བཞིན་འདུག།
ཆོས་ལ་སློབ་པའི་ལམ་ལུགས་ཡིན་ཞེས་བོད་ཀྱི་སྲོག་ལ་མི་མཐུད་ཀི།
དུས་རབས་གསར་པའི་ནང་པ་ཡིན་པའི་དགོངས་གཞི་ག་དུས་སྒྲུབ་ཐུབ་བམ།།
རྟེན་འབྱུང་རིག་པའི་བོད་པ་སྐྱོང་བའི་པོ་ཏི་ད་དུང་མ་བརྩམས་ཐ།།
ཚིག་ཁ་ཡངས་མོའི་ཆོས་ཀྱི་དགོངས་པ་དམངས་ལ་ད་དུང་མ་གནང་ཐ།།
གཙུག་ལག་སློབ་གྲྭའི་སློབ་གསོའི་ལམ་ལུགས་ད་དུང་ཤོག་ངོར་མ་བྲིས་ཐ།།
ཆོས་གྲྭར་འགྲིམས་པའི་རྒྱང་མཐོང་ཅན་གྱིས་འདི་ལྟར་ངུ་ངག་ཤོར་ཏེ་ཐལ།།
ཟུར་ནས་སྡོད་པའི་གླུའུ་རྒན་ང་འདྲས་འདི་ལྟར་བསམ་ཚུལ་བསྐུར་དང་ཐ།།
གདོང་ལ་ཐུག་དུས་བཅོས་མའི་འཛུམ་གྱིས་བརྩེ་གྲོགས་ཡིན་ཁུར་ནང་གཏམ་བཤད། །
རྒྱབ་ལ་སླེབས་ཚེ་གཡོ་སྒྱུའི་ལག་པས་རྐང་ནས་མར་དུ་འཐེན་ནས་འགྲོ། །
མགོ་ནག་བོད་མིའི་གཤིས་སུ་གྲུབ་པའི་མཛེས་མའི་ཟློས་གར་འཁྲབ་སྟངས་འདི། །
ད་དུང་དུ་ཡང་བཅོས་སུ་དཀའ་བའི་ཚོད་དུ་སྣང་བས་ཡིད་རེ་སྐྱོ། །