བཀྲ་ཤིས་དོན་འགྲུབ།
གློག་འོད་མག་མོག་འོག་ཏུ
ལྷོད་ཆགས་པའི་རོལ་མོའི་རམ་འདེགས་ལ་བརྟེན་པའི
བབས་ལྷིང་བའི་གླུ་གཞས་ཞིག་ལ་ཉན་ཚེ
སྒེའུ་ཁུང་ཕྱི་རོལ་ནས་གྲག་པའི་ཆར་ཐིགས་ལྷུང་བའི་སྒྲ་དེ་ཡང
དབྱངས་ཚིགས་ཀྱིས་བཏེགས་པའི་སེམས་སྒྲ་རེ་ལས་མ་འདས
ཁུ་སིམ་པའི་མཚན་མོ་ཞིག་ལ
ཁང་མིག་ཆུང་ངུ་ཞིག་ཏུ་གློག་འོད་མག་མོག་ཅིག་ལ
རོལ་དབྱངས་མངོན་ཆུང་ཞིག་གིས་རམ་འདེགས་ཡོད་ཚེ
སྐྱོ་སྣང་ཁྲོད་ཀྱི་མཛེས་སྡུག་ཅིག་ལ་ལོངས་སྤྱོད་ཐུབ་པ་བཞིན
འཚོ་བར་མྱོང་རོལ་བྱེད་སྟངས་ཀྱི་གསང་བ་ཞིག་ཀྱང་ཡིན་སྲིད
ཁྱོད་ཀྱི་ཚེ་སྲོག་དེ་ཧ་ཅང་ཉམ་ཆུང
ཁྱོད་ཀྱི་མདུན་ལམ་དེའང་རབ་རིབ་ཡིན་མོད
དབྱངས་འགྲོས་དང་མཚུངས་པའི་རོལ་དབྱངས་མངོན་ཆུང་དེས
གཉིད་དུ་ཡུར་བའི་འཇིག་རྟེན་གྱི་སྙིམས་བར་ནས
སྐྱོ་སྣང་ཁྲོད་ཀྱི་མཛེས་སྡུག་ཅིག་ཁྱོད་ལ་སྲིང་ཡོང་ངེས
མཁའ་དབྱིངས་སུ་འཆར་བའི་ཟླ་བ་སྒོར་མོ་དེ་ཤིན་ཏུ་མཛེས
རྫིང་ཆུའི་ནང་གི་ཟླ་བའི་གཟུགས་བརྙན་དེ
ལྷག་ཏུ་མཛེས་ཉམས་དོད་པས
ང་ལ་རྟག་ཏུ་བསླུ་བྲིད་གཏོང་བཞིན་ཡོད
བསླུ་བྲིད་ཀྱི་དབང་གིས
ངས་མཚན་མོ་གང་མང་ཞིག
སྙན་ངག་བྲིས་ནས་སྐྱེལ་དགོས་བྱུང
མཚན་གུང་ཞིག་ལ་བྲིས།
བཀླགས་ཡོད་མོད་་་ངས་སྙན་གསར་འདིའི་བསྟན་དོན་གཙོ་བོའི་ནང་གི་ཡང་སྙིང་གང་ཞིག་ཡིན་པར་རྙེད་མ་ཐུབ་ཀྱང་་་་དེ་ནི་རྩོམ་པ་པོ་ཉིད་ཀྱི་ལེན་པར་མ་ཡིན་པ་ང་རང་ལ་སྙན་གསར་འདིའི་སྐོར་ལ་སློབ་སྦྱོང་མེད་པས་ལོས་ཡིན། ཡིན་ཡང་ཚིག་གི་སྙན་ཆ་འདོན་སྟངས་འདིས་ཡིད་དབང་འཕྲོག་སོང་་་བཀའ་དྲིན་ཆེ།