མགལ་དུམ།
རྒྱང་རིང་གི་མྱི། ཁོ་བོ་གཉིད་མ་ཁུག་པའི་མཚན་སྨད་རེ་རེར། བདག་གིས་(萨克斯 sax)རོལ་དབྱངས་ཀྱི་འགྱུར་ཁུགས་ལས་རང་གི་སེམས་ཁམས་ལ་གཟབ་ཉན་དང་ཞིབ་ལྟ་གནང་གིན་ཡོད། དོ་ནུབ་ཀྱང་”བདག་གི་རྣམ་ཤེས”དང་”ཁྱེད་རང་གང་དུ་ཡོད་”ཅེས་པའི་དབྱངས་རྟ་ཞིག་ལ་སེམས་པ་ཡོངས་སུ་གླན་ཞིང་མཚན་སྨད་འདིའི་དབུགས་རིང་ལ་རམ་འདེགས་བྱེད་བཞིན་ཡོད། རྒྱང་རིང་ནས་ཆད་ཡོང་བ་ལྟ་བུའི་རོལ་དབྱངས་འདི་ཚོས། ཧ་ཅང་ཧ་ཅང་གི་ལྷོད་ཡངས་དང་བག་ཕེབས་ཀྱི་སྣང་བ་གྲངས་མེད་ཅིག་སྤྲོད་ཀྱིན་པས། བདག་གིས་གློ་བུར་དུ་མིག་བཙུམ་ཞིང་དབུགས་བཀག་ཏེ་དབྱངས་རྟ་དེའི་འགྱུར་ཁུགས་ལས་ཅི་ཞིག་བརླག་བཞིན་པ་འདྲ་བའི་རང་གི་སེམས་པ་ལ་བྱིལ་བྱིལ་འགའ་གཏོང་གིན་ཡོད།
སྐབས་འདི་ཤེད་དུ། ངས་རང་གི་སྙིང་གཏིང་དུ་བག་ལ་གཟིམ་གྱིན་པའི་རྒྱང་རིང་གི་མྱི་དེ་དམིགས་པར་སྒོམ་ནས་རང་ཉིད་གཅིག་པུ་ལས་སུས་ཀྱང་མི་གོ་བའི་ཁེར་ལབ་གྲངས་མེད་ཅིག་བརྒྱབ་པ་ཡིན། ཁྱེད་རང་ད་དུང་ཉལ་མེད་ལ། ང་ཡང་ད་དུང་གཉིད་མེད། འདི་ནི་རོལ་དབྱངས་འདིའི་འགྱུར་ཁུགས་ཁོ་ནའི་ཕྱིར་དུ་མཚན་སྨད་ལ་གཉིད་མ་ཁུག་པར་ལུས་སོང་བ་མ་ཡིན་ཏེ། རོལ་དབྱངས་འདི་ལས་སྙན་པའི་རོལ་དབྱངས་ཤིག་རྒྱང་རིང་ནས་གྲགས་མི་ཡོང་ངམ་སྙམ་པའི་རེ་སྒུག་དང་འདུན་པ་ཁྲི་ཕྲག་གིས་སྙིང་ཁ་རུ་ཡང་ཡང་རྡུང་གིན་པའི་མ་ཡིན་ནམ། རེད། ཡིན་ཁོ་ཐག་རེད་འདུག
རོལ་དབྱངས་དེར་བསྐྱར་ཉན་དང་ཡང་ཉན་བྱས་ཏེ་ད་ལྟ་འགྱུར་ཁུགས་རེ་རེའི་བང་རིམ་ཡང་ཡིད་དུ་ངེས་བཞིན་པ་འདྲ། ཁ་སང་དགོང་མོར་ཁོ་བོ་ཆར་ཟིམ་ཟིམ་ཞིག་དང་ལྷན་དུ་མཚོ་འགྲམ་གྱི་ཤིང་སྡོང་ཞིག་གི་འོག་ཏུ་བསྡད་དེ། བརྩེ་དུང་གི་གཏམ་རྒྱུད་ཅེས་པའི་萨克斯 saxརོལ་དབྱངས་ཤིག་ལ་ཉན་བཞིན་དུས་ཚོད་གང་འཚམ་ཞིག་ལ་བསྡད་པ་ཡིན། རོལ་དབྱངས་དེའི་དབྱངས་འགྲོས་དང་འབུད་སྟངས་རེ་རེས་ང་ལ་གོ་བ་ཞིག་སྤྲད་སོང་། སྔོན་ཆད་རང་གིས་བཤད་མྱོང་བའི་སྐད་ཆ་ཞིག་དྲན་གསོས་པར་བྱས་སོང་།
ལོ་འགའི་སྔོན་དུ་བདག་གིས་བརྩེ་དུང་ནི་ཟུར་གསུམ་ཞིག་ཡིན་པའི་ལྟ་བས་ཉར་བཞིན་གཞན་དང་གཞན་ལའང་དེ་ལྟར་ཡིན་ཚུལ་གྱི་ཁ་ཕོད་བསྒྲགས་པ་ཡིན། སྐབས་དེའི་ལྟ་ཚུལ་ནི་ཕྱོགས་སུ་མ་ལྷུང་བའི་བསམ་ཚུལ་རྣལ་དག་པ་ཞིག་ཡིན་པ་ནི་འགྲེལ་མ་དགོས་མོད། དེ་རིང་སླར་ཡང་ཁོ་བོ་རང་གི་སྐད་ཆ་དེར་རང་གིས་ཡིད་རྟོན་མ་ཐུབ་པར་དྲི་བ་ལན་མང་གིས་ཡང་ཡང་བཙུར་གྱིན་གདའ། བརྩེ་དུང་ནི་འོ་ཆུ་འདྲེས་ཚུལ་གྱིས་ཚོར་བ་ལ་ཚོར་བ་ནུབ་ཅིང་གཏན་དུ་འབྱེད་མི་ནུས་པ་དེ་ཡིན་ན་ཟུར་གསུམ་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ།
བརྩེ་དུང་ནི་ཁྱེད་ཉིད་དགའ་བ་སྟེ་ང་ཡི་ཡོད་ཚད་དང་ང་ཡི་སྡུག་བསྔལ་ནི་ཁྱེད་ཉིད་དམྱལ་ཁམས་མྱུལ་བའི་ཚོར་བ་སྐྱུར་མོ་སྟེ་བདེ་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་པའི་ཚིག་དང་དམ་བཅའ་ཡིས་ཉར་བཞིན་པ་བདེན་ན་བརྩེ་དུང་ཟུར་གསུམ་ཞིག་ཡིན་པའི་རྒྱུ་མཚན་གང་དུ་ཡོད། བརྩེ་དུང་ནི་ཕན་ཚུན་གསོན་པ་ལ་ཡང་སྙིང་བསྩལ་པའི་རྟིང་སྐུལ་གྱི་སྙིང་དྲོན་པོ་དེ་ཡིན་ན་བརྩེ་དུང་ཟུར་གསུམ་ཞིག་ཡིན་པའི་སྐད་ཆ་སུ་ལ་བརྗོད། བརྩེ་དུང་ནི་ཡིད་ཆེས་དང་བསམ་ཤེས་ཀྱིས་དཀྲིས་ཤིང་ཁྲེལ་དང་ཕྱི་ཐག་གིས་རིང་དུ་བཏགས་པའི་དམ་ཚིག་ཅིག་ཡིན་ན་བརྩེ་དུང་ཟུར་གསུམ་པའི་རྒྱུ་མཚན་ཇི་ལྟར་འགྲེལ་ལམ།
ད་དུང་བརྩེ་དུང་ནི་བར་ཐག་ལས་ཆེས་ཉེ་བའི་བར་ཐག་ཅིག་ཡིན་པས་ས་དང་གནམ་གྱིས་གཞལ་ཐབས་མེད་ཙ་ན་བརྩེ་དུང་ནི་ཟུར་གསུམ་མོ་ཞེས་སྡོམ་ཚིག་འདི་གང་དུ་བཀོད་དམ། བརྩེ་དུང་ནི་་་་་་་་་་་་་། རེད་དེ། མངོན་སུམ་ལ་སུ་ཡང་གཞལ་ཐབས་མེད་པས། འགྲེལ་མི་ཤེས་པ་མང་པོ་ཞིག་འདིས་འགྲེལ་བཞིན་འདུག་ལ། འགྲེལ་མི་དགོས་པ་མོད་པོ་ཞིག་ཀྱང་འདི་ཡིས་གློད་ཀྱིན་གདའ་ཨང་།
རྒྱང་རིང་གི་མྱི། འོ་ན། ནམ་ཞིག་སྐད་ཆ་དེ་བདེན་དུ་ཆུགས་ཀྱང་སྐད་ཆ་དེ་ང་ལ་བརྗོད་པ་ནི་ཁྲམ་རྟགས་ཀྱིས་ལན་འཐུས་བར་བྱ་ཆོག་ངེས་རེད་ཅེས་སླར་ཡང་སྐད་ཆ་རྣོ་ཐག་ཆོད་པོ་ཞིག་སྙིང་ཁའི་ལྟེ་བར་བཙུགས་ཏེ་འཇིགས་སྣང་གིས་སྨྱོ་རུ་འཇུག་རྩིས་ཡིན་ནམ། ནམ་ཞིག་སྐད་ཆ་གཞན་ཞིག་གིས་འགྲེལ་བརྗོད་གནང་སྟེ་བདག་གི་བསམ་ཚུལ་ནི་རྨི་ལམ་ལས་ཀྱང་རྨི་ལམ་ཞིག་ཡིན་ཚུལ་གྱིས་སེམས་པ་ལ་སེམས་པ་གླན་ཏེ་ཕན་ཚུན་ལ་སེམས་ཀྱིས་བཤད་པའི་སྙིང་གཏམ་དག་ཀྱང་མ་ཤེས་མ་མཐོང་ཁུལ་གྱིས་རྡུལ་དུ་བརྫིས་ཤིང་རིང་དུ་གཡུག་རྩིས་ཡིན་ནམ།
ནམ་ཞིག་གློ་བུར་བའི་དྲན་ཚུལ་ནི་གློ་བུར་བ་རང་ཡིན་པས་གནམ་ཟླའི་འགྱུར་ལྡོག་དང་ལྷན་དུ་སྐད་ཆ་ལའང་གོ་ལྡོག་ཡོད་ངེས་རེད་ཅེས་རང་ཉིད་ནི་ཧ་ཅང་ཧ་ཅང་གི་སྤྱང་པོ་ཞིག་ཡིན་ཁུལ་གྱིས་རྣམ་འགྱུར་མིག་ལ་གནོད་པ་ཞིག་བསྟན་རྩིས་ཡིན་ནམ། ནམ་ཞིག་བློ་ཡུལ་དུ་མི་ཤོང་བ་དག་བློ་ཡུལ་དུ་བཙན་གྱིས་བརྫངས་ཏེ་ཚེར་མའི་ས་བོན་ལས་རྒྱ་སེ་མེ་ཏོག་འཁྲུངས་བར་རེ་སྨོན་བྱ་རྩིས་ཡིན་ནམ།
རོལ་དབྱངས་དེར་ཉན་གྱིན་ཉན་གྱིན་མགྲིན་པ་ལས་ཕྱིར་མི་ཐོན་པའི་ཚིག་ཚོགས་ཀྱིས་བདག་གི་སྙིང་དང་མགྲིན་པ་བཀད་གྲབས་བྱེད་ཀྱིན་འདུག ངས་འདི་ལྟར་དྲན་གྱིན་ཡོད། གནམ་ཟླ་དགུན་ཁ་ཡིན་པའི་དུས་ཚིགས་ཤིག་ལ་ཁོ་བོ་སླར་ཡང་གནས་འདི་རུ་བཙོག་གེར་བསྡད་དེ་རོལ་དབྱངས་འདི་ལ་བསྐྱར་ཉན་ཞིག་བྱས་ན། སྐབས་དེ་དུས་རོལ་དབྱངས་འདིས་ང་ལ་དྲོད་ཁོལ་ཡིད་མགུ་བ་ཞིག་སྤྲོད་དམ། སྐབས་དེ་དུས་རོལ་དབྱངས་འདིའི་བསྟན་དོན་རྩ་ནས་འགྱུར་ཏེ་ཁོད་ཡངས་ས་དང་སེམས་སྐྱིད་སའི་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་སྲིད་དམ།
ཡང་ན་དེ་རིང་བཞིན་མོག་མོག་དང་ཟ་ཟི། བན་བུན་གྱིས་བསླུས་པའི་མཚན་ནམ་སྙིང་གཟེར་བ་ཞིག་བསྐྱལ་དགོས་སམ། ད་དུང་འདི་ལས་འཇིགས་ཡེར་བ་ཞིག ཡིན་མི་སྲིད། གཏན་ནས་ཡིན་མི་སྲིད། ངས་ཡང་བསྐྱར་མངར་མོ་ཁོ་ན་ཡིན་པའི་འཚོ་བ་ཞི་འཇགས་པ་ཞིག་ལ་འབད་ཆོག་པས། ནམ་ཞིག་ང་བདེ་བས་འཚོ་ཆོག་ངེས་ཡིན་ཨང་།
༢༠༡༥-༢-༧ཉིན།