ཤེད་བུ།
༼ གསལ་བཤད། བཀླགས་བྱང་འདི་ཧྥ་བོད་སྐད་གཉིས་ཚགས་པར་<<བོད་ཀྱི་ཡིག་ཟམ་>>འདོན་ཐེངས་བཅུ་དགུ་བར་བཀོད་ཡོད་ལ། ཚགས་པར་ལས་དྲ་ལམ་དུ་བརྒྱུད་སྤེལ་བྱེད་རྩིས་མེད་ནའང་། དྲ་ལམ་དུ་ཚགས་པར་གྱི་ཤོག་ངོས་ཤིག་པར་བླངས་ནས་བརྒྱུད་སྤེལ་བྱས་པ་ཞིག་དྲ་ལམ་དུ་འཁྱམ་གྱིན་པས་མ་ཡིག་དངོས་ཀྱང་དེ་རིང་ནས་དྲ་ལམ་དུ་བརྒྱུད་སྤེལ་བྱས་པ་ཡིན།༽
མཚམས་སྦྱོར།
དེབ་མིང་། མཚན་མོ། ༼ལ་རྩེའི་ལས་གཞི་འགྱུར་བརྒྱ་རྩ་བརྒྱད་ལས་འགྱུར་དེབ་དང་པོ་ཡིན།༽
རྩོམ་པ་པོ། ཨེ་ལི་ཝི་བཟེལ། Elle Wlesel
བསྒྱུར་བ་པོ། པད་མ་འབུམ།
པར་གཞི་དང་པོ། ༢༠༡༩
དཔེ་རྟགས། ISBN 978−Ι−7328978−0−9
ཤོག་གྲངས། ༢༣༤
དགོས་དོན།
དེབ་འདི་རུ་དམག་ཆེན་གཉིས་པའི་སྐབས་ཀྱི་དབང་བསྒྱུར་བའི་བསླུ་བྲིད་དང་ནཱ་རྫེའི་གདུག་རྩུབ་ཀྱི་ངོས་ཤིག་རྩོམ་པ་པོའི་དངོས་མྱོང་གི་བརྒྱུད་རིམ་ལ་བརྟེན་ནས། ཧ་ཅང་ཞིབ་ཚགས་དང་ཐབས་རྩལ་ཕུན་སུམ་ཚོགས་པའི་འབྲི་ཐབས་ལས་བྱུང་བ་བརྗོད་པ་ཙམ་མིན་པར། གདུག་རྩུབ་མྱོང་བ་བོའི་ཚོར་བ་དང་བསམ་བློ་སྟོན་ཕྱིར་སྒྲུང་གཏམ་གྱི་ངོ་བོར་བྲིས་འདུག་པས། སྐབས་དེའི་མུན་ནག་གི་ལོ་ཟླར་རྒྱུས་ལོན་ཐུབ་པ་མ་ཟད། སྒྲུང་རྩོམ་འབྲི་བའི་ཐབས་རྩལ་མང་པོ་ཞིག་ཀྱང་དེབ་འདི་རུ་འདུག་སྙམ། ལྷག་པར་བོད་པ་ཞིག་གིས་བཀླགས་ན་དེབ་འདི་ལས་གུང་ཁྲན་ཏང་གིས་བོད་ལ་དབང་བསྒྱུར་བྱེད་སྟངས་དང་ནཱ་རྫེས་དབང་བསྒྱུར་གཉིས་དང་པོ་ཡོང་སྟངས། བར་དུ་དབང་བསྒྱུར་བྱེད་སྟངས། ཐ་མར་མི་བཟད་པའི་གདུག་རྩུབ་བཀོལ་སྟངས་བཅས་པ་ཆུ་ལ་ཆུ་བཞག་གི་ཚུལ་དུ་ར་འཕྲོད་རྒྱུ་ཡོད་པ་ཞིག་རེད།
བསྡུས་དོན།
རྩོམ་པ་པོས་བཙོན་སྒར་ནས་བཙོན་སྒར་དང་འདེམས་སྒྲུག་ནས་འདེམས་སྒྲུག་བརྒྱུད། གོམ་པ་གཅིག་རེ་གཅིག་རེ་བཞིན་འཆི་བདག་གི་སྒོ་ཁར་སླེབས་པའི་ཉིན་དེར་སྤྲིན་པ་འཐོར་ཞིང་ཉི་མའང་ཤར་མོད། ཡིད་སྐྱོ་བ་ཞིག་ལ། བརྩེ་བའི་མ་དང་ནུ་མོ་གཉིས་ལ་དང་པོ་ནས་ཁ་ཕྲལ་ཞིང་། ཕ་ལགས་ཀྱང་ཟླ་གཉིས་དང་ཉིན་བཅུ་ཙམ་གྱི་ཡར་སྔོན་ལ་བསྲེག་ཁང་ནང་ཕངས་པས་ཁོ་གཅིག་བུ་ཐར་ཙམ་བྱུང་བ་རེེད། དེ་ལྟར་མི་སྒེར་ཞིག་གི་ཡ་ང་བའི་ཆག་སྒོ་ལས་མི་ཚང་ཞིག་དང་མི་རིགས་ཤིག དེ་ལས་ཀྱང་དུས་རབས་ཤིག་གི་འགྲོ་བ་མིའི་རིགས་ཀྱི་ཆག་སྒོ་ཡ་ང་བ་ཞིག་སྟོན་པས། དེབ་འདི་སུས་བཀླགས་ཀྱང་བསྲན་མི་ཐུབ་པའི་ན་ཟུག་ཅིག་དང་ཤེས་བྱ་ཞིག་ངོས་འཛིན་ཐུབ་ཀྱི་འདུག དེ་ལས་ཀྱང་བོད་པ་ཞིག་གིས་བཀླགས་ན་ཚིག་འབྲུ་རེ་རེ་བཞིན་རང་གི་མི་རིགས་ལ་ཁ་བསྒྱུར་ཐུབ་ཀྱི་འདུག དབང་བསྒྱུར་བས་འདེམས་སྒྲུག་བྱས་ནས་ལུས་ཤུགས་མེད་པའི་བྱིས་པ་དང་ལོ་ལོན་ཚོ་མེར་བསྲེགས་སྐབས། རྩོམ་པ་པོ་དང་བཅས་པའི་ཆག་སྒོ་མྱོང་མཁན་ཚང་མ་ཆེས་ཞེད་ས་ནི་འདེམས་སྒྲུག་ནང་དུ་ཚུད་དེ་མེར་བསྲེགས་ཨེ་ཡོང་སྙམ་པ་དེ་རེད། ལན་རེར་སྲེག་ཁང་དུ་འགྲོ་བ་ནི་རང་དབང་ཐོབ་པར་སྙམ་གྱིན་ཡོད་ཀྱང་། གནད་ལ་ཐུག་དུས་སུས་ཀྱང་སྲེག་ཁང་དང་ལེན་ལ་འཇིགས་དངངས་དང་བཅས་མེར་ཚིག་གིན་འདུག སྐབས་འདིར་དཔའ་ངར་གྱི་གད་རྒྱངས་དང་བཅས་མེ་ལ་མཆོང་བའི་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་རྣམ་ཐར་དྲན་ན། ཁྱད་པར་ཞིག་ཡོད་སྣང་འབྱུང་བ་ལས་གཞན་དུ་འདྲ་བོ་རེད། མདོར་ན། འདི་ལྟ་བུའི་རྩོམ་པ་པོ་མ་བྱུང་བས་འུ་ཚོས་མུན་ནག་ཉུལ་བ་ལས། མུན་ནག་གི་ཟིན་ཐོ་འབྲི་མ་ཐུབ་པའི་ཚོར་བ་ཞིག་དེབ་འདི་བཀླགས་པའི་མགོ་ནས་མཇུག་བར་དུ་སྐྱེས་ལ། ད་དུང་ཡང་སྐྱེ་གིན་འདུག
ཚིག་དོན།
ངས་དེབ་འདི་ཡི་ནང་གི་གནད་ཚིག་ཁ་ཤས་ཁོལ་དུ་བྱུང་བར་འདོད་ལ། འདི་ཚོ་དེབ་འདི་ཡི་སྲོག་ཤིང་ལྟ་བུར་སྙམ་པས་གནད་ཚིག་འདི་དག་བཀླགས་ཏེ་ད་དུང་དེབ་འདི་བཀླགས་འདོད་མི་སྐྱེས་མཁན་ཞིག་ཡོད་ན། དེ་ནི་ཏན་ཏན་དཔེ་ཀློག་གི་རིགས་ཆད་པའི་མི་ཞིག་ཡིན་ངེས།
ཤོག་ངོས་ ༣༧−༣༨ བར་དུ།” མཐའ་མཇུག་བཀའ་བསྒྲགས། “མདུན་དུ་སྐྱོད།” ངའི་ཨ་ཕ་ངུས་བྱུང་། འདི་ནི་ངས་ངའི་ཨ་ཕ་ངུས་པ་མཐོང་ཐེངས་ཐོག་མ་ཡིན། ཁོང་ངུ་སྲིད་པ་ངའི་ཡིད་ལ་གཏན་ནས་ཤར་མ་མྱོང་། ངའི་ཨ་མ་ནི་ཞལ་རས་ལ་རྣམ་འགྱུར་མེད། ངག་ལ་བརྗོད་པ་མེད་པར་འདང་རྒྱག་གཏིང་ཟབ་ཅིག་གི་ནང་ལྷུང་སྟེ་སྐྱོད་བཞིན་ཡོད། ངས་རང་གི་སྲིང་མོ་ཆུང་ཆུང་བཟི་ཕོ་ར་ལ་བལྟས་པར། མོའི་སྐྲ་ལོ་སེར་པོ་དེ་ལེགས་པར་ཤད་འདུག་ཅིང་། ཕྱི་གོས་དམར་པོ་ཞིག་མོའི་ལག་ངར་གྱི་སྟེང་བཀལ་འདུག མོ་ནི་ལོ་བདུན་ཅན་གྱི་བུ་མོ་ཆུང་ཆུང་ཞིག་ཡིན། མོའི་རྒྱབ་ཀྱི་འཁུར་ཙ་དེ་མོར་ལྗིད་འདུག མོས་མ་ཁར་སོ་བཏབ་འདུག གནས་སྐབས་འདིར་སྡུག་ཡུས་འདོན་པ་ནི་འབྲས་མེད་ཡིན་པ་མོས་ཤེས་ཡོད།”ཅེས་དང་། ཧང་གྷ་རི་ཉེན་རྟོག་པས། “མགྱོགས་ཙམ་བྱོས། རྗེས་ཟིན་པར་གྱིས། སྒྱིད་ལུག་གི་ཕག་པ་” ཞེས་སྤྱོ། སྐབས་དེ་ནས་ང་ཁོ་ཚོར་སྡང་འགོ་ཚུགས། དུས་དེ་རིང་བར་དུ་ང་དང་ཁོ་ཚོའི་བར་གྱི་འབྲེལ་ཐག་ནི་སྡང་ཟུག་ཁོ་ན་ཡིན། “ཞེས་བྲིས་འདུག ཤོག་གྲངས་ལ་གཟིགས་དང་། སྐབས་འདིར་སྒྲུང་འདིའི་བཞི་ཆའི་གཅིག་ཡང་བཀླགས་ཚར་མེད་ལ་མནར་གཅོད་དངོས་ཀྱི་ན་ཟུག་མྱོང་མགོ་འཛུགས་སྐབས་ཤིག་རེད། ཡིན་ནའང་། སྐབས་འདིར་ང་ཚོས་མཐོང་བ་ནི། གཏན་ནས་ངུས་མ་མྱོང་བའི་མི་ཞིག་ངུ་བ་མཐོང་བ་དེ་རེད། ཁྱེད་ཅག་དེབ་འདིའི་ཤོག་ངོས་ཉིས་བརྒྱ་བར་ཀློགས་དང་། མི་འདི་བྱིས་པ་ལྟར་ངུ་གིན་ཡོད། ད་དུང་ལོ་བདུན་ཅན་གྱི་བུ་མོ་ཞིག་གིས་ཀྱང་རེ་བ་བྱེད་ས་མེད་པ་ར་འཕྲོད་ཡོད་པ་དེ་རེད། ད་དུང་མཐོང་སྣེ་གཞན་ཞིག་ལ། རྩོམ་པ་པོ་དབང་བསྒྱུར་ལས་ཐར་ནས་དེབ་འདི་འབྲི་སྐབས་ཀྱི་ཞེ་འཁོན་ཡང་མཐོང་གི་འདུག
ཡང་། ཤོག་ངོས་ ༥༧ དང་ ༥༨ ན། “གསང་ལས་པ་དཀྱུས་མ་ཞིག་ང་ཚོའི་མདུན་དུ་ཡོང་ཞིང་ཁོའི་ལག་ཏུ་དབྱུག་པ་ཞིག་ཐོགས་འདུག ཁོས་བཀའ་འདི་ལྟར་ཕབ། “སྐྱེས་པ་ཚོ་གཡས་དང་སྐྱེས་མ་ཚོ་གཡོན་ལ་སོང་།” ཚིག་འབྲུ་བཅུ་གཅིག་པོ་དེ་རྣ་བར་མི་རྩུབ་པ་དང་། སེམས་ལ་མི་གཟན་པ། རྣམ་འགྱུར་ཅི་ཡང་མེད་པའི་སྒོ་ནས་བསྒྲགས། ཐུང་ཞིང་གསལ་བའི་ཚིག་འབྲུ་བཅུ་གཅིག དེ་ནི་ང་རང་ངའི་ཨ་མ་དང་ཁ་བྲལ་བའི་དུས་སྐབས་ཡིན། ང་ལ་དེའི་སྐོར་བསམ་ལོང་མ་བྱུང་ཡང་། ངས་རང་གི་ཨ་ཕའི་ལག་པའི་ལྗིད་ཤུགས་ཇེ་ཆེར་སོང་བ་ཚོར་ཞིང་དེས་ང་ཚོ་ཁེར་རྐྱང་དུ་ལུས་པ་མཚོན། ངས་རང་གི་ཨ་མ་དང་སྲིང་མོ་བཅས་གཡས་ཕྱོགས་སུ་འགྲོ་བཞིན་པར་འཁྱུག་ལྟ་ཞིག་བྱས། བཟི་ཕོ་ར་ཡིས་ཨ་མའི་ལག་པར་འཇུས་འདུག ང་རང་གི་ཨ་ཕ་དང་སྐྱེས་པ་གཞན་དག་མཉམ་དུ་ཕར་འགྲོ་སྐབས། ངའི་ཨ་མ་དང་སྲིང་མོ་གཉིས་མཐོང་ལམ་ན་ཡལ་བཞིན་པ་དང་། ངའི་ཨ་མས་སྲིང་མོའི་སྐྲ་ལོ་སེར་པོ་དེར་བྱིལ་བྱིལ་བྱེད། དེ་ནི་མོ་ལ་འཇིགས་སྐྱོབ་བྱེད་ཀྱི་ཡོད་པའི་ཚུལ་རེད། ཡིན་ནའང་། ངས་གནས་དེ་དང་དུས་དེ་ལ་ང་ཨ་མ་དང་སྲིང་མོ་བཟི་ཕོ་ར་གཉིས་ལ་གཏན་དུ་ཁ་བྲལ་བ་ཡིན་པ་མ་ཤེས། ང་མུ་མཐུད་དེ་བསྐྱོད། ངའི་ཨ་ཕས་ངའི་ལག་པར་འཇུས་ཡོད།”ཅེས་དང་། “ངའི་ལག་པ་ཨ་ཕའི་ལག་མགོ་ནས་ལག་ངར་ལ་འཁྱུད། ང་ལ་བསམ་རྒྱུ་གཅིག་ལས་མེད་པ་ནི་ཨ་ཕ་མི་འབོར་བ་བྱེད་རྒྱུ་སྟེ། ང་རང་ཁེར་རྐྱང་དུ་མི་ལུས་པ་བྱེད་རྒྱུ་དེ་ཡིན།” ཞེས་འཁོད་ཡོད། འདི་ནི་རྩོམ་པ་པོ་ཨ་མ་དང་སྲིང་ཆུང་མར་དུས་གཏན་དུ་ཁ་བྲལ་བའི་ཉིན་མོ་རེད། ཚིག་ཧ་ཅང་ཁ་གསལ་བས་འགྲེལ་བཤད་མི་དགོས་མོད། བརྗོད་བྱ་འདེམས་སྒྲུག་བྱེད་སྟངས་དེ་ནཱ་རྫེས་བཙོན་མ་འདེམས་སྒྲུག་ལས་ཀྱང་བརྒལ་ཡོད་དེ། ཚིག་ཉུང་ཉུང་རེ་ཡིས་མྱི་སེམས་ལ་ཟུག་གཟེར་སློང་ཐུབ། ༼འཇིགས་པ་བརྒྱད་སྐྱོབ་མ་༽ ཞེས་པའི་སྒྲོལ་མ་དེ་ནི་བུ་མོ་བཟི་ཕོ་ར་ཡི་སྐྲ་ལོར་བྱིལ་བྱིལ་གཏོང་མཁན་དེ་རེད་དམ། རྩོམ་པ་པོ་ལག་མགོ་ནས་ལག་ངར་བར་དུ་འཇུས་པའི་མི་དེ་རེད།
ཡང་ཤོག་ངོས་ ༢༢༨ ནས་ ༢༢༩ བར་དུ། “ཟླ་དང་བོའི་ཚེས་ ༢༩ ཡི་སྐྱ་རེངས་ཤར་སྐབས་ང་གཉིད་ལས་སད། ངའི་ཨ་ཕའི་ཉལ་ས་ན་ནད་པ་གཞན་པ་ཞིག་ཉལ་འདུག ཁོ་ཚོས་སྐྱ་རེངས་མ་ཤར་སྔོན་ངའི་ཨ་ཕ་མལ་ཁྲི་ལས་ཁྱེར་ཏེ་སྲེག་ཐབ་ཏུ་བསྐྱལ་བར་ངེས། ཁོང་སྐབས་དེར་ཡང་གསོན་པོ་ཡིན་སྲིད།
ཁོང་འདས་པ་ལ་བསྔོ་སྨོན་ནི་མེད། ཁོང་དྲན་གསོའི་ཆེད་ལ་སྒྲོན་མེ་སྦར་རྒྱུ་ཡང་མེད། ཁོང་གི་ཚེ་མཇུག་གི་ཚིག་ནི་ངའི་མིང་ཡིན། དེ་ནི་ངས་ཨ་ལན་ཙམ་ཡང་མ་བྱིན་པའི་འབོད་སྐད་ཅིག་ཡིན།
ང་མ་ངུས། ང་སྐྱོ་གདུང་གིས་ངུ་མ་ཐུབ། ང་ལ་མིག་ཆུ་ཚར་འདུག ངའི་སེམས་ཀྱི་གཏིང་རིམ་དུ། ཉམ་ཞན་དུ་གྱུར་བའི་ངའི་རྣམ་ཤེས་ཀྱིས་མཐའ་མཇུག་ཁོ་ལ་རང་དབང་ཐོབ་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་ཡོད་སྲིད། “ཅེས་བྲིས་ཡོད། སྐབས་འདིར་ཁོང་གི་ཕ་སྲེག་ཁང་ལ་ཕངས་པའི་སྐབས་རེད། འདི་ནས་ཟླ་གཉིས་ཀྱི་རྗེས་སུ་ཁོ་ཚོར་རང་དབང་ཐོབ་པ་རེད། འདི་ལྟར་བསམས་ན་བློ་འགྱོད་ལོས་ཡོད་དེ། ཕ་བུ་གཉིས་ཀྱི་དཀའ་སྡུག་གི་ལམ་བུ་ལ་ཕྱིར་མིག་ཅིག་འཕངས་ན། ད་གཟོད་རྟས་མི་ཐེག་པའི་འགྱོད་པ་ཞེས་པ་དེ་ར་འཕྲོད་རྒྱུ་ཡོད།
དེབ་འདིའི་ཆེས་ཐ་མའི་ཤོག་ངོས་ ༢༣༣དང་༢༣༤ ངོས་སུ། “དབུལ་སྒར་ནས་བཟུང་ངས་མེ་ལོང་ཞིག་མཐོང་མྱོང་མེད། མེ་ལོང་དེའི་གཏིང་ནས་བེམ་པོ་ཞིག་གིས་ཕྱིར་ང་ལ་འབུར་ཚུགས་སུ་བལྟས། ཁོས་ང་ལ་འབུར་ཚུགས་སུ་ལྟ་སྐབས་ཀྱི་ཁོའི་མིག་གི་ལྟ་སྟངས་དེ་ང་དང་ནམ་ཡང་བྲལ་མ་མྱོང་།།” ཞེས་དེབ་འདི་ཡོངས་སུ་ཚར་ཡོད། སྒྲུང་འདིའང་ཚར་སོང་། མེ་ལོང་ལས་བེམ་པོ་ཞིག་གིས་འབུར་ཚུགས་ཀྱིས་ལྟ་བ་དང་། ལྟ་སྟངས་དེ་ནམ་ཡང་ཁོ་དང་བྲལ་མ་མྱོང་ཞེས་པའི་དངོས་ཡོད་དང་འཆར་སྣང་། བདེན་པ་སུམ་འཛོམས་ཀྱི་ཚིག་འདི་དག་གིས་ང་ཚོར་སྒྱུ་རྩལ་ཞེས་པ་མཛུབ་སྟོན་བྱེད་ཀྱིན་པའི་ཚོར་བ་ཞིག་སྐྱེས། མདོར་ན། ང་རང་ཉིད་ཀྱི་ངོས་འཛིན་ཞིག་སྟེ། སྒྱུ་རྩལ་ཞེས་པ་ནི་བདེན་པ་གང་ཞིག སྒྲོ་སྐུར་དང་དངོས་ཡོད་སྒྲེན་མོ་བའི་བར་དུ་ཡོད་པའི་ངོས་འཛིན་ལ་དེབ་འདིས་བདེན་ཁ་སྤྲད་པའི་ཚོར་སྣང་བྱུང་།
རྩོད་ལན།
ངས་དེབ་འདི་ངོ་སྤྲོད་སྐབས། ས་ཆེན་མོའི་མུན་ནག་གི་ངོས་ཤིག་སུན་འབྱིན་བྱས་རབས་ནས་ངོ་སྤྲོད་པ་རྩལ་འདོན་བྱས་པས་དེབ་འདི་དེ་ཙམ་ཏུ་ཟད་དམ་ཞེ་ན། དེའང་མ་ཡིན་ཏེ། རྩོམ་པ་པོ་དང་དཀོན་མཆོག་བར་གྱི་བསམ་བློའི་འགལ་ཟླ་དང་སྤྱི་ཚོགས་ཀྱི་དེ་འབྲེལ་རྨོངས་དད་ལ་སུན་འབྱིན། མི་སྤུས་ཀྱི་སྲ་གཟུགས། མིའི་གཉུག་གཤིས་དང་སྲོལ་རྒྱུན་འཆིང་བའི་བར་གྱི་འབྲེལ་བ་སོགས་ཀྱང་མང་དུ་མཐོང་རྒྱུ་འདུག དེབ་འདི་རུ་འཇིག་རྟེན་དཀོན་མཆོག་གིས་བཞེངས་པ་དང་། འགྲོ་བ་མིའི་རིགས་ཀྱི་སྡུག་བསྔལ་མ་སངས་ན་དཀོན་མཆོག་གི་མྱ་ངན་མི་སངས་རབས་ཀྱི་ཆོས་ཚིག་དག་ལ་ཡི་མ་རངས་པ། གནད་ལ་ཐུག་དུས་ཕ་བུའི་མཛའ་བརྩེ་ཡང་ཟས་ཁམ་གང་ལ་བརྗེ་བ་དང་། དབང་བསྒྱུར་འཇིགས་པོ་ལས་གྲོལ་རྗེས་སུའང་བྱུང་རབས་ཀྱི་བདེན་པ་ལ་བསམ་གཞིག་མི་ཤེས་པའི་ངོས་དག་ཧ་ཅང་གསལ་བ་དེ་རེད། དེ་འབྲེལ་གྱི་ཚིག་འགའ་རིམ་པར་དྲངས་ན།
“ངས་ཁོ་ལ་ཅིའི་ཕྱིར་སྐྱབས་སུ་མཆི་དགོས་པ་ཡིན་ནམ། ངའི་ལུས་ངག་ཡིད་གསུམ་གང་གིས་ཀྱང་འདུན་ལོག་བྱས། ཁོས་བྱིས་པ་སྟོང་ཕྲག་མང་པོ་ཁོའི་འོབས་དོང་དུ་བསྲེགས་པས་ཡིན་ནམ། ཁོའི་སྲེག་ཐབ་དྲུག་གིས་ཉིན་མཚན་དུས་དྲུག་དང་། གཟའ་ཉི་མ་དང་དགའ་སྟོན་གྱི་དུས་སུ་རྒྱུན་ཆད་མེད་པར་སྲེག་ལས་བྱས་པས་ཡིན་ནམ། ཁོའི་བླ་ན་མེད་པའི་མཐུ་སྟོབས་ཀྱིས་ཨོ་ཤི་ཝི་ཚི་དང་། བྷར་ཁེ་ནོ། བྷུ་ན། དེ་འདྲའི་འཆི་གྲྭ་མང་པོ་བསྐྲུན་པས་ཡིན་ནམ།” ཞེས་དཀོན་མཆོག་ལ་ཟུར་ཟ་བྱས་པ་དང་། ཤོག་ངོས། ༡༨༩ ནའང་།” དེ་ལྟ་ནའང་ང་ལ་རང་དབང་མེད་པར་ངའི་ཡིད་ལ་ངས་ཡིད་ཆེས་དོར་ཚར་བའི་དཀོན་མཆོག་ལ་སྐྱབས་སྨོན་ཤོར། དཀོན་མཆོག སྟོང་གསུམ་གྱི་བདག་པོ། ང་ལ་ཆོས་ཀྱི་མཁན་པོ་ཨི་ལེ་ཡ་ཧུའི་བུས་བྱས་པ་དེ་ནམ་ཡང་མི་བྱེད་པའི་སྟོབས་དང་ནུས་པ་སྩོལ་ཅིག “ཅེས་དཀོན་མཆོག་ལ་ཞེ་ནས་སྡང་ནའང་གནད་འགག་གི་སྐབས་སུ་དཀོན་མཆོག་ལ་གསོལ་འདེབས་ཤོར་གྱིན་པའི་གཉུག་གཤིས་དངོས་ཀྱང་ཡི་གེ་རུ་ཕབ་འདུག་པ་མ་ཟད། ད་དུང་རོལ་མོ་བ་ཇུ་ལེ་ཡུག་ཅེས་པ་མ་ཤི་བའི་སྐད་ཅིག་མ་དེར་ཡང་རོལ་མོ་དཀྲོལ་གྱིན་པ་སོགས། ཆོས་ལུགས་པ་དང་སྒྱུ་རྩལ་པའི་གཉུག་མའི་གཤིས་ཀ་ཡ་མཚན་པོ་རེའང་མཐོང་རྒྱུ་ཡོད་པ་བཅས་དེབ་འདིར་ངོ་མཚར་བའི་ལྟད་མོ་རྫོགས་མཐའ་མི་འདུག
ད་དུང་། “མེར་ལགས། མེར་ལགས། ངའི་བུ། ཁྱོད་ཀྱིས་ང་ངོ་མི་ཤེས་སམ། ང་ཁྱོད་ཀྱི་ཨ་ཕ་ཡིན། ཁྱོད་ཀྱིས་ཁྱོད་ཀྱི་ཕ་རྒན་གསོད་བཞིན་འདུག ངས་ཁྱོད་ལ་བག་ལེབ་ཅུང་ཙམ་ཞིག་བཟུང་ཡོད་ཡ། “ བག་ལེབ་ཅིག་གི་ཆེད་ཕ་རྒན་གསོད་བཞིན་པའི་བུ་དེ་དང་ཕ་རྒན་གཉིས་གནས་དེ་ག་རང་དུ་བསད་པ་སོགས་བློ་ཡིད་ལས་འདས་པའི་སྡུག་བསྔལ་མང་པོ་ཞིག་གཅིག་འཕྲོར་གཅིག་མཐུད་ཀྱིས་ཡོང་བ་དག་གིས། ང་ང་བརྒྱད་དང་རིག་གསར་སྐབས་ཀྱི་བོད་པའི་གཏམ་རྒྱུད་མོད་པོ་ཞིག་ལ་དྲན་པ་དབང་མེད་དུ་གཡེང་ནས་སྒལ་གཟེར་ཀྲིང་ཀྲིང་དེབ་འདིའི་མཇུག་བསྡུས།
དགོངས་དག ཁྱེད་ཀྱི་བཀླག་བྱང་ཡིན་ན་དེ་ཀློག་ཐུབ་མ་སོང་།
ཁ་སྔོན་ནས་ཁ་བརྡའི་སྒང་བཀོད་ན་ཡག་པོ་ཡོད་པའི་འབོད་སྐུལ་ཞིག་ཞུས་ཡོད།
བཀའ་དྲིན་ཆེ།
༼མཚན་མོ༽་ དཔེ་ཆ་འདིི་ལོ་ཤས་སྔོན་དབྱིན་ཡིག་ནང་ཐེངས་གཅིག་བཀླགས་ཟིན།
ངའི་གཤིས་ཀ་ཞིག་ལ་དཔེ་ཆ་ཞིག་ཐེངས་མ་གཉིས་ལ་ཀློག་ཐུབ་ཀྱི་མི་འདུག
སློབ་འབྲིང་ལོ་རིམ་དྲུག་པར་འགྲོ་ཀྱིན་པའི་ངའི་བུ་ལའང་ཐེངས་གཅིག་ལ་མ་གཏོགས་མི་ཀློག་པའི་གཤིས་ཀ་འདི་འགོས་འདུག སློབ་མ་ཞིག་ལ་གོམས་གཤིས་འདི་ཡག་པོ་མི་འདུག