གོང་དཀར་ངག་རྣམ། ས་རཱ།
མཚན་ཉིད་རིག་པའི་སྐོར་གྱི་དཔྱད་རྩོམ།
< Analysis Of Philosophy >
(༡) མཚན་ཉིད་རིག་པ་ཞེས་པ་གང་ཞིག་ཡིན་མིན་དང་། དེ་སྦྱོང་དགོས་པའི་རྒྱུ་མཚན་ལ་རགས་ཙམ་དཔྱད་པ།
བསམ་གཞིག་ནན་ཏན་མ་བྱས་པར་ཧོབ་སྟེ་བལྟས་ན་མཚན་ཉིད་རིག་པ་[1](Philosophy)ཞེས་པ་འདི་ནི་རང་ཉིད་ཀྱི་ཉིན་རེའི་མི་ཚེ་དང་འབྲེལ་མེད་དོན་གཞན་ལྟ་བུར་མངོན་སྲིད་པ་རེད། འོན་ཏེ། དེ་ལས་ལྡོག་སྟེ་མཚན་ཉིད་རིག་པའི་དོན་དངོས་ཀྱི་ངོ་བོ་དང་། འཕེལ་རིམ། བྱེད་ལས་སོགས་ཀྱི་རིན་ཐང་ལ་ཞིབ་པར་བསམས་ན་མཚན་ཉིད་རིག་པ་ནི་ཧ་ཅང་གལ་ཆེ་བའི་རྣམ་གཞག་ཅིག་དང་ད་ལྟའི་འཇིག་རྟེན་ཐོག་མཚན་ཉིད་རིག་པ་དང་མ་འབྲེལ་བའི་རིག་གནས་དང་རིག་རྩལ་གྱི་མ་ལག་ཅིག་ཀྱང་མེད་སྙམ་ཞིང་ལྷག་པར་སྲིད་དོན་མཚན་ཉིད་རིག་པས་ཤར་ནུབ་ཀྱི་སྤྱི་ཚོགས་ཧྲིལ་པོར་འགུལ་སྐྱོད་ཚད་མེད་བཏང་དང་གཏོང་མུས་ཡིན།
ནུབ་ཕྱོགས་པའི་རིག་པའི་གཞུང་ལུགས་ནང་ནས་དར་བའི་(Philosophy)ཞེས་པ་འདིར་བོད་སྐད་དུ་མཚན་ཉིད་རིག་པ་དང་། ལྟ་གྲུབ་རིག་པ། གྲུབ་མཐའ། ལྟ་གྲུབ་སོགས་ཀྱི་མང་པོ་ཞིག་སྤྱོད་བཞིན་ཡོད་མོད། དེ་དག་ལས་མཚན་ཉིད་རིག་པ་ཞེས་པ་འདི་ནི་བོད་ནང་ནས་བསྒྱུར་བའི་ཐ་སྙད་ཡོངས་གྲགས་ཤིག་ཆགས་ཡོད་པ་དང་། དེ་ལྟར་བརྗོད་ན་གོ་རྒྱུ་ཡང་ཤིན་ཏུ་ཆེ་བས་ཁོ་བོས་ཀྱང་གཤམ་དུ་མཚན་ཉིད་རིག་པ་ཞེས་སྤྱོད་རྒྱུ་ལགས། ཐ་སྙད་གཞན་རྣམས་ནི་བཙན་བྱོལ་གྱི་སྤྱི་ཚོགས་ནང་སྤྱོད་བཞིན་པ་དག་ཡིན།
འོ་ན་མཚན་ཉིད་རིག་པའི་བྱེད་ལས་གང་དང་ང་ཚོས་དེ་ལ་སློབ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། དུས་རབས་གསུམ་པའི་ནང་བྱོན་པའི་ནང་པའི་མཚན་ཉིད་རིག་པ་སྨྲ་བ་སློབ་དཔོན་འཕགས་པ་ལྷས་(Aryadeva(3th century CE),དབུ་མ་བཞི་བརྒྱ་པའི་ནང་། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ།། ཐ་མལ་རྣམས་ལ་ལུས་སྐྱེས་སོ།། སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི།། ཉིན་རེ་ཉིན་རེར་འཇོམས་པར་བྱེད།། ཅེས་གསུངས་པ་ལྟར་མིའི་བདེ་སྡུག་གི་གནས་རིམ་ལ་ལུས་ལ་བརྟེན་པ་ཞིག་དང་ཡིད་ཤེས་ལ་བརྟེན་པ་སྟེ་གཉིས་ཡོད་པ་ལས་མཚན་ཉིད་རིག་པས་རྟོག་དཔྱོད་བྱ་ཡུལ་ནི་གཙོ་བོ་ཡིད་ཤེས་ལ་བརྟེན་པའི་བདེ་སྡུག་ཆགས་ཀྱི་ཡོད་སྙམ། རྒྱུ་མཚན་དེའི་ཕྱིར། ནང་པའི་མཚན་ཉིད་རིག་པ་སྨྲ་བ་ཞིག་ཡིན་ན་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལས་མི་འདའ་བ་བྱེད་དགོས་ཀྱི་ཡོད། ནུབ་ཕྱོགས་པའི་མཚན་ཉིད་རིག་པ་སྨྲ་བ་ཞེས་པ་ཡང་དབང་པོའི་སྤྱོད་ཡུལ་ལས་ཤེས་བྱའི་རང་བཞིན་ནམ་གནས་ལུགས་ལ་དཔྱོད་མཁན་ཞིག་ལ་གོ་དགོས་པ་གསལ་པོ་རེད། དེ་ཡང་དབྱིན་ཇིའི་མཚན་ཉིད་རིག་པ་སྨྲ་བ་སྐུ་ཞབས་[2]Bertrand Russell (1872-1970) གྱིས་གལ་ཏེ་འཛམ་གླིང་འདི་སེམས་དང་བེམ་གཟུགས་གཉིས་ལས་གྲུབ་ཡོད་ན། སེམས་དང་བེམ་གཟུགས་ཞེས་པ་གང་ཡིན་ནམ། སེམས་བེམ་གཟུགས་ལ་རག་ལས་སམ་ཡང་ན་ལྟོས་མེད་རང་དབང་བ་ཡིན་ནམ། དོན་དངོས་ཐོག་རང་བྱུང་གི་ཆོས་ཉིད་ཅིག་ཡོད་དམ་ཞེས་སོགས་ཀྱི་དྲིས་ལན་འཚོལ་དགོས་ན་མཚན་ཉིད་རིག་པར་སློབ་དགོས་པར་གསུངས་པ་ལྟ་བུ་རེད།
མཚན་ཉིད་རིག་པས་དེ་ལྟར་དཔྱོད་པའི་ཚེ་ཡང་རྒྱུ་མཚན་ལ་གཏུག་བཞིན་ཡོད་པ་སྟེ། དཔེར་ན། ནང་པའི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་གྲུབ་ཆའི་ནང་ཚད་མ་རིག་པའམ་གཏན་ཚིགས་རིག་པས་གོ་ས་ངེས་ཅན་ཞིག་བཟུང་ཡོད་པ་ལྟ་བུ་རེད། ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ལོ་རྒྱུས་ཀྱི་ཁྲོད་དུའང་དུས་མཚམས་འདྲ་མིན་ནང་རྒྱུ་མཚན་ནམ་གཏན་ཚིགས་རིག་པ་དུ་མ་ཞིག་དར་ཡོད། ལྷག་པར་ནུབ་ཕྱོགས་མཚན་ཉིད་རིག་པའི་སྲོལ་གཏོད་པ་པོ་སྐུ་ཞབས་ཌད་ཀ་ཌེ་[3]Descartes, Rene (1596-1650)ལྟ་བུས་དུས་རབས་བཅུ་དྲུག་པའི་ནང་གཏན་ཚིགས་ཀྱི་རིག་པ་(Rationalism)གསར་རྩོམ་མཛད་ནས་ནུབ་ཕྱོགས་མཚན་ཉིད་རིག་པར་སྔར་ལས་ལྷག་པའི་གསོན་ཤུགས་བྱིན་ཡོད།
ང་ཚོས་མཚན་ཉིད་རིག་པའི་ངོ་བོ་ལ་ལྟ་དུས་དེ་ནི་ཆོས་ལུགས་ག་གེ་མོའི་ཆ་ཤས་སམ་ཡང་ན་ཆོས་ལུགས་དེ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྣམ་གཞག་ཅིག་ཏུ་རང་བཞིན་གྱིས་མཐོང་སྲིད་པ་ཞིག་རེད། [4]སྤྱིར་ནང་པ་སངས་རྒྱས་པའི་གཞུང་ལུགས་ནང་ནང་པའི་ཚན་རིག་གི་སྡེ་ཚན་དང་། ནང་པའི་ལྟ་གྲུབ་བམ་མཚན་ཉིད་རིག་པའི་སྡེ་ཚན། ནང་པའི་ཆོས་ལུགས་ཀྱི་སྡེ་ཚན་སོགས་སྡེ་ཚན་མི་འདྲ་བ་གསུམ་སོ་སོར་དབྱེ་རྒྱུ་ཡོད་ཀྱང་ནང་པའི་གཞུང་ལུགས་ནས་བྱུང་བའི་མཚན་ཉིད་རིག་པ་ནི་ནང་པའི་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཆགས་ཡོད་པ་དང་། དེའི་རྒྱུ་མཚན་ཡང་ནང་པའི་མཚན་ཉིད་རིག་པས་ནང་པའི་ཆོས་ཕྱོགས་ཀྱི་ཉམས་ལེན་གྱི་གནད་ནང་ཐོག་མཐའ་བར་གསུམ་དུ་གོ་ས་ངེས་ཅན་ཞིག་ཟིན་ཡོད་པས་སོ།།
རྒྱུ་མཚན་དེར་བརྟེན། ནང་པའི་མཚན་ཉིད་རིག་པ་སྨྲ་བའི་གཙུག་རྒྱན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་དབུ་མ་རྩ་ཤེའི་རབ་བྱེད་ཉེར་བདུན་པ་<<ལྟ་བ་བརྟག་པ།>>ཞེས་པའི་མཇུག་དེར། གང་གིས་ཐུགས་བརྩེ་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤང་བའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པ།། གཽ་ཏམ་དེ་ལ་ཕྱག་འཚལ་ལོ།། ཞེས་སྟོན་པས་སྡུག་བསྔལ་གྱི་རྩ་བ་ནི་ཡུལ་དངོས་པོའི་གནས་ཚུལ་ལ་ཕྱིན་ཏུ་ལོག་ཏུ་ཞུགས་པའི་མ་རིག་པའི་ལྟ་བས་བྱས་པ་དང་། དེ་ཉིད་ཡང་དག་པའི་རིགས་པ་དུ་མའི་ལམ་ལ་བརྟེན་ནས་བསལ་ཏེ། རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་དོན་ཚུལ་བཞིན་གསལ་བར་མཛད་པ་ལ་བཀའ་དྲིན་རྗེས་དྲན་གྱི་བསྟོད་ཕྱག་མཛད་པ་འདི་ལས་ལེགས་པར་ཤེས་ནུས་སོ།།
གཞན་ཡང་འདིའི་ཐད་ལ་ཨ་རིའི་ཧམ་ཤར་གཙུག་ལག་སློབ་གཉེང་ཁང་གི་དགེ་རྒན་ཆེན་མོ་[5](Prof. Jay L. Garfield) མཆོག་གིས་འདི་ལྟར་གསུངས་འདུག (ནུབ་ཕྱོགས་པའི་རིག་གཞུང་ནང་མཚན་ཉིད་རིག་པ་དང་ཆོས་ལུགས་དབར་གྱི་འབྲེལ་བ་དེ་ཆེས་རྙོག་འཛིང་ཅན་ཞིག་ཡིན་པ་མ་ཟད། དུས་ནས་དུས་སུ་འགྱུར་ལྡོག་ཆེ་བ་ཞིག་ཀྱང་ཡིན། ནང་པ་སངས་རྒྱས་པའི་རིག་གཞུང་ཕལ་ཆེ་བའི་ནང་མཚན་ཉིད་རིག་པ་ནི་ཆོས་ལུགས་ཀྱི་ཉམས་ལེན་དང་འབྲལ་མི་རུང་བའི་ཆ་ཤས་ཡིན་པ་དང་། དེ་ལ་བརྟེན་ནས་མཚན་ཉིད་རིག་པའི་གཞུང་ལུགས་རྣམས་ཆོས་ཕྱོགས་ཀྱི་གཞུང་ཡང་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་ཅན་དུ་བཟུང་བ་ཡིན། འོན་ཀྱང་། ནུབ་ཕྱོགས་ཁུལ་དུ་གནས་སྟངས་ཆེས་མི་འདྲ་སྟེ། དཔེར་ན་ད་ལྟའི་དུས་སྐབས་འདིར་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ལངས་ཕྱོགས་ཀྱི་ཐད་ནས་དང་། ནུབ་ཕྱོགས་པའི་ཆོས་བྱེད་སྤྱི་ཚོགས་ཀྱི་ཁྲོད་དུ་སྐྱེ་བོ་མང་པོས་མཚན་ཉིད་རིག་པ་དང་ཆོས་ལུགས་གཉིས་ཕན་ཚུལ་འབྲེལ་མེད་རང་དབང་བར་བཟུང་ལ། སྐབས་རེ་དེ་གཉིས་ཕན་ཚུལ་འགལ་ཟླ་ལྟ་བུར་ཡང་གཟུང་གི་ཡོད།)
སྤྱིར་ཆོས་ལུགས་དང་འབྲེལ་བའི་མཚན་ཉིད་རིག་པའི་རྣམ་གཞག་ཕལ་ཆེ་བ་ནི་བདེ་སྡུག་མྱོང་བ་པོ་བདག་གམ་ང་)ཞེས་པའི་ངོ་བོ་ཇི་ལྟར་ཡིན་མིན་དང་དེ་ལ་ཐོག་མཐའ་ཡོད་མེད་ནས་འགོ་ཚུགས་འདུག་སྙམ། རྒྱ་གར་ནང་ཆོས་ལུགས་དང་འབྲེལ་བའི་མཚན་ཉིད་རིག་པ་སྨྲ་མཁན་རྙིང་ཤོས་ཤིག་ནི་གྲངས་ཅན་པ་ཡིན་པ་དང་། དེས་ཀྱང་བདག་ཅེས་པ་ཇི་ལྟར་ཡིན་མིན་ཐད་ལ་རྣམ་གཞག་མང་དག་ཅིག་བསྟན་ནས་མདོར་ན་བདག་ཤེས་རིག་གི་སྐྱེས་བུ་ཞེས་པ་ཞིག་བཤད་ཡོད། ནུབ་ཕྱོགས་པའི་གནའ་བོའི་གྷི་རིག་གི་ནང་དུའང་དེ་ལྟར་བྱུང་ཡོད་པ་ནི། གྷི་རིག་གི་མཚན་ཉིད་རིག་པ་སྨྲ་བ་ཨད་རི་སེ་ཊོ་ཊལ་(Aristotle)གྱི་གསུང་དུམ་བུ་འདི་ལས་ཤེས་ཐུབ།
“Knowing yourself is the beginning of all wisdom”
བདག་ངོས་འཛིན་པ་ནི་ལྟ་བ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན།
(༢) << མཚན་ཉིད་རིག་པའི་བྱེ་བྲག་སེམས་གཙོ་དང་དངོས་གཙོའི་རིང་ལུགས་དབར་གྱི་དཔྱད་གླེང་། >>
སྤྱིར་སེམས་གཙོ་དང་དངོས་གཙོའི་ལོ་རྒྱུས་ཀྱི་བྱུང་རིམ་དང་། མཚན་ཉིད། འཕེལ་འགྲིབ། ལྟ་ཚུལ་དེ་གཉིས་ཀྱིས་མིའི་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་སོགས་ཇི་ལྟར་བྱུང་ཡོད་མེད་སོགས་ཀྱི་གནད་འགག་ལ་བློ་ཁ་མ་ཕྱོགས་པར་སེམས་གཙོ་དང་དངོས་གཙོའི་ཐ་སྙད་ཙམ་ལ་བརྟེན་ནས་བཤད་ན་ནི་སེམས་གཙོ་ཞེས་པ་ནང་སེམས་དང་ཕྱི་དངོས་པོ་གཉིས་ལས་སེམས་ཨང་དང་པོར་འཇོག་པའི་འདུ་ཤེས་ཤིག་ལ་གོ་ཆོག འོན་ཏེ། འདི་ནི་མཚན་ཉིད་རིག་པའི་ནང་གི་སེམས་གཙོ་དང་དངོས་གཙོའི་གོ་བ་དེ་མིན། ནང་པའི་ལྟ་གྲུབ་བམ་མཚན་ཉིད་རིག་པའི་གཞུང་ལུགས་ནང་དངོས་གཙོ་དང་སེམས་གཙོའི་རིང་ལུགས་ཞེས་པའི་བརྡ་ཆད་འདི་འདྲ་བ་ཞིག་ཟུར་དུ་མེད་ཀྱང་། དངོས་སྨྲ་བ་དང་སེམས་ཙམ་པ་ཞེས་པའི་མཚན་ཉིད་རིག་པའི་བརྡ་ཆད་ཀྱི་རྣམ་དབྱེ་ཤིན་ཏུ་གསལ་པོ་ཡོད་པ་མ་ཟད། དེ་དག་གི་རྣམ་གཞག་བསྟན་པའི་རིག་པའི་གཞུང་ལུགས་ཟབ་ཅིང་ཕྲ་བ་དུ་མ་ཞིག་ཡོད་པ་དེ་ཤེས་རྒྱུ་གལ་ཆེ།
དེ་ཡང་ནང་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་སེམས་ཙམ་པའམ་རྣམ་རིག་པ་མན་ཆད་ཀྱི་གྲུབ་མཐའ་སྨྲ་བས་དངོས་པོ་རྣམས་བདེན་གྲུབ་ཏུ་ཞལ་གྱིས་བཞེད་པས་དངོས་སྨྲ་བ་ཞེས་གསུངས་ཀྱང་། དེའི་ཕྱོགས་སྔར་ནི་སེམས་གཙོའི་རིང་ལུགས་སྨྲ་བ་མི་འཇོག་པར་དབུ་མ་པ་འཇོག བྱས་ཙང་ནང་པའི་མཚན་ཉིད་རིག་པའི་དངོས་གཙོའི་རིང་ལུགས་དང་སེམས་གཙོའི་རིང་ལུགས་དབར་གྱི་རྩོད་གླེང་དེ་འདྲ་མེད་པས། གཞུང་ལུགས་དེ་གཉིས་ཀྱི་གཞི་རྩའི་འདོད་ཚུལ་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད། དེར་བརྟེན། ཕྱོགས་སོ་སོའི་གཞུང་ལུགས་ཀྱི་གནད་དོན་ཁོང་དུ་ཆུད་པའི་ཐོག་ནས་བརྡ་ཆད་གསེད་བཀྲོལ་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་།
ཐོག་མར་སེམས་གཙོའི་རིང་ལུགས་ཞེས་པའི་བརྡ་ཆད་འདི་ནི་དེང་རབས་མཚན་ཉིད་རིག་པ་དང་། སྲིད་དོན་མཚན་ཉིད་རིག་པ་གཉིས་ཀའི་ནང་བེད་སྤྱོད་བྱས་ཡོད་པ་དེ་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ཡང་རགས་པ་ཙམ་བཤད་ན་དངོས་པོ་རྣམས་སེམས་ལ་ལྟོས་པའམ་བརྟེན་པའི་སྒོ་ནས་སམ་ཡང་ན་སེམས་ཀྱི་སྣང་ཆ་ཙམ་དུ་གྲུབ་པར་འདོད་པ་དེ་ནི་དེང་རབས་མཚན་ཉིད་རིག་པ་སྨྲ་བས་སེམས་གཙོའི་རིང་ལུགས་ཀྱི་འགྲེལ་བཤད་རྒྱག་སྟངས་དང་། བསམ་བློ་དང་དཔལ་འབྱོར་གཉིས་ལས་དཔལ་འབྱོར་གལ་ཆེར་བརྩི་བ་དེ་སྲིད་དོན་མཚན་ཉིད་རིག་པས་སེམས་གཙོའི་རིང་ལུགས་ཀྱི་འགྲེལ་བཤད་རྒྱག་སྟངས་ཤིག་ཡིན་པ་འདྲ། ཡང་སྤྱི་ཚོགས་རིག་པའི་ཐོག་ནས་བཤད་ན་ནི་སེམས་གཙོའི་རིང་ལུགས་ཞེས་པ་དེ་གཙོ་བོ་མིའི་བསམ་བློ་དང་། ལྷག་པར་ཡིད་ཆེས་སམ་འདུ་ཤེས་སོགས་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་ཁ་ལོ་སྒྱུར་བར་བྱེད་པ་དག་ལ་གོ་དགོས།
ལར་ནས་དངོས་གཙོ་དང་སེམས་གཙོའི་བརྡ་ཆད་འདི་ནི་དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་གཞི་ནས་ནུབ་ཕྱོགས་པའི་རིག་གཞུང་ཁྲོད་ཡོངས་གྲགས་སུ་སླེབས་པ་ཞིག་ཡིན་པར་སྣང་བས། དེ་གཉིས་ཀའི་དོན་གྱི་ཁྱབ་ཁོངས་ཀྱང་ནུབ་ཕྱོགས་པའི་ཤེས་རིག་གི་དཔལ་ཡོན་ལ་ལེགས་པར་གཏུགས་ཏེ་དཔྱད་སྡུར་སྡུར་གྱིས་སྨྲ་དགོས་པ་ལས། ཚིག་སྤྱིའི་གོ་དོན་ཙམ་ལ་མཐུན་ཆ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གཞུང་ལུགས་ཀྱི་གོ་དོན་བཀྲལ་ན་ནི་ཞྭ་དཔེ་ལྷམ་འགེབ་ཏུ་འགྲོ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།
དཔེར་ན། ང་ཚོས་ནུབ་ཕྱོགས་པའི་སེམས་གཙོའི་རིང་ལུགས་ལ་ལྟ་དུས་རང་རེ་ནང་པའི་སེམས་ཙམ་པའི་ལྟ་གྲུབ་དང་སྦྱར་ཏེ་བསམ་བློ་བཏང་ན་གནད་ཆེ་བའི་རྣམ་གཞག་མང་པོར་གོ་བ་གཏིང་ཚུགས་ལོན་རྒྱུའི་ཁྱད་པར་ཡོད་པ་དེ་གསལ་པོ་རེད། འདིའི་རྒྱུ་མཚན་ལ་བརྟེན་ནས། དེ་གཉིས་ཀྱི་རྩ་བའི་འདོད་ཚུལ་ལ་ཁྱད་པར་མི་འབྱེད་པར་རང་དགར་གཅིག་མཚུངས་ལྟ་བུར་ལྟ་བ་དང་། ཐ་ན་བརྡ་ཆད་ཡན་ཆད་གཅིག་མཐུན་བེད་སྤྱོད་བྱེད་པ་ནི་ཐལ་ཆེ། འོ་ན། སེམས་གཙོའི་རིང་ལུགས་འདི་དར་འཕེལ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་(Bishop Berkeley1685-1753) བྷི་ཤོབ་བྷར་ཁེ་ལི་ཞེས་པའི་སྐབས་དར་རྒྱས་ཆེན་པོ་བྱུང་བར་སྣང་། ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ནང་གི་སེམས་གཙོའི་རིང་ལུགས་ཞེས་པར་དབྱིན་སྐད་དུ་(idealism) ཞེས་བརྗོད་ཀྱི་ཡོད། ཚིག་འདི་ནི་ idea ཞེས་པ་ལས་གྲུབ་ཅིང་དེ་ཡང་གྷི་རིག་གི་ཡི་གེ་ (idein) ཞེས་པ་དེ་ལས་བྱུང་། དེའི་དོན་ནི་མཐོང་བ་དང་རྟོགས་པའི་དོན་ལ་འཇུག་གི་ཡོད་ཟེར།
སེམས་གཙོའི་རིང་ལུགས་ནི་དངོས་གཙོའི་རིང་ལུགས་ཀྱི་དགག་པའི་ཡུལ་ཆགས་ཡོད་པས་འོ་ན་དངོས་གཙོའི་རིང་ལུགས་ཞེས་པ་གང་ཡིན་ཐད་བསམ་གཞིག་ནན་ཏན་བྱེད་དགོས། དེ་ཡང་གོང་དུ་འདི་ལྟར་དངོས་པོ་རྣམས་སེམས་ལ་ལྟོས་པའམ་བརྟེན་པའི་སྒོ་ནས་སམ་ཡང་ན་སེམས་ཀྱི་སྣང་ཆ་ཙམ་དུ་གྲུབ་པར་འདོད་པ་དེ་ནི་དེང་རབས་མཚན་ཉིད་རིག་པ་སྨྲ་བས་སེམས་གཙོའི་རིང་ལུགས་ཀྱི་འགྲེལ་བཤད་རྒྱག་སྟངས་དང་། བསམ་བློ་དང་དཔལ་འབྱོར་གཉིས་ལས་དཔལ་འབྱོར་གལ་ཆེར་བརྩི་བ་དེ་སྲིད་དོན་མཚན་ཉིད་རིག་པས་སེམས་གཙོའི་རིང་ལུགས་ཀྱི་འགྲེལ་བཤད་རྒྱག་སྟངས་ཤིག་ཏུ་བཤད་པ་ལྟར། དེ་གཉིས་ཀྱི་ལོག་ཕྱོགས་གཉིས་སོ་སོར་སྐབས་འདིར་སེམས་གཙོ་དང་དངོས་གཙོའི་རིང་ལུགས་ཀྱི་འགལ་ཟླར་བརྩིའོ།། དེར་བརྟེན། སེམས་གཙོའི་རིང་ལུགས་བཞིན་དངོས་གཙོའི་རིང་ལུགས་ཀྱི་རྣམ་གཞག་འདི་ཡང་འཛམ་གླིང་ཐོག་གི་མཚན་ཉིད་རིག་པ་དང་། སྲིད་དོན་རིག་པ་གཉིས་ཀའི་ནང་བེད་སྤྱོད་བྱས་ཡོད་པ་དེ་གསལ་པོ་རེད། ཆོས་ལུགས་དང་། ཡིད་ཆེས། སྒྱུ་རྩལ་སོགས་ལས་དངུལ་དང་རྒྱུ་ནོར་གལ་ཆེར་བརྩི་བ་འདི་ནི་ཆབ་སྲིད་ཀྱི་དངོས་གཙོའི་རིང་ལུགས་དང་། ང་ཚོར་སྣང་བའི་དངོས་པོ་གང་འདྲ་ཞིག་ཡིན་ནའང་དབང་ཤེས་ལྔའི་སྤྱོད་ཡུལ་ལས་མ་འདས་པ་སྟེ་ཕྱི་རོལ་ཡུལ་གྱི་དངོས་པོ་ཞིག་ཡོད་པར་གཏན་ནས་མི་འདོད་པ་དེ་རེད། འདི་ནི་ནང་པའི་གྲུབ་མཐའ་སྨྲ་བ་སེམས་ཙམ་པས་གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་བ་ལས་ཕྱི་རོལ་དོན་དུ་གྲུབ་པའི་གཟུགས་གཏན་ནས་མི་བཞེད་པ་འདི་དང་འདྲ་མཚུངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་ལ་དཔྱད་གཞིའི་རྒྱུ་ཆ་མང་པོའི་ནང་སེམས་གཙོའི་རིང་ལུགས་ཀྱི་འགྲེལ་བཤད་བྱེད་དུས་སེམས་གཙོའི་རིང་ལུགས་ཀྱི་ཐོག་མའི་གཞི་རྩ་ནི་གྷི་རིག་དང་། རྒྱ་གར་ནས་དར་བའི་ནང་པའི་སེམས་ཙམ་པའི་ལྟ་གྲུབ་ཡིན་པར་བརྗོད་པའང་མཐོང་རྒྱུ་འདུག་པས་དཔྱད་དགོས་རྒྱུ་གལ་ཆེ།
འོན་ཏེ། དོན་དངོས་ཐོག་དེ་གཉིས་དབར་ལ་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། རིང་ལུགས་འདི་གཉིས་ཀྱི་གོ་དོན་འགྲེལ་སྟངས་སྣ་ཚོགས་པ་ཞིག་ཡོད་སྲིད་ཀྱང་། དེང་སྐབས་དངོས་གཙོ་དང་སེམས་གཙོའི་སྐོར་གྱི་གཏམ་བཤད་དང་དཔྱད་གཏམ་དེ་ཚོར་གཞིགས་ན། མང་པོ་ཞིག་གིས་དེང་རབས་ཚན་རིག་ལྟ་གྲུབ་ཀྱི་སྒྲོམ་གཞིའི་ནང་རིམ་བཞིན་དར་སྲོལ་བྱུང་བའི་ཐ་སྙད་འདི་གཉིས་བཤད་བྱའི་བརྗོད་བྱའི་དོན་ཀུན་ལ་རིགས་བསྒྲེས་ཏེ་ཤོད་བཞིན་འདུག ལྷག་པར་ནང་པའི་མཚན་ཉིད་རིག་པའི་སྐོར་ཤོད་དུས་ཐ་སྙད་འདི་གཉིས་སྤྱད་དེ། དཔེར་ན། ནང་པའི་ལྟ་གྲུབ་སྨྲ་བ་བཞི་ཀ་སེམས་གཙོའི་རིང་ལུགས་ཡིན་ཞེས་ཐ་སྙད་དེ་ཉིད་ཀྱི་གོ་དོན་གཞན་ཞིག་ཏུ་འགྲེལ་བཞིན་འདུག
ངས་བྱས་ན་དེས་སྤྱིར་བཏང་ཤར་ནུབ་ཀྱི་མཚན་ཉིད་རིག་པར་སློབ་སྦྱོང་བྱེད་མྱོང་མེད་པའི་མི་ཚོར་གོ་ནོར་ཐེབས་རྒྱུའི་ཉེན་ཁ་དེ་ཙམ་མེད་ཀྱང་། ཕྱོགས་གཉིས་ཀྱི་གོ་རྟོགས་དང་ཤུགས་རྐྱེན་ཡོད་པའི་ཁོར་ཡུག་དང་སྡིངས་ཆའི་ཐོག་དེ་གཉིས་དབར་གལ་གནད་གླེང་བའི་ཚེ་ཉེན་ཁ་ཞིག་ཏན་ཏན་ཡོད། ནང་པའི་གཞུང་ལུགས་ནས་འཁོར་འདས་ཀུན་གྱི་བྱེད་པོ་སེམས་ཡིན་པར་བཤད་པའི་རྒྱུ་མཚན་དང་། སེམས་ཀྱི་དྲི་མ་ལེགས་པར་དག་མ་དག་གི་སྒོ་ནས་སངས་རྒྱས་དང་མི་རྒྱས་ཀྱི་རྣམ་གཞག་བྱེད་པའི་རྒྱུ་མཚན་ནང་སེམས་གཙོའི་རིང་ལུགས་ཀྱི་གོ་དོན་ཚང་བར་བརྩི་མི་རུང་ངོ་།།
[1] དབྱིན་ཇིའི་ཚིག་མཛོད་ནང་འཁོད་པའི་མཚན་ཉིད་རིག་པའི་གོ་དོན་ནི།
Philosophy .literally means “Love of wisdom.”.
the study of the nature and meaning of existence, truth, good and evil, etc:
[2] ནུབ་ཕྱོགས་པའི་མཚན་ཉིད་རིག་པ་སྨྲ་བ་ཁོང་གིས་ ༡༩༥༠ ལོའི་ནོ་སྦེལ་རྩོམ་རིག་གི་བྱ་དགའ་བཞེས་པ་དང་། ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ལོ་རྒྱུས། ཞེས་པ་དང་། མཚན་ཉིད་རིག་པའི་དཀའ་གནད། ཅེས་སོགས་གྲགས་ཅན་གྱི་དཔེ་དེབ་མང་པོ་བརྩམས།
[3] ནུབ་ཕྱོགས་པའི་དེང་རབས་མཚན་ཉིད་རིག་པའི་སྲོད་གཏོད་པ་པོར་གྲགས།
[4] འདི་ལྟར་ནང་པའི་གཞུང་ལུགས་ནང་སྡེ་ཚན་གསུམ་དུ་དབྱེ་སྲོལ་འདི་ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་འདི་ཁོ་ནའི་མཁྱེན་རབ་ཀྱི་རྩལ་ལས་བྱུང་བའི་གསར་གཏོད་བླ་ན་མེད་པ་ཞིག་ཆགས་ཡོད།
[5] <<ནུབ་ཕྱོགས་པའི་སེམས་གཙོའི་གྲུབ་མཐའ་དང་དེར་རྒོལ་བ་རྣམས་ཀྱི་ལུགས། Western Idealism and Its Critics>>ཞེས་པའི་དེབ་ནང་འཁོད་འདུག
༼མུ་འགོད་་་་་་་་་་།༽
བློ་བསྐྱེད་མི་དམན་པ་བྱུང་། བཀའ་དྲིན་ཆེ། དེང་རབས་མཚན་ཉིད་རིག་པ་དང་སྲོལ་རྒྱུན་མཚན་ཉིད་རིག་པ་གཉིས་ཞིབ་བསྡུར་བྱས་ཏེ་འབྱུང་འགྱུར་ང་ཚོར་ནང་བསྟན་མཚན་ཉིད་རིག་པ་གཅིག་བུ་མ་ཡིན་པར་མཚན་ཉིད་རིག་པ་རང་སྐྱ་འཕེལ་བ་ཞིག་ཕྱི་རབས་པའི་མིག་རྟེན་དུ་འཇོག་ཐུབ་ན་དེ་ནི་དུས་རབས་འདི་དང་མི་རབས་འདིའི་བྱས་རྗེས་བླ་ན་མེད་པ་ཞིག་གོ།
མཚན་ཉིད་རིག་པའི་ལམ་ནས་ཕྱིའི་འཇིག་རྟེན་ས་གཞི་འདི་ག་འདྲ་བྱས་ཆགས་པ་དང་ནང་བཅུད་ཀྱི་སྲོག་ཆགས་འདི་ག་འདྲ་བྱས་ནས་འཕེལ་བའི་སྐོར་ལ་ངོ་སྤྲོད་ཐུང་ཙམ་ཞིག་གནང་ཐུབ་མཁན་གྱི་མཁས་དབང་སུ་ཡོད་ནའང་དགའ་བསུ་ཆེན་པོ་ཡོད་།
གཡག་རྒོད་ལགས་ཀྱིས་གསུངས་པར་གོ་རྒྱུ་འདུག
ཤེས་བྱ་རིག་པའི་གནད་ཀུན་གྱི་ཐོག་དཔྱོད་ཆོག་པའི་མཚན་ཉིད་རིག་པ་སྤྱི་མཚན་གྱི་ངོ་བོ་ལྡན་པ་ཞིག་ལོས་དགོས།
གཞུང་པ་ཚེ་དབང་ལགས།
ངས་བྱས་ན་འདིའི་སྐོར་ལ་ནང་པའི་གཞུང་ལུགས་ཐོག་གི་མཁས་པ་མང་པོ་ཡོད་རེད་སྙམ།
ཐོག་མར་གསར་དུ་ཐོན་པའི་ནང་པའི་ཚན་རིག་ཅེས་པའི་པོད་འབྲིང་བའི་ནང་གཟིགས་དང་།
དེའི་ནང་མངོན་པའི་གཞུང་དང་། དུས་འཁོར་གྱི་གཞུང་། ཨཱརྱ་བྷ་ཊའི་རྩིས་གཞུང་ནང་བཤད་པའི་གོ་ལའི་འཁོར་བགྲོད། འཇལ་བྱེད་ཚད་དང་གྲངས་ཀྱི་རྣམ་གཞག་དུ་མ་ཞིག་གསུངས་འདུག་གོ།།
ཐུགས་རྗེ་ཆེ་བཀྲིན་ཆེ་།
དེང་སང་བོད་པའི་སྤྱི་ཚོགས་ནང་ཚན་རིག་ནང་ཆོས་གཉིས་མཐུནའདུག་ཟེར་ནས་འུར་ལངས་པའི་སྒང་རེད་འདུག བོད་འདི་གཞན་དང་མི་འདྲ་བ་ཞིག་བྱེད་སྲོལ་ཡོད། ཆོས་སྲིད་ཟུང་འབྲེལ་ཟེར་བ་ཆོས་ཚན་ཟུང་འབྲེལ་ཟེར་བ་ད་གང་ཤེས། ཟུང་དུ་ནི་འབྲེལ་ཐུབ་ཁག་པོ་རེད། ཆོས་སྲིད་ཟུང་འབྲེལ་ཇི་ལྟར་བྱས་ཏེ་ཡོང་ཐུབ་བམ། ནང་ཆོས་ལས་བཤད་པའི་ཆོས་ཟེར་བ་དེ་ནི་རང་ཕམ་གཞན་རྒྱལ་དང། རང་དོན་ལས་གཞན་དོན་གལ་ཆེ་བ། ཚེ་འདི་དང་ཕྱི་མ་གཉིས་ལ་ཕྱི་མ་གཙོ་ཆེ་བ། མི་དགེ་བཅུ་སྤང་ཨེ་ཐུབ། ཆོག་ཤེས་གལ་ཆེ་ཡིན་ཚུལ། གཞན་ཕན་གལ་ཆེ་ཡིན་ཚུལ་སོགས་རྐྱང་རྐྱང་གསུངས་ཡོད་ན། གཞུང་སྲིད་འཛིན་སྐྱོང་པ་ཞིག་ལ་འདི་ཚོ་གང་འདྲ་བྱས་ཏེ་ཟུང་འབྲེལ་བྱེད་ཐུབ་བམ། དེ་བཞིན་ནང་ཆོས་ནི་ཡིད་ཆེས་དང་དད་པ་གཙོ་བོར་བཟུང་དགོས་པ་ལས་ཡིད་ཆེས་དང་དད་པ་མེད་མཁན་ཞིག་གིས་ཆོས་ཇི་ལྟར་བྱེད་ཐུབ་བམ། རྒྱུ་མཚན་དེ་ལ་བརྟེན་ནས་ནང་པའི་དགེ་འདུན་པ་ཞིག་གིས་ཚན་རིག་གི་ལམ་ནས་དཔྱད་རྩོམ་སོགས་སྤེལ་ཚེ་ནུབ་གླིང་པའི་ཚན་རིག་ཞིབ་འཇུག་པ་ཚོས་དེར་ངོས་ལེན་བྱེད་ཀྱི་མི་འདུག དེ་ནི་ཆོས་ལུགས་ཀྱི་དད་པ་དང་ཡིད་ཆེས་ཀྱིས་བསླད་ཞུགས་འགྲོ་བའི་དྭོགས་པ་རེད་འདུག
ཁྱུང་སེ་ལགས་སུ།
བདེན་པ་རེད། བར་སྐབས་ཤིག་ནས་བོད་ཀྱི་ནང་དོན་རིག་པའི་རིན་ཐང་གླེང་དུས་རྒྱུ་མཚན་གཅིག་ནི་འདི་ཚན་རིག་དང་མཐུན་ཚུལ་བཤད་ནས་རྩོམ་ཡིག་མང་པོ་བྲིས་པ་མཐོང་རྒྱུ་འདུག
དེ་ཚོ་མང་ཆེ་བ་ནི་ཚན་རིག་ལྟ་ཞོག་ཚན་རིག་ཅེས་པ་གང་འདྲ་ཞིག་ལ་གོ་དགོས་མིན་གྱི་གོ་རྟོགས་མེད་པར་རང་འཚམ་གྱིས་སྨྲས་པ་དེ་འདྲ་རེད་སྙམ།
བསམ་བློ་ཞིབ་ཕྲ་བཏང་ན། བོད་ཀྱི་ནང་དོན་རིག་པའི་ནང་གསུངས་པའི་ཤེས་བྱ་གཞིའི་གནས་ལུགས་སམ་ཚན་རིག་དང་། ལྟ་གྲུབ་བམ་མཚན་ཉིད་རིག་པའི་རྣམ་གཞག་ལ་དེང་སང་གྲགས་ཅན་གྱི་ཚན་རིག་པ་དེ་ཚོས་འགྲམ་ཆུ་ལྡང་སྟེ་བློ་སྐྱེད་ལེན་ཐབས་བྱེད་པ་དེ་གསལ་པོ་རེད།
རྩོམ་ཟེར་ན་འདི་འདྲ་ལ་ཟེར་བ་འདྲ། བརྗོད་བྱ་བརྗོད་བྱེད་གཉིས་ཀའི་སྟེང་ནས་བློ་བསྐྱེད་བླ་ན་མཐོ་བ་རེ་བླང་རྒྱུ་འདུག རྩོམ་པོར་བཀའ་དྲིན་ཆེ་ཞེས་ཞུ། གཞན་ཡང་། མང་པོ་ཞིག་གི་བློ་ངོར་ལོག་རྟོག་གི་ན་བུན་ཐན་ཐུན་རེ་འཁྲིགས་བཞིན་པ་ནི། ཆོས་སྲིད་ཟུང་འབྲེལ་དང་། ཆོས་ཚན་ཟུང་འབྲེལ་སོགས་ཤེས་བྱ་གཉིས་གཅིག་ལ་གཅིག་བརྟེན་གྱི་ཕན་ཚུན་ཟུང་དུ་འབྲེལ་མི་རུང་བ་ལྟ་བུར་གོ་བ་ལེན་གྱིན་འདུག དེ་ནི་གཞན་གང་ཡང་མིན་པར་འབྲེལ་དང་འདྲེས་གཉིས་ཀྱི་གོ་དོན་གཅིག་ཏུ་བླངས་པའི་ཉེར་ལེན་ལས་བྱུང་བའི་རང་མཚང་ཞིག་རེད། དེ་ཡང་། འབྲེལ་ན་བསྲེས་དགོས་སོ་སྙམ་པའི་རྨོངས་གཉིད་ལས་བྱུང་བ་ཞིག་རེད། ངས་བལྟས་ན་ནི་ནང་ཆོས་ཚན་རིག་དང་མཐུན་ཡང་རུང་། ཚན་རིག་ནང་ཆོས་དང་མཐུན་ཡང་ཆོག གང་ལྟར་དུས་རབས་ཉེར་གཅིག་འདིར་ཆོས་ཚན་སེང་གེ་མཇིང་སྣོལ་གྱི་ལམ་ནས་འཛམ་གླིང་འདིར་དོན་དམ་གྱི་ཞབས་འདེགས་ཅིག་ཞུ་ནུས་སྙམ་པའི་ཡིད་ཆེས་ཤིག་བློ་ལ་འདུག
ཡག་པོ་ཞེ་དྲག་འདུག བློ་བསྐྱེད་བྱུང་སོང་ཐུགས་རྗེ་ཆེ། ད་དུང་ང་ཚོས་བོན་གྱི་གཞུང་ལུགས་ནང་གསལ་བའི་བོད་རང་གི་ཐུན་མོང་མ་ཡིན་པའི་སེམས་ཁམས་དང་། རྡུལ་ཕྲན་གྱི་སྐོར། མི་རིགས་གྲུབ་སྟངས་སོགས་མཚན་ཉིད་རིག་པའི་སྐོར་གང་ཡོད་ཟུར་དུ་འདོན་ཐུབ་ན་དགེ་མཚན་ཆེ་བར་སྙམ།
རྒྱལ་ཁབ་གཅིག་གམ། མི་རིགས་གཅིག་གི་མི་ཚེའི་མདུན་ལམ་དེ། ཆོས་དང་སྲིད་མཉམ་དུ་འགྲོ་ཐུབ་པ་དང་། ཆོས་དང་ཚན་རིག་མཉམ་དུ་འགྲོ་ཐུབ་པ་དེ་ལ། ཆོས་སྲིད་ཟུང་འབྲེལ་དང་། ཆོས་ཚན་ཟུང་འབྲེལ་གྱི་དོན་དུ་སྦྱར་ན་མི་འཐད་པ་མེད།
དཔེར་ན། མའོའི་དམར་ལུགས་དང་ནང་ཆོས་མཉམ་དུ་འགྲོ་མ་ཐུབ་པ་དང་། ཚན་རིག་པ་དང་། འཇིག་རྟིན་བཀོད་པ་པོ་ཡོད་པར་འདོད་མཁན་གྱི་ཆོས་ལུགས་དང་མཉམ་དུ་འགྲོ་མི་ཐུབ་པ་འདིས་ཀྱང་། ལྡོག་ཕྱོགས་ནས་ཤེས་ཐུབ་པ་འདུག
ཀརྡོ་ལགས་འཇིག་རྟེན་བཀོད་པ་པོ་འདོད་པའི་ནུབ་ཕྱོགས་ཀྱི་ཆོས་དད་པ་དང་ཧིན་དྷུའི་ཆོས་དད་པ་ཚོས་ཚན་རིག་དང་འབྲེལ་ནས་ལོ་བརྒྱ་ཕྲག་ཕྱིན་ཟིན་པ་རེད། བོད་པས་ཆོས་སྲིད་ཟུང་འབྲེལ་གྱིས་ཕྱི་ཡི་དངོས་པོ་ལའང་བཟོ་བཅོས་བྱེད་མ་ཐུབ། ནང་གི་སེམས་ལའང་བཟོ་བཅོས་བྱེད་མ་ཐུབ་ནས་རྗེས་ལུས་ནས་རྗེས་ལུས་རེད་ད། ཚན་རིག་ཟེར་བ་དངོས་ཡོད་གནས་ཚུལ་ལ་དཔྱོད་པ་མ་གཏོགས་ལྐོག་གྱུར་གྱི་སངས་རྒྱས་དང་དམྱལ་བ་བར་དོ་སོགས་ལ་དཔྱད་པ་བྱེད་ཀྱི་མ་རེད་ལ་ཡིད་ཆེས་ཀྱང་ཡོད་པ་མ་རེད། དེའི་རིགས་ནི་མི་རྣམས་ལ་ལྷ་འདྲེ་དང་བར་དོ་དམྱལ་བ་ཞེས་འཇིགས་རུང་ཞིག་ཏུ་ཡོད་པར་བཤད་ནས་རྨོངས་དད་པ་ཚོར་འཇིགས་བསྐུལ་བྱེད་ཀྱི་ཡོད་རེད།
བོད་པས་ཆོས་སྲིད་ཟུང་འབྲེལ་གྱིས་ཕྱི་ཡི་དངོས་པོ་ལ་བཟོ་བཅོས་བྱེད་མ་ཐུབ་པ་བདེན་ན་ཡང་། ནང་གི་སེམས་ལ་བཟོ་བཅོས་བྱེད་མ་ཐུབ་ནས་རྗེས་ལུས་སུ་ལུས་པ་ངས་འདོད་མི་ཐུབ།
བོད་པའི་ཆོས་ཀྱིས་དེང་སང་ཛམ་གླིང་ནང་གི་མི་མང་པོའི་སེམས་ནང་ལ་བཟོ་བཅོས་ལེགས་སུ་གཏོང་བཞིན་པ་མངོན་གསལ་རེད་དོ།།
བཞི་བརྒྱ་པའི་སྔོན་དུ། གཞོན་ནུ་དོན་གྲུབ་སངས་རྒྱས་ནས། སྡུག་བསྔལ་ཤེས་པར་བྱ། །ཀུན་འབྱུང་སྤང་བར་བྱ་སོགས་གསུངས་ཟིནད་ཏོ།།
ཧཧཧ་ཀརྡོ་ཁྱེད་མི་ཚེ་ཧྲིལ་པོར་ནང་ཆོས་ལ་སྦྱངས་བ་ཞིག་གིས་ཕ་རོལ་གྱིས་སྐྱོན་བརྗོད་ཚིག་གཅིག་གཉིས་ཤིག་ལ་བཟོད་བསྒོམ་བྱེད་མི་ཐུབ་པ་འདི་ནང་ཆོས་ཀྱིས་དེང་སང་འཛམ་གླིང་ལ་ཕན་པ་ཡོད་མེད་གཞི་ནས་བལྟ་རྒྱུ་རེད། བོད་དུ་ས་རྩོད་ཆུ་རྩོད་འབུ་རྩོད་མི་འདུག