ཨེ་མ་ཧོ།
ཀྭ་ཀྭ། ཨེ་མ་ཧོ།།
བྱེའུ་ཆུང་སེར་པོས་ཆོས་ཤིག་གསུངས་དང་གསུང་།།
ཆོས་ནི་ཅི་བཤད་འབ་འབུ་མ་བསད་དང་།།
འཚེ་བ་མེད་པར་ཆོས་ཀྱི་རྩ་བ་ཡིན།།
སྐྱབས་སུ་འགྲོ་བ་ནང་པའི་འཇུག་སྒོ་ལགས།།
དེ་སྐད་བཤད་པས་བྱེའུ་ཆུང་གད་མོ་བཅས།།
སྐྲ་རིང་ཨོག་ཚོམ་མཛེས་པའི་རྣལ་འབྱོར་ཁྱོད།།
གང་ནས་འོང་ཡིན་གང་དུ་འགྲོ་བར་ལགས།།
ནགས་ཀློང་འདི་ན་སྲོག་ཆགས་དུང་ཕྱུར་ནི།།
བརྒྱད་བརྒྱ་གྱ་བཅུ་གྱ་བརྒྱད་ཕལ་ཆེ་བ།།
གཅིག་ལ་གཅིག་ཟ་མེད་པར་མི་སྲིད་དོ།།
ཁྱོད་ཀྱང་གནས་འདིར་ཡོང་བའི་བར་ལམ་ནས།།
འབུམ་ཕྲག་དུ་མའི་ཚེ་སྲོག་བརླགས་པ་ལ།།
འབ་འབུ་མ་བསད་ཞེས་པ་ཅི་ཞིག་ཡིན།།
འཁོར་བ་སྡུག་ཀུན་ཡིན་པ་ངས་ཀྱང་ཤེས།།
དེ་བས་རྒྱུ་འབྲས་ལས་འདས་རྫོགས་ཆེན་ཆོས།།
ངེད་ཅག་དབེན་རིར་གནས་པའི་སྲོག་ཆགས་ལ།།
མ་ནོར་ཇི་བཞིན་གསུང་ན་མི་ཆོག་གམ།།
ཤིང་ཐོག་ཅི་དགོས་ཚོགས་འཁོར་བཤམས་ན་ཆོག།
འཇིག་རྟེན་འཁྲུལ་སྣང་འཁོར་བའི་གྲོང་ཁྱེར་ན།།
གཡོ་སྒྱུའི་མཁན་པོ་ཁྱེད་འདྲ་མཐོང་བའི་ཚེ།།
དམ་ཆོས་ཟེར་བ་མཛུབ་མོ་གཙུགས་ས་ཞིག།
མེད་ན་དབེན་པའི་རི་ལ་ཅི་ཕྱིར་འོང་།།
ཨ་ཙི་མགོ་མཇུག་ནག་པོའི་བྱེའུ་ཁྱོད།།
བྱ་བྱེད་མང་པའི་བྲེལ་དོའི་བྱ་ཚེ་ཟད།།
དག་སྣང་མེད་པར་རྒྱུ་འབྲས་ཁྱད་བསད་ན།།
རྫོགས་ཆེན་ལྟ་ཅི་ནང་པ་མ་ཡིན་ནོ།།
དང་པོ་སྔོན་འགྲོའི་འབུམ་ལྔ་བསགས་སྦྱོང་གྱིས།།
བར་དུ་ཕྱི་ནང་སྔོན་འགྲོའི་རུ་ཤན་གྱིས།།
དེ་རྗེས་བླ་མ་སངས་རྒྱས་དངོས་མཐོང་ན།།
ད་གཟོད་རྫོགས་པ་ཆེན་པོ་བཤད་ན་ཆོག།
ཁ་ལ་གསེར་ཞག་ཆགས་པའི་མཁའ་འགྲོ་མ།།
རྒྱབ་མདུན་སེར་ག྄ོས་གྱོན་པའི་གྲོགས་པོ་ཁྱོད།།
རེ་ཞིག་བློ་ལྡོག་རྣམ་བཞི་ཡང་ཡང་གོམས།།
དབེན་པ་བསྟེན་ཀྱང་དག་སྣང་མ་སྐྱེ་ན།།
གྲོང་ནག་སྡིག་པའི་ཡུལ་དང་ཁྱད་པར་མེད།།
ལེ་ལོ་སྡིག་སེམས་ངན་པ་ཡོང་དོར་ཏེ།།
སྐྱབས་འགྲོ་སེམས་བསྐྱེད་རྣལ་མ་ཤིན་ཏུ་གལ།།
ལས་ཉོན་སྡིག་སྒྲིབ་དག་ཕྱིར་རྡོར་སེམས་སྒོམས།།
བསོད་ནམས་ཡེ་ཤེས་ཚོགས་རྫོགས་མཎྜལ་བསོགས།།
གནད་ཀུན་རྩ་བ་བླ་མའི་ཐུགས་རྗེ་སྨིན།།
རང་གྲོལ་རིག་པའི་ལས་མ་གཡེང་ཤིག།
རྒྱུ་འབྲས་ཀླད་རྒྱ་རལ་ན་ཁྲམ་པ་ཡིན།།
གསང་སྔགས་རིས་ཆོད་བྱས་ན་དམྱལ་བ་ཡིན།།
རྫོགས་ཆེན་ཁྲོམ་བསྒྲགས་བྱས་ན་དམ་ཉམས་ཡིན།།
བླ་སློབ་འགལ་བ་སོང་ན་ཆོས་སྤོངས་ལགས།།
ལྟར་སྣང་དབེན་གནས་ཟེར་བ་གཡེར་ཆེ་ཡང་།།
མཐོང་སྣང་འཁོར་སློབ་ཁྲི་ཕྲག་བརྫིག་ན་ཡང་།།
ཆོས་བརྒྱད་ཕྱོགས་རིས་ཆད་པའི་ངན་ཤོམས་ལས།།
ཡང་དག་ཆོས་པ་མིན་ནོ་ཁ་མཁས་ལགས།།
ཁྱོད་ནི་མཁའ་ལྡིང་ང་ནི་མི་ཡིན་ཡང་།།
ང་ལས་ཁྱོད་མཁས་ལག་ལེན་ང་རང་ཟབ།།
གཅེས་པའི་གྲོགས་ལ་གདམས་པའི་དགེ་བ་འདིས།།
ཀུན་གྱིས་ལམ་བཟང་གནད་ལ་ཉམས་བླངས་ནས།།
ཚེ་གཅིག་སངས་རྒྱས་ཐོབ་པའི་རྒྱུ་གྱུར་ཅིག།
ཅེས་པ་རབ་གནས་ས་ཕག་ཁྲུམས་ཟླའི་དབྱར་གནས་སྐབས་སུ་དཔལ་རིའི་ཨེ་ཝཾ་རྫོང་ནས་ཤྲཱིཿཨེ་མ་ཧོས་ཐོལ་བྲིས་སུ་བྱས་ོར་དགེའོ།། །།