མགལ་དུམ།
ད་ལྟ་མཚན་གུང་ཡོལ་ནས་ཡུན་ཙམ་རེད་འདུག །
ཟླ་འོད་མོག་མོག་མཁའ་མཐའི་ལྷོ་ལ་སླེབས་འདུག །
སྐར་མའི་ཚོགས་ཀྱང་དབྱིངས་ནས་ཇེ་ཉུང་རེད་འདུག །
སྐྱ་རེངས་ཤར་ལེ་ཡོད་པ་ཐག་གིས་ཆོད་འདུག །
བློ་བུར་གཉིད་ལས་སད་པའི་རྣམ་འགྱུར་འདི་ཉིད།།
སུས་ཀྱང་མཐོང་ཐབས་མེད་པའི་འཛུམ་ཞིག་ཡིན་མོད།།
དེ་མུར་རྒྱང་ལ་ཤོར་བའི་དྲན་པ་མཐུར་མེད།།
སུ་ལ་གསང་ཐབས་མེད་པའི་སྒྲ་ཞིག་ཡིན་ངེས།།
རྒྱང་ནས་སྐད་ཅིག་རྣ་བའི་འོབས་སུ་ལྷུང་བ།།
དོ་ནུབ་སུ་དང་གང་གིས་གོ་ཐབས་མེད་ཚོད།།
གསུང་སྐད་འདི་ཀོ་ཡིད་ཀྱི་བདུད་རྩི་ཡིན་པས།།
སྙན་པའི་ཚོད་ལ་ཁོ་བོས་འགྲེལ་ཐབས་མི་འདུག།
སྐུལ་བའི་སྙིང་དེ་གཅེས་པའི་སྲོག་ཏུ་ཉར་བས།།
སྤྲད་པའི་སྲོག་ཀྱང་སྙིང་གིས་དམ་དུ་བསྡམས་ཡོད།།
ཚིག་གི་ཀྱོ་བས་སེམས་སུ་མནའ་ཞིག་བསྐྱལ་བ།།
གང་དུ་འཕྱན་ཡང་ཡིད་ཀྱི་དཔུང་ཡ་ཡིན་འདྲ།།
ཉི་མའི་ཤར་ནུབ་འཁྲུགས་པའི་སྔ་ཕྱི་དེ་ཡིས།།
གོ་ལའི་འཁོར་བསྐྱོད་འདི་ཡང་གཟུར་ནས་ཡོད་འདྲ།།
སྙིང་གི་སྐད་ཆ་གློད་པའི་སྐར་ཆ་ཙམ་ཡང་།།
ཅོང་གིས་སྐུལ་བརྡ་མེད་ཚེ་ལྷན་འཛོམས་དཀོན་ཨང་།།
རིང་དུ་འབྲལ་སོང་སྙམ་པའི་སྣང་བ་ཟ་ཟི།།
དོ་ནུབ་དུས་བཅད་འདི་ཡིས་བགྲུངས་པར་བྱས་ཤིང་།།
སང་གནངས་འཕྲད་ན་འདོད་པའི་འདུན་པ་དེ་ཡང་།།
སྐད་ཆའི་བཤད་མཚམས་དེ་ལས་ཤིན་ཏུ་རྒོད་ཨང་།།
བརྩེ་བའི་ཟབ་ཚད་འགྲེལ་ཡང་དགྲོལ་ཚད་མ་རེད།།
དུང་བའི་ལྕི་ཚད་འཇལ་ཡང་གཞལ་རན་མིན་འདྲ།།
ཚིག་གི་མགོ་རྟིང་ལོག་པའི་སྐད་ཆ་དེ་ཚོ།།
ཡིད་ཀྱི་གཏིང་དུ་ཟུག་པའི་ཚུགས་ཀ་མིན་ནམ།།
སྐད་ངག་འཇམ་པོ་ཡིན་པའི་ཚིག་གི་ལྷུ་རྐང་།།
ཡ་ཆུང་སྙིང་དུ་བསྒྲིགས་ན་རབ་ཏུ་སྐྱིད་མོད། །
དྲན་པའི་རྨུ་ཐག་རྒྱང་ནས་རིང་དུ་བསྲིངས་པས།།
ལན་རེར་སྙིང་ཆུང་འདི་ཡི་ལྡིང་ཚད་མགྱོགས་ཨང་།།
ཡིད་ཆེས་བྱ་རོགས་ཞེས་པའི་ཚིག་གིས་མ་སྐུལ།།
བསམ་ཤེས་ཡོད་དགོས་ཞེས་པའི་གཏམ་ཡང་མ་བཀྲལ།།
ཕན་ཚུན་སེམས་ནས་གཅེས་པའི་གནད་ཀ་འདི་ཉིད།།
མི་ཚེའི་ཕྱྭ་གཡང་ཡིན་པའི་སྤོབས་པ་སྐྱེད་ཤོག།
༢༠༡༥-༢-༡ ཉིན་གྱི་ཞོགས་པ་སྐྱ་རེངས་མ་ཤར་བའི་སྔ་རོལ་དུ།