བསམ་གླིང་ཚེ་རིང་ལྷ་མོ།
མཚུངས་པ་མེད་པའི་སྨུག་སྤྲིན་མཛེས་མས་རི་བོའི་སྤོ་ལ་མ་འཁྱུད་ན།།
ལྗང་མདོག་ཚེ་སྲོག་འོད་ཀྱིས་ཁེངས་པའི་བྱེད་ལས་མེད་པས་དོན་ཡོད་མིན།།
ཀྱུར་ཀྱུར་སྒྲོག་པའི་བྱ་བྱིའུ་དུ་མས་ནགས་ལྗོངས་གླུ་ཡིས་མ་ཁེངས་ན།།
ལྗོངས་རྒྱུའི་འདུན་པ་འགོག་མེད་འཆར་ཡང་ཡིད་ཁམས་གཡོ་བར་དོན་ཡོད་མིན།།
ཨིན་ཌ་ནཱི་ལའི་མཐའ་ཡས་ནམ་མཁར་དུང་ཟླའི་འོད་ཀྱིས་མ་བརྒྱན་ན།།
ནམ་མཁའ་ཡངས་ཤིང་མུ་མཐའ་མེད་ཀྱང་མཛེས་ཆོས་འཚོ་བར་དོན་ཡོད་མིན།།
རི་བོང་མཚན་མས་སྤྲིན་བཟང་བར་ནས་འཛུམ་པའི་འོད་མདངས་མ་འཕྱུར་ན།།
མཚན་མོར་ས་གཞིའི་སྐྱེ་དངོས་ཁྲི་སྟོང་ལང་ཚོ་མ་གསལ་དོན་ཡོད་མིན།།
མཐའ་ཡས་རི་བོའི་དཔུང་ཚོགས་མང་པོ་ལྗོན་པའི་ཕྲེང་བས་མ་བརྒྱན་ན།།
རི་བོ་ལྗིད་ཀྱང་དར་གོས་སྣུམ་པོའི་གོས་བཟང་བྲལ་བས་དོན་ཡོད་མིན།།
ནགས་ལྗོངས་ལྗན་ལྗིན་སྦྲང་ཆར་བསིལ་མས་སྣུམ་ཞིང་གཙང་བར་མ་བཀྲུས་ན།།
ས་འཛིན་སྒེག་མོའི་དཔལ་ཡོན་དག་ཀྱང་རྙིད་ཅིང་དུབ་པས་དོན་ཡོད་མིན།།
རྔམ་བརྗིད་ལྡན་པའི་བྲག་གཡང་མཐོན་པོར་ཐང་དཀར་རྒོད་པོའི་གཡས་སྐོར་དང་།།
རྩེ་མོའི་གངས་དཀར་དུས་བཞིར་འགྱུར་མེད་ཨ་སྔོན་ནམ་མཁར་མ་འགྱིང་ན།།
བྲག་རྫོང་དག་ཀྱང་དབེན་ཅིང་ཉམས་དམའ་དཔུང་པ་རོང་ངེར་གནས་པ་དང་།།
རྒྱན་གྱིས་ཡོངས་བྲལ་གནམ་དུ་གཟེངས་པའི་རི་བོའི་ཁྱུ་ཚོགས་དོན་ཡོད་མིན།།
གཡུ་ལོ་རྒྱས་པའི་ལྗོན་པ་གཡབ་མོའི་ལྡེམ་ཅིང་འཁྱུག་པའི་ངོ་མཚར་ལ།།
བྱ་དང་བྱིའུ་ཡིས་ཅི་དགར་ལེན་པའི་གླུ་དབྱངས་མེད་ན་དོན་ཡོད་མིན།།
རབ་མཛེས་བཀྲ་བའི་སེར་ལི་དམར་ལྗང་མེ་ཏོག་བརྒྱ་ཕྲག་བཞད་པ་ལ།།
གསེར་སྦྲང་གཡུ་སྦྲང་དར་དིར་སྒྲོགས་པའི་རོལ་དབྱངས་མེད་ན་དོན་ཡོད་མིན།།
སྙན་ངག་མངོན་བརྗོད་སྐར་རྩིས་འཕྲུལ་རིག་རིག་པའི་གནས་ལ་མ་བྱང་ན།
མངོན་བརྗོད་ངོ་སོ་ཅན་པོས་ཕྱི་སྦེད་ནང་གསང་བྱས་པ་དོན་ཡོད་མིན།
ཁ་བརྡར་མདོ་དབུས་ཁམས་གསུམ་བོད་གནས་ས་སྐད་ངག་ཡིག་མ་འདྲེས་ན།
ཆོས་སྐད་བྱིན་རླབས་ཅན་པོས་མདོ་འདུལ་བཀའ་བསྟན་སྒྲོག་ན་དོན་ཡོད་མིན།།
་་་མཛེས་མས་རི་བོར་མ་འཁྱུད་ན།།
་་་་ཡིད་ཁམས་གཡོ་བར་དོན་ཡོད་མིན།།
་་་ནགས་ལྗོངས་བྱ་གླུས་མ་ཁེངས་ན།།
་་་ལྗང་མདོག་ཚེ་སྲོག་དོན་ཡོད་མིན།། ཟེར།
དོན་ཡོད་མིན།
ཁ་བརྡར་དགག་གཞག་མེད་འགྱུར་ན། །
ཁ་བརྡར་འོངས་པ་དོན་ཡོད་མིན། །
ཁ་བརྡར་སྣོན་འཕྲི་མེད་འགྱུར་ན། །
ཁ་བརྡ་འབྲི་ཀློག་དོན་ཡོད་མིན། །
ཡུམ་དུམ་པ་བཅུ་གཉིས་པོ། ཞི་མོ་འདི་བལྟས་བལྟས་རིག་རིག་ལ་ངག་རིག་ཧ་ལས་པའི་ཡར་རྒྱས་འགྲོ་བཞིན་པ་མངོན་སུམ་དང་། གནའ་རབས་ཀྱི་ཚིག་རྒྱན་ཕུན་སུམ་ཚོགས་པ། རང་བྱུང་འཁོར་ཡུག་ལ་བཅིངས་པའི་བརྩེ་བ་ཕུན་སུམ་ཚོགས་པ། ད་དུང་དེང་སང་གི་སྐད་དུ་བཤད་ན་འཁོར་ཡུག་ཞིབ་འབྲི་ཕུན་སུམ་ཚོགས་པ་བཅས་ལྡན་པ་འདུག དེང་སང་གི་བུད་མེད་ལ་གནའ་རབས་ཀྱི་ཚིག་རྒྱན་འབྲི་སྟངས་ཐད་ནས་བྱ་དགའ་ཞིག་ཕུལ་དགོས་ན། ངས་ཞི་མོ་འདི་ལ་ཕུལ་ས་རེད། འོ་ད་འདི་ཞི་མོ་ཞིག་ཡིན་རྒྱུ་རེད་པ། དེང་སང་དྲ་ལམ་ན་ཕོ་ལུས་མོ་མིང་ཅན་མང་པས། དོགས་པ་ཡང་སྐྱེས་ཐ།
ཟླ་མེད་ལགས། ཞི་མོ་ཡིན་དང་ཞི་མི་ངས་དབྱེ་འབྱེད་མི་ཤེས། མི་མོ་དང་བོད་མོ་དངོས་གནས་ཡིན་པ་དང་། དེ་ཡང་མ་སུ་རི་སློབ་གྲྭའི་བོད་དགེ་ཡིན་པ་འདྲ། དུས་བབ་ནང་ཁོང་མོའི་འདྲ་དཔར་གཅིག་ཀྱང་མཐོང་མྱོང་ལགས།
དབྱངས་ཅན་པི་ཝང་ཚེ་རིང་ལྷ་མོའི་ངག་ལ་ཀུན་ནས་མ་འཁྱུད་ན། །
ཨ་ཅེ་བསམ་ལྷས་སྙན་ངག་བྲིས་པ་ཚིག་འཁྲུལ་ཡིན་པས་དོན་ཡོད་མིན། །
ཁ་བརྡ་དྲ་བའི་སྐྱེས་མོས་ཚལ་དུ་ཚེ་རིང་མེ་ཏོག་མ་བཞད་ན། །
སྙན་ངག་བཅུད་ལ་རོལ་པའི་བུང་བ་ལྡིང་བསྐོར་རྒྱག་པ་དོན་ཡོད་མིན། །
དབྱངས་ཅན་མགྲིན་པར་མ་འཁྱུད་པའི། །
སྙན་དངགས་ཀློག་པ་དོན་ཡོད་མིན། །
བོད་མོས་སྙན་དངགས་མ་བྲིས་ན། །
ཁ་བརྡ་བཀླགས་པ་དོན་ཡོད་མིན། །
བོད་མོས་ཁ་བརྡར་མ་འཛུལ་ན། །
བོད་ཕོས་འོངས་པ་དོན་ཡོད་མིན། །
ཀྱེ་མ་བོད་མོ་ངར་ཤོག་ཀྱེ། །
ཨེ་མ་བོད་ཕོས་རྗེས་སུ་སྙེགས། །
བོད་མཁས་པས།
མངོན་འདོད་མཆོག་གི་བཞིན་རྒྱས་ལུས་ཕྲ་མ།
དོན་སྒྲ་གབ་པའི་ཚིག་སྦྱོར་རྒྱན་མཚར་བོས། །
ཡང་དག་སྤུད་པའི་རྣམ་བཤད་མེེ་ན་ཀ །
སྐྱོན་བྲལ་སྒེག་པའི་གར་ནི་ཡིད་འོང་བྱེད། །
ཀ་རྡོ་མེད་ན་ཁ་བརྡ་དྲ་བ་འདི།།
ཀ་བ་མེད་པའི་ཁང་པ་ཀོག་པོ་འདྲ།།
ཀ་རྡོ་ཡོད་ན་ཁ་བརྡ་དྲ་བ་ནི།།
ཀ་ཁའི་ཚིག་སྦྱོར་འགྲན་པའི་དོ་ར་མཚུངས།།
ཀ་ཅི་རས་དཀར་འདྲ་བའི་སེམས་པ་ཡོད།།
ཀ་ར་བུ་རམ་འདྲ་བའི་ཚིག་རྒྱག་ཡོད།།
ཀ་རེད་འདི་རེད་མེད་པའི་ཚོགས་གཏམ་ཡོད།།
ཀ་དག་གཡའ་དག་འདྲ་བའི་བརྩེ་བ་ཡོད།།
ཀ་ཁ་ག་ངའི་ཚིག་སྦྱོར་སྤེལ་སའི་ཁ་བརྡ་དྲ་བའི་མཁའ་དབྱིངས་ན།།
ཁ་གདངས་དབུགས་ཀྱི་རྒྱུ་བ་ཡོད་ཚད་ཚིག་རྒྱན་རིག་པའི་གར་མཁན་མ།།
ག་ལེ་ག་ལེར་ཚིག་གི་རྐང་བྲོ་ལྡེམ་ལྡེམ་གཡོ་པའི་འཁྲབ་ཚན་ཏེ།།
ང་ཡི་ཡིད་ཀྱི་བརྟན་པ་འཕྲོག་མཁན་ཚེ་རིང་ནམ་མཁའི་ལྷ་མོ་ཁྱོད།།
ཅ་དག་ཚིག་གི་ཟླ་བའི་ངོས་ལ་ཡིག་ནོར་དོན་ནོར་དྲི་མས་དབེན།།
ཆ་རྐང་འགྲིག་པའི་སྡེབ་སྦྱོར་ཕྲེང་པ་མ་ལི་ཀ་ཡི་མེ་ཏོག་འདྲ།།
ཇ་ཆང་ཟས་ཀྱི་སྡར་ཁ་གཤམ་ནས་ད་ནི་མགྲོན་དུ་འབོད་ལགས་ན།།
ཉ་རྒྱས་བཞིན་གྱི་གཉེར་མ་གཤིག་ནས་སྙན་རྩོམ་ལྷུག་ལྷུག་ད་སྤེལ་ཤིག།
ཏ་མ་ལ་ཡི་ཕ་མཐའ་མི་མངོན་སྤྲིན་གྱི་གླང་པོ་རྒྱུ་ན་ཡང་།།
ཐ་མལ་རྣམ་རྟོག་ཚོར་བ་རྐྱེན་པོ་རྣམ་ཀུན་འགྲོ་བས་མཐོང་མ་ཡིན།།
ད་ལྟའི་མི་ལུས་དོན་ཡོད་བྱེད་པ་སྙན་ངག་རིག་པའི་ཚིག་རྒྱན་གྱིས།།
ན་གཞོན་ཡིད་ཀྱི་བརྟན་པ་འཕྲོག་པ་དཔེ་ཟླ་རང་ཉིད་ལས་གཞན་མེད།།
པ་ལོ་བྲེག་ནས་བརྟུལ་ཞུགས་སྤྱད་ཀྱང་འགྲམ་ཆུ་ཤོར་བ་ཚིག་གི་རྒྱན།།
ཕ་མའི་གཅེས་ཕྲུག་ཆེན་པོར་བསྐྱངས་པ་བོད་ཀྱི་རུས་རྐང་ཡིན་པའི་ཕྱིར།།
བ་ལང་རྫི་བོ་ནག་མོ་འཁོལ་བཞིན་སྦྱང་པ་ཡོངས་སུ་མ་བཏང་ན།།
མ་ཡི་བུ་མོ་ཁྱོད་ལ་འགྲན་པ་ས་སྟེང་འདི་ན་མེད་པ་ལྟ།།
བོད་ཀྱི་བུ་མོའི་ངང་མོ་སྙན་དངགས་མཁའ་ལ་ལྡིང་།
སྒྲ་དང་སྐད་ཀྱི་ཨིནྡྲ་ནཱི་ལའི་འོད་ཀྱིས་གྲོགས།
སྡེབ་སྦྱོར་བྱ་དང་བྱིའུའི་གླུ་དབྱངས་སྒྲོགས་པ་འཕེལ།
བོད་ཀྱི་རིག་གཞུང་འཛིན་མའི་ཁྱོན་ཀུན་འགེངས་པར་འཕྲོ།།
བསམ་གླིང་ཨ་ཅེ་ལ་བསྟོད་བསྔགས་འཐེན་མཁན་ཚང་ཁ་ཤིག་ཤིག་རེད། གཞན་ཨ་ཅང་སྟེ་ཟླ་མེད་བླ་རྒན་འདིས་ཀྱང་་་་་་
སྒྲ་དང་སྐད་ཀྱི་ཨིནྡྲ་ནཱི་ལའི་འོད་ཀྱིས་གྲོགས།
ཞེཨཔར་
སྒྲ་དང་སྐད་ཀྱི་ཨིནྡྲ་ནཱི་ལའི་འོད་ཀྱིས་འགྲོགས།
ཞེས་བཅོས་སོ།
རྒྱ་གར་གྱི་སྙན་དངགས་པ་ཆེན་པོ། སློབ་དཔོན་རྟ་དབྱངས་ཀྱིས། མཛེས་དགའ་བོའི་སྙན་དངགས་ཆེན་མོ་ན།
ཅེས་པ་ཐར་པའི་སྙིང་པོ་ཅན་གྱི་སྦྱོར་པ་འདི་ནི་ཉེར་ཞིའི་ཕྱིར་ཡིན་དགའ་མགུའི་ཕྱིར་མ་ཡིན།
གཞན་དུ་ཡིད་ཅན་ཉན་པོ་རྣམས་ཀྱིས་འཛིན་པའི་ཕྱིར་དུ་སྙན་དངགས་ཉེ་བར་སྤྱད་པས་བརྩམས་པ་ཡིན།
སྨན་ཁ་བ་ནི་བཏུང་བར་བྱ་ཕྱིར་སྦྲང་རྩི་བསྲེས་པ་ཇི་ལྟར་བྲོ་བ་ཞིམ་པོར་འགྱུར་བ་བཞིན།
ཐར་པ་ལས་གཞན་འདི་ན་བདག་གིས་གང་ཞིག་སྙན་དངགས་ཆོས་ལས་བྱས་པ་དེ་ཉིད་ཇི་ལྟར་ཡིན།། ༦༣ །།
འཇིག་རྟེན་ཕལ་ཆེར་ཡུལ་ལ་གཞོལ་ཅིང་ཐར་པ་ལས་ནི་ཕྱིར་ཕྱོགས་གྱུར་པ་ཀུན་ནས་མཐོང་གྱུར་ནས།
ཐར་པ་དམ་པའོ་ཞེས་ཏེ་འདིར་ནི་བདག་གིས་དངགས་སྙན་ཟོལ་གྱིས་དེ་ཉིད་སྙིང་པོ་བཤད་པར་བྱས།
དེ་ལྟར་རྟོགས་ནས་འདིར་ནི་ཞི་བྱེད་གང་ཡིན་དེ་ཉིད་གཟུང་བར་རིགས་ཀྱི་འདོད་པའི་དགའ་མ་ཡིན།
ཁམས་སྐྱེས་རྡུལ་དག་ལས་ནི་ངེས་པར་འོངས་པ་ཉེར་མཁོའི་གསེར་ནི་ལེན་པར་བྱེད་པ་ཇི་བཞིན་ནོ།། ༦༤ །། ལེའུ་༡༨པ།
ཞེས་བཅོས་སོ། ཞེས་པ་ཞེས་བཅོས་སོ། །ཞེས་པར་བཅོས་སོ། །འོ་ལེ།
བཀུར་འོས་དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་འཚམས་འདྲི་དང་ཕེབས་བསུ་ཞུ།