རྒོད་པོ།
མཚན་ཚོགས་ལ་འགྲོ་མ་མྱོང་ཞེས་པའི་སྐད་ཆ་དེ་ད་ནས་བཟུང་ངའི་མི་ཚེའི་ནང་ནས་མཇུག་བསྡོམས་ཟིན་པ་ཡིན། མཚན་ཚོགས་ལ་འགྲོ་བ་ནི་ཧང་སངས་ཧོན་འཐོར་དགོས་པའི་སྐད་ཆ་ཞིག་མིན་ཡང་ང་དང་ངའི་ངོ་ཤེས་ཉེ་འབྲེལ་རྣམས་ལ་མཚོན་ན་ཅུང་ཟད་ཧ་ལས་དགོས་པ་ཞིག་ཡིན་ངེས ། དེ་ནི་ཁོང་ཚོ་ཚང་མ་མཚན་ཚོགས་ལ་བལྟ་ཚུལ་མི་ལེགས་ཅིང་དེ་ཡང་ང་དེར་འགྲོ་རྒྱུ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད ། ད་ནི་བརྗོད་གཞི་དངོས་ང་མཚན་ཚོགས་ལ་ཇི་ལྟར་སླེབས་པའི་སྐོར་མཁྱེན་པར་དེའི་སྔོན་གྱི་བརྒྱུད་རིམ་ཁ་ཤས་ཞིག་གསན་དགོས་ངེས་པས་ཁྱེད་རྣམ་པས་བརྗོད་གཞི་དང་འབྲེལ་མེད་པར་བསམ་ན་དགོངས་བསེལ་ཞུ །
ང་ལ་མཚོན་ན་སྦེང་ལོར་གྲོང་ཁྱེར་ནང་བསྡད་ནས་ཟླ་བ་བརྒྱད་ལ་ཉེ་བ་འགྲོ་བཞིན་འདུག། ཐོག་དང་པོར་འདིར་འབྱོར་སྐབས་འཛིན་དགེ་ཞིག་གིས་ཁྱོད་རང་སློབ་སྦྱོང་བྱེད་པ་ཙམ་མིན་པར་སྤྲོ་སྐྱིད་གཏོང་སྟངས་ཡང་ཤེས་དགོས ། གྲོང་ཁྱེར་འདི་ནི་གྲོང་ཁྱེར་གཞན་དང་མི་འདྲ་བར་བདེ་འཇགས་དང་ཁོར་ཡུག་བཟང་བ་ཡོད་ཟེར། ཁོས་དེ་ནི་མི་ཚེ་རེད་ཟེར ། ད་དུང་མི་གཞན་དང་གྲོགས་པོ་གསར་པ་ཡང་བཟོ་དགོས་ཟེར།
ངའི་མི་གཤིས་དང་བསྟུན་ན་མི་གཞན་དང་གྲོགས་བསྒྲིགས་རྒྱུ་ནི་ཆེས་ཁག་པོ་ཡིན། དེ་ཡང་གཞན་ལ་དོགས་པ་དང་རྣམ་རྟོག་འདྲ་མིན་དབང་གིས་དམིགས་བསལ་གྱི་མི་རིགས་གཞན་གྱི་ཕོ་ཞིག་ལ་གྲོགས་བསྒྲིགས་རྒྱུ་ནི་ནམ་ཡང་ང་ལ་དཀའ་ངལ་ཡོད། དེ་ནི་བདེ་འཇགས་དང་འབྲེལ་བའི་གནད་དོན་ཞིག་ཡིན ། སྤྱིར་དེང་དུས་ཀྱི་སྤྱི་ཚོགས་ནང་དང་དེང་དུས་ཀྱི་འཚོ་བའི་ནང་གྲོགས་པོ་གསར་པ་བསྒྲིགས་རྒྱུ་ནི་གལ་ཆེན་དང་ཕན་ཐོགས་ཡོད་པ་ཞིག་ལ་བལྟ་བཞིན་ཡོད །་བསམ་ཚུལ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་སོགས་ཕན་ཐོགས་ཆེ་བར་བརྩི་བཞིན་ཡོད །་སྤྱིར་དེ་ལ་དགེ་སྐྱོན་གཉིས་ཀའི་ཆ་ལྡན་པས་ངས་དེ་ལ་བརྟེན་ནས་གྲོགས་པོ་གསར་པ་བསྒྲིགས་མ་བསྒྲིགས་ཀྱི་ཐག་གཅོད་མི་བྱེད ། ངས་ནི་རང་ཉིད་ཀྱི་བལྟ་ཕྱོགས་མཐུན་པའི་མི་ཞིག་ལ་གྲོགས་བསྒྲིགས་རྒྱུར་དགའ་བ་ཡིན ། དེའི་ཕྱིར་འདས་པའི་ཟླ་བ་བརྒྱད་ཀྱི་ནང་ངས་མི་མང་པོ་ངོ་ཤེས་ཡོད་ཀྱང་གྲོགས་པོ་གསར་པ་གཅིག་ལས་བཟོས་མེད །
ང་རྒྱུན་དུ་འདིར་ཁེར་རྐྱང་དུ་སྡོད་ཅིང་མཚམས་ལན་རེར་སློབ་གྲོགས་རྙིང་པ་འདྲ་ཐུག་པ་མ་གཏོགས་གཞན་ཁྲོམ་མྱུལ་བ་དང་ཕྱིར་འགྲོ་བ་སོགས་བྱེད་པར་མི་དགའ་ལ་ཁེར་རྐྱང་དུ་ཁྲོམ་མྱུལ་བར་དམིགས་བསལ་བ་འགའ་རེ་མ་གཏོགས་གཞན་སྤྲོ་སྣང་ཡོད་མི་སྲིད ། འོན་ཀྱང་ང་ཁེར་རྐྱང་དུ་སྡོད་པར་སུན་སྣང་གང་ཡང་མེད ། ངས་ནང་དུ་རང་ཉིད་གང་ཉན་འདོད་པའི་རོལ་དབྱངས་དང་གང་བལྟ་འདོད་པའི་ལྟད་མོ ། གང་སྦྱོང་འདོད་པའི་སློབ་ཚན་རྣམས་སྦྱངས་ནས་ཉི་མ་བསྐྱེལ་བཞིན་ཡོད་ལ་ང་དེར་སྤྲོ་བ་ཡང་ཆེ །
ཟླ་ཤས་གོང་ངའི་གྲོགས་པོ་ཞིག་ཉིན་གཉིས་རིང་སྦེང་ལོར་ལ་ལྡི་ལི་ནས་འཁོར་བའི་ལམ་ཞོར་དུ་ངའི་སར་སླེབས་ཅིང་ངེད་གཉིས་ཚོང་ཁང་ཆེན་པོ་དེ་འདྲར་ཁ་ལག་བཟའ་བ་དང་བལྟད་མོ་བལྟ་བ་སོགས་ཀྱི་ཆེད་དུ་བསྐྱོད ། ཁོ་ནི་ང་དང་མི་འདྲ་བར་མི་ཚེ་ལ་བལྟ་ཚུལ་ལྷོད་ཅིང་ཁ་སངས་པོ་ཞིག་རེད ། དེའི་ཕྱིར་གཞན་ལ་གྲོགས་གསར་བསྒྲིགས་པ་དང་སྐད་ཆ་ཤོད་པ་སོགས་ལ་འཚེར་སྣང་ཡང་དེ་ཙམ་མི་བྱེད་ལ་སྐད་ཆ་ཡང་གོ་རིམ་ལྡན་པ་དང་བརྗོད་བྱ་ཡང་གཞན་གྱི་མོས་པ་དང་མཚམས་པ་ཤོད་ཐུབ་མཁན་ཞིག་ཡིན་པས་གཞན་དང་འགྲོགས་འདྲིས་བདེ་པོ་ཡོད ། ནུབ་ཕྱོགས་པ་རྣམས་ཀྱིས་སྐད་ཆའི་སྒྱུ་རྩལ་དེ་མིའི་འབྲེལ་ལམ་གསར་རྙིང་གང་དུའང་གལ་ཆེན་དུ་བལྟ་བཞིན་འདུག་པ་དེར་རྒྱུ་མཚན་མྱོང་ཐོག་ནས་མངོན་གསལ་དུ་མཐོང་ཐུབ་པ་ཞིག་བྱུང་།
ཉིན་དེར་ཚོང་ཁང་དེ་ནས་ཁོའི་ངོ་ཤེས་རྙིང་པ་གྲོང་ཁྱེར་ནང་ལས་ཀ་བྱེད་བཞིན་ཡོད་པའི་བུ་མོ་ཞིག་ཡོད་པ་དེ་ཐུག་བྱུང་། ངས་མོ་ཐུག་པ་ཐེངས་མ་དང་པོ་མིན ། དེ་སྔོན་ཡང་ཐེངས་མ་གཅིག་ཐུག་མྱོང་ཡོད་པར་བརྟེན་རྒྱུན་ལྡན་གྱི་གུས་ལུགས་ཙམ་ཞིག་བྱས ། ཐེངས་འདིར་མོ་དང་མཉམ་དུ་གྲོགས་མོ་བུ་མོ་ཞིག་འདུག་ཅིང་གདོང་ལ་ཞིབ་བལྟ་བྱེད་མ་ཕོད་ཀྱང་སྐྲའི་འཇོག་སྟངས་དང་གོན་པ་གྱོན་སྟངས ། གཟུགས་བྱད་སོགས་གང་ཐད་ནས་ཡིད་དུ་འོང་བ་ཞིག་རེད ། ངས་མོ་ངོ་མི་ཤེས་སྟབས་མཛུམ་ཙམ་བྱེད་པ་ལས་གཞན་གང་ཡང་བྱེད་རྒྱུ་མེད་པར་གྲོགས་པོ་ཁ་བརྡ་ཚར་བར་བསྒུགས་ནས་བསྡད ། མོས་ཀྱང་ཕྱིར་འཛུམ་ཙམ་བྱས་རྗེས་གཤམ་གྱི་མི་ཚོགས་ལ་བལྟད་ནས་བསྡད་སོང་། ངེས་གཉིས་ཀྱིས་ལྟད་མོ་ཞིག་གི་འཛིན་བྱང་ཉོས་ཟིན་ལ་ལྟད་མོ་ཡང་འགྲོ་བཙུགས་གྲབ་འདུག་པས་ཁོང་གཉིས་དང་བྲལ་ནས་སོ་སོར་ཕྱིན ། ལྟད་མོ་བལྟ་སྐབས་ད་དུང་ཡང་བུ་མོ་དེའི་ཐོག་བསམ་བློ་ཡང་སེ་འཁོར་འགྲོ་གི་འདུག ། དེ་ཡང་བུ་མོ་དེར་རྒྱུན་དུ་ང་རང་གིས་བུད་མེད་ལ་དགའ་ཕྱོགས་ཀྱི་ཕྱིའི་ཆ་རྐྱེན་མང་ཆེ་བ་ཚང་འདུག་པས་ཡིན་ངེས །
ལྟད་མོའི་བར་ཞིག་ནས་གྲོགས་པའི་ངོ་ཤེས་བུ་མོ་དེས་ཁ་པར་སླེབས་ནས་ཁོ་གཉིས་གཤམ་གྱི་ཚོང་ཁང་དེ་དག་ནང་སྐོར་བ་རྒྱབ་ནས་བསྡད་ཡོད་པ་དང་ལྟད་མོ་ཚར་རྗེས་ཁོ་མོར་ཐུག་དགོས་ཟེར ། དེ་ཡང་མོ་ལ་ལག་རྟགས་ཞིག་བསྐུར་རྒྱུ་ཡོད་པ་དེ་ལེན་པར་མཉམ་དུ་མོའི་སྡོད་གནས་ལ་འགྲོ་དགོས་སྐོར་བཤད་འདུག ། ཁོས་ང་ཡང་མཉམ་དུ་འགྲོ་ཟེར ། འོན་ཀྱང་སྟབས་ཉེས་ནས་ངའི་སྤུན་མཆེད་བུ་མོ་ཞིག་ཡོད་པ་དེས་ཁ་པར་ཡང་སེ་སླེབས་ནས་དོན་དག་ཞིག་གི་ཆེད་གང་མགྱོགས་མོ་ལ་ཐུག་དགོས་ཟེར ། ལྟད་མོ་ཚར་རྗེས་ང་ཁོང་གཉིས་ལ་མ་ཐུག་པར་ཤར་རྒྱག་ལོག་ཕྱིན་པ་ཡིན །
ཕྱི་དྲོ་དེར་གྲོགས་པོ་ཉལ་ཁང་དུ་ལོག་སླེབས་སྐབས་ཁོེས་བཤད་རྒྱུར་ད་གིན་བུ་མོ་གཞན་པ་དེས་ཁྱོད་རང་གི་སྐོར་མང་པོ་འདྲི་གི་འདུག ། བོད་ནས་སླེབས་པའམ་རྒྱ་གར་ནང་སྐྱེས་པ་གང་ཡིན་མིན་དང་ད་ལྟ་ག་རེ་བྱེད་ཀྱི་ཡོད་མིན་སོགས་མང་པོ་འདྲི་གི་འདུག ། ཕལ་ཆེར་ཁྱོད་རང་ལ་སྣང་བ་སོང་བ་འདྲ་ཟེར། ངའི་སེམས་ལ་ཚ་ཤད་ལངས་འགོ་བརྩམས་ཞིང་ངས་ཀྱང་མོའི་སྐོར་ཁ་ཤས་དྲིས་པར་ཁོས་མོའི་མིང་དང་ལས་ཀ་གང་ཡིན་མིན་ཙམ་ལས་གཞན་གང་ཡང་བཤད་རྒྱུ་མི་འདུག ། འོན་ཀྱང་ཁོས་བུ་མོ་དེ་ཁ་སངས་པོ་དང་ཁ་རི་ཁ་ཐུག་འདྲ་པོ་ཞིག་འདུག་ཟེར ། གྲོགས་པའི་ངོ་ཤེས་བུ་མོ་དེས་ཀྱང་མོའི་ཁ་པར་ཨང་གྲངས་ཁོ་ལ་སྤྲད་འདུག །
དེ་ལྟར་གྲོགས་པོ་ཐོན་རྗེས་ངས་མོ་ལ་ཁ་པར་དང་འཕྲིན་ཐུང་སོགས་གང་ཡང་བསྐུར་མ་ཐུབ་པར་ཡུན་རིང་ལུས ། གྲོགས་པའི་ཁ་པར་འབྱོར་ཐེངས་རེར་ང་ལ་མོ་དང་འབྲེལ་བ་བྱུང་ཡོད་མེད་འདྲི་བཞིན་འདུག ། འོན་ཀྱང་ང་ནི་ཧ་ཅང་སྐྲག ། དེ་ཡང་གཞན་དེའི་སེམས་ནང་རང་ཉིད་ལ་མཐོང་སྣང་མ་བདེ་བ་བྱུང་སྲིད་པར་དོགས་པ་དང་ཡང་སྐད་ཆ་གང་ནས་འགོ་བཙུགས་དགོས་མིན་མ་ཤེས་པ་སོགས་གང་ལྟར་འབྲེལ་བ་གང་ཡང་བྱེད་མ་ཤེས་པར་ལྷག ། ང་ནི་གཞན་གྱི་སེམས་ནང་རང་ལ་མཐོང་སྣང་མ་བདེ་བ་བྱུང་བར་ཧ་ཅང་སྐྲག་མཁན་ཞིག་ཡིན ། དེ་ཡང་ང་རང་ཉིད་ཆུང་དུས་ནས་བཟུང་སློབ་གྲྭ་སོགས་གང་དུའང་སྒྲིག་འགལ་དང་དགེ་རྒན་རྣམ་པའི་མིག་ལ་མི་འགྲོ་བའི་སློབ་མ་ཞིག་བྱེད་རྒྱུར་སྐྲག་པའི་སློབ་མ་ཞིག་ཡིན ། ཕལ་ཆེར་དེའི་སེམས་གཤིས་དེ་ད་དུང་ཡང་འགྱུར་དུ་མེད་པར་ལྷག་ཡོད་པ་འདྲ །
གང་ལྟར་དབྱིན་ཇིའི་ལོ་གསར་མ་སླེབས་བར་ངས་མོ་ལ་འཕྲིན་ཐུང་གཅིག་ཀྱང་བསྐུར་མ་ཐུབ་པར་ལུས ། དབྱིན་ཇིའི་ལོ་གསར་ཉིན་གྲོང་ཁྱེར་གྱི་འགྲོ་སྟངས་ལྟར་ངས་མོ་ལ་ལོ་གསར་གྱི་མཚམས་འདྲིའི་འཕྲིན་ཐུང་ཞིག་བསྐུར་བར་ཡིན་ལན་གང་ཡང་མ་འབྱོར ། ཡང་དེ་ལྟར་ཟླ་ཤས་སོང་ཡང་འབྲེལ་བ་གང་ཡང་མ་བྱུང་། གང་ལྟར་གནས་སྟངས་འདི་ལྟ་བུའི་ཕོ་མོའི་འབྲེལ་བ་ཞིག་ལ་རང་ཉིད་ཀྱི་ཆེ་འདོད་དང་འཚེར་སྣང་སོགས་གང་མང་ཞིག་བློས་གཏོང་དགོས་པ་ལྟ་བུ་ཞིག་སྣང་། གཞན་སློབ་གྲྭ་གཅིག་གམ་ལས་ཁུངས་གཅིག་ནང་རྒྱུན་རིང་གཤིབ་ནས་འབྲེལ་བ་བྱེད་མཁན་ཞིག་ལ་འགྲོ་སྟངས་གཞན་ཞིག་རེད་ལ་བརྕེ་དུང་ཐོག་ཉམས་མྱོང་དང་གདེངས་སྤོབས་ཆེ་བའི་མི་ཞིག་ལའང་དཀའ་ཁག་འདི་འདྲ་ཞིག་ཡིན་མི་སྲིད ། ང་ལྟ་བུར་ཆ་མཚོན་ན་རང་གི་མིག་ལ་སོང་བའི་བུ་མོ་ཞིག་ལ་འབྲེལ་བ་བྱེད་མ་ཐུབ་པར་ལྷག་པ་ནི་མི་ལྟོགས་པ་ཞིག་གི་མདུན་དུ་ཟས་སྣ་གང་ལེགས་བཤམས་ནས་བཟའ་རུ་མ་བཅུག་པར་བཞག་པ་གཅིག་པ་ལྟ་བུ་རེད །
དེ་ལྟར་ཟླ་ཤས་སོང་རྗེས་སླར་ཡང་ངའི་གྲོགས་པོ་ངའི་སར་སླེབས་ཅིང་ངའི་ཁ་པར་ཐོག་ནས་མོ་ལ་ཁ་པར་བཏང་ནས་ཁོ་རང་གིས་ངོ་ཤེས་བུ་མོ་དེར་ཁ་པར་མི་འགྲོ་ཚུལ་དང་མོའི་སྐོར་ཅུང་ཟད་དྲིས་རྗེས་ད་ལྟའི་ཨང་གྲངས་དེ་ངའི་ཡིན་ཚུལ་སོགས་ཅུང་ཟད་བཤད་ནས་ངོ་ཤེས་བུ་མོ་དེའི་ཨང་གྲངས་གསར་པ་དེ་སློང་སོང་། དགོང་དྲོ་དེར་ཁོས་ངོ་ཤེས་བུ་མོ་དེར་ཁ་པར་བཏང་ནས་ཁོ་རང་གཉིས་ཀྱི་ཁ་བརྡ་རྫོགས་མཚམས་བརྗོད་གཞི་ང་དང་བུ་མོ་དེའི་ཐོག་ལ་བབས་ཅིང་ཁོས་ང་མོ་ལ་འབྲེལ་བ་བྱེད་པར་ངོ་ཚ་བྱེད་ཀྱི་ཡོད་ཚུལ་དང་རྒྱུན་དུ་ང་ངོ་ཚ་སྨིན་པོ་ཡིན་ཚུལ་སོགས་བཤད་ནས་གྲོགས་མོ་དེར་ད་གིན་གི་ཨང་གྲངས་དེ་ཉར་དགོས་དགོས་པར་བསྐུལ་མ་བྱེད་དགོས་ཚུལ་སོགས་བཤད་སོང་།
ཉིན་ཤས་སོང་རྗེས་བུ་མོ་དེས་ང་ལ་འཕྲིན་ཐུང་ཞིག་འབྱོར་ཞིང་ངས་ཀྱང་དེ་ལ་ཡིག་ལན་ཞིག་བྲིས་པ་ཡིན ། དེ་ནས་བཟུང་ང་གཉིས་བར་གྱི་འཕྲིན་ཐུང་གི་འབྲེལ་བ་དེ་མང་དུ་སོང་ཞིང་རང་རང་གི་ངོ་སྤྲོད་དང་ལས་ཀ་སོགས་ངོ་སྤྲོད་བྱས་པ་ཡིན །
མུ་འགོད །
སྒྲུང་སྙན་མོ་འདུག ཆང་ས་དྲ་བ་ལ་མཁོ་བའི་རྩོམ་རེད། མུ་མཐུད་དུ།
ཡ་ཡ། མུ་མཐུད་ཨ། ཀློག་གི་ཡིན།
ཉིན་ཚོགས་མ་གཏོགས། མཚན་ཚོགས་མ་འགྲོ
མཚན་འཚོགས་ལ་སོང་ན་རྐང་པ་རྡོ་ལ་ཐོགས་འགྲོ་་་་་་་་་་་་
ཉིན་ཚོགས་ལས་མཚན་ཚོགས་བྲོ་བ་ཆེ་ལ་རྙོག་དྲའང་ཤིན་ཏུ་ཆེ། མུ་མཐུད་ཀློག་གི་ཡིན། ཡིག་ནོར་ལ་ཅུང་གཟབ་གལ་མཐོང་།
ཡ་ཡ་་་་སྙན་པོ་དང་དབྱིངས་ཚ་པོ་འདུག། མུ་མཐུད་འབྲི་ཤོག་ཀློག་གི་ཡིན། ཕྲན་ཡང་སྦེང་ལོར་ནས་ཐོན་པའི་མི་ཞིག་ཡིན་པས་སྦེང་ལོར་གྱི་བོད་པའི་བུ་དང་བོུའི་བྱེད་སྟངས་དེ་ཚོ་མིག་ལ་འཆར་ཡོང་གི་འདུག།། སྦེང་ལོར་པུ་གུས་སློབ་སྦྱོང་དེ་ཙམ་མ་བྱས་ན་ཡང་མཚན་ཚོགས་ལ་ཡག་པོ་འགྲོ་གི་རེད་ད། མཚམས་རེ་འཁྲུག་རྫིང་ཡང་རྒྱག་ག་བྱེད་ཀྱི་རེད་་་རེད་པས།།། ཡིན་ནའི་ཁྱེད་རང་ད་དེ་འདྲ་ཡིན་ས་མ་རེད། ཐེངས་དང་པོ་འགྲོ་མཁན་རེད་པས།
མཚན་ཚོགས་འགྲོ་དགོས་་འོན་ཀྱང་ལྡི་ལི་ནང་གི་མཚན་ཚོགས་ཁ་ཤས་ལ་བདེ་འཇགས་ཀྱི་ཧ་ཅང་མ་བདེ་བ་ཞིག་འདུག
འོན་ཀྱང་བོད་པའི་བུ་མོ་ཚོ་འཚང་ཁ་ཤིག་ཤིག་རེད་འདུག ཉེན་ཁ་ཆེན་པོ་མཐོང་། རང་སྡུག་རང་གིས་ཉོས་ན་མ་གཏོགས་སྟུ་ལ་སྒོ་ལྕགས་རྒྱག་ས་ནེ་མི་འགྲོ
མི་སུ་ཞིག་མཚན་ཚོགས་ལ་སོང་ན་དང་པོ་ལུས་སེམས་གཉིས་ཆར་མ་བདེ་བ་དང་། མ་གོམས་པས་ཧ་ལམ་ཁེར་རྐྱང་ལྟ་བུ་ཞིག་ལས་སྤྲོ་སྣང་ལྡན་པའི་ཚོར་བ་ཞིག་ཡོང་མི་ཐུབ་པ་ཞིག་རེད། ཁྱེད་རང་ཐེངས་འགའ་སོང་ན་ད་གཟོད་ཁྱེད་ཀྱིས་མཚན་ཚོགས་དེའི་བྲོ་བ་ངོ་མ་དེ་མྱོང་ཐུབ༌ལ། སྤྲོ་སྐྱིད་དེས་ཁྱེད་རང་བཟི་སོང་ན་ད་ཁྱེད་རང་ཁེར་རྐྱང་དུ་ཕྱིར་རང་ཁྱིམ་དུ་ཡོང་ན་མི་འདོད་པའི་ཚོར་འགྱུ་རྣོན་པོ་ཞིག་གིས་ཁྱེད་ལ་རྒྱང་འབོད་ཡང་ནས་བསྐྱར་དུ་བྱེད། ད་དུང་ཝུ་ཆང་མོད་པོ་ཞིག་དང་མཉམ་དུ་ན་ཆུང་བུ་མོ་ཞིག་གི་སྒེག་ཉམས་དང་བཅས་འཇམ་མཉེན་ལག་ཟུང་གིས་ཁྱེད་ཀྱི་མགྲིན་པར་འཁྱུད་བཞིན་འོ་ཞིག་བྱས་ན་དེས་ཀྱང་ཁྱེད་ལ་སེམས་ཚོར་སྐྱིད་པོ་ཞིག་སྦྱིན་ངེས། འདི་ནི་སྤྱིར་བཏང་གི་ཕོ་མོའི་བར་གྱི་ཆགས་སྲེད་ལས་བྱུང་བའི་བག་ཆགས་ཤིག་ཀྱང་ཡིན། བྲོ་བ་དེའི་དྲོད་དང་བཟི་ཁ་དེའི་ངར་མ་ཡལ་གོང་ཁྱེད་རང་གཉིས་ཞིང་ཁམས་སྐྱིད་པོ་ཞིག་ཏུ་སྤྲོ་སྐྱིད་ལ་ཐེངས་གཅིག་ཕེབས་དང་དུས་དེ་ནས་བཟུང་ཁྱེད་ལ་ཀུན་གྱིས་གླེང་བཞིན་པའི་བདེ་སྐྱིད་ངོ་བ་དེ་ཐོབ་ངེས། མི་སུ་ཡིན་རུང་བདེ་སྐྱིད་དེ་ལ་རོལ་སྟངས་ཤིག་མ་ཤེས་ན། འདི་ལྟར་སོང་སོང་ན་ད་ཁྱེད་ལ་ཕྱི་ནང་གཉིས་ནས་དཀའ་ངལ་གཅིག་ཐོག་ལ་གཉིས་ཡོང་རྒྱུའི་འགོ་བརྩམ་ཚར་བ་རེད།
བཀླགས་ཟིན། སྙན་པོ་འདུག མུ་འཐུད་ཀློག་ཀྱང་ཡིན།
ཁྱོད་ཀྱི་མི་གཤིས་དེ་ངའི་གྲོགས་པོ་ཞིག་གི་གཤིས་ཀ་དང་འདྲ་པོ་འདུག
སྙན་པོ་བྲིས་འདུག
ཞོལ་ཕྲུག་བྱོན་པ་ལེགས།
མཚན་ཚོགས་་་་་་རེ་སྒུག་གི་ཕུགས་བསམ་དེ་ཡིད་སྲིད་མུ་མཐུད་ནས་འབད་བརྩོན་བྱེད་དགོས་།
དྲ་དྲོགས་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན །
འདི་ནི་གུས་པས་རྩོམ་འབྲི་བ་དང་དྲ་ཐོག་ལ་ཕུད་པ་ཐེངས་མ་དང་པོ་ཡིན །
ཉམས་མྱོང་དང་ཤེས་ཚད་གང་ཐད་ནས་དམན་སྟབས་ཡིག་ནོར་
སོགས་མང་བར་དགོངས་དགལ་མེད་པ་ཞུ་རྒྱུ་དང་ཁྱེད་རྣམ་པའི་
རྒྱབ་སྐྱོར་ནི་གུས་པའི་རྩོམ་ཡིག་འབྲི་བའི་གྲོགས་སྐུལ་ལ་སོང་བས་
ཚང་མར་ཐུགས་རྗེ་ཆེ་ཡང་བསྐྱར་ཞུ །
ལེའུ་རྗེས་མ་ཡང་གང་མགྱོགས་ཕུད་ཐབས་བྱ་ངེས །
སྙན་པོ་ཞིག་བྲིས་འདུག་་་་མུ་མཐུད་ནས་ཡིན་ད།་་
རྒོད་པོ་ཟེར་བའི་སྒྲུང་བ་ཁྱོད་སུ་ཡིན ? ལྷ་སྒྲོལ་སྐྱབས་ཨེ་ཡིན?་གང་ལྟར་སུ་ཞིག་ཡིན་ཤོད་ར་,,,,,,ཕལ་ཆེར་བྷེང་ལོར་ཕྱོགས་ན་བོད་ཡིག་ཐོག་སྒྲུང་དེ་འདྲ་འབྲི་ཐུབ་མཁན་གཉིས་གསུམ་ཞིག་ལས་མེད།