བསྟན་པའི་དངོས་གྲུབ།
དུས་དེང་སང་སྤྱི་ཚོགས་དྲ་ལམ་ན།།
གླེང་མི་དགོས་སྲིད་ཟུར་སྲིད་སྐྱོང་བཤད།།
འདི་རྒྱབ་སྐྱོར་མ་རེད་རྒྱའི་ཁྱི་རེད།།
རྒྱ་དམར་པོའི་འདྲེ་ལག་ཤེས་ན་བཟང་།།
བོད་ཁ་བ་རི་བོའི་གངས་ཅན་པ།།
བོད་བཙན་པོའི་ལ་རྒྱ་འཛིན་འདོད་ན།།
སྤུན་ནང་ཁུལ་འཁྲུག་རྩོད་མ་རྒྱག་རོགས།།
རྡོག་གཅིག་ལ་སྒྲིལ་ནས་དགྲ་ལ་རྒོལ།།
ཡུལ་རྒྱལ་ཁམས་འགྲིམ་པའི་བོད་མི་ཚོ།།
བོད་བདེན་དོན་འཐབ་རྩོད་བྱེད་འདོད་ན།།
ལག་མཛུ་གུ་ལྔ་བཅངས་ཁུ་ཚུར་བྱས།།
སེང་དཀར་མོའི་དར་ཆ་ཡར་ལ་སྒྲེང།།
དོན་དམ་པའི་ལ་རྒྱ་འཛིན་བསམ་ན།།
གསེར་རིན་ཐང་བྲལ་བའི་དབྱངས་གསལ་སོགས།།
ཉིན་རྟག་པར་འབད་པ་ལྷོད་མེད་ངང་།།
བུ་ཚ་རྒྱུད་སེམས་ལ་འཇོག་པར་གྱིས།།
བོད་ཆོལ་གསུམ་རྒན་དར་གཞོན་གསུམ་ཚོ།།
ཡུལ་གཞན་ན་མེད་པའི་བླ་མ་འདི།།
བོད་རང་ལ་ཡོད་པ་ཤེས་པར་གྱིས།།
ཕྱིས་འགྱོད་པ་མེད་པའི་ལས་ལ་བརྩོན།།
དུས་ཁོམ་ལོང་ནམ་ཡོད་བོད་དོན་སྒྲུབ།།
བོད་ཆབ་སྲིད་བསྟན་པ་ཟུང་དུ་སྦྲེལ།།
དོན་དེ་ལ་བསམ་བློ་ཡང་ཡང་བཏང་།།
ཚེ་ཕྱི་མའི་ལམ་བྲོ་དེ་ཡི་ཆོག།
བོད་སྐད་ཡིག་མི་རིགས་རྒྱལ་ཁབ་ཆེད།།
ལུས་སྐྱ་སེར་རིས་མེད་དཔའ་རྒོད་ཚོས།།
ལུས་རིན་ཆེན་ཚེ་སྲོག་བློས་བཏང་བ།།
དོན་དེ་དག་ཐུགས་ནས་བསྙེལ་མི་རུང་།།
ལྷ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱིས།།
རྗེ་བླ་མའི་སྐུ་ཚེ་འཚོ་བཞུགས་སྐབས།།
བོད་གཞིས་བྱེས་འཛོམས་པའི་སྐལ་བཟང་སྟེ།།
མགྱོགས་མྱུར་དུ་གསལ་བར་ཤར་བར་སྨོན།།
སྤྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༡༧ ཉིན་ལས་ཞོར་ལ།
བྱེས་བོད་པར་དགོས་རྒྱུར་དབུ་ལམ་དེ།
དུས་ད་ལྟ་འཚོ་བཞུགས་རེད་འདུག་ན།
དུས་ནམ་ཕེབས་གཞི་བྱེས་མཉམ་འཛོམས་དང་།
གཏན་བདེ་བའི་སྨོན་ལམ་ན་མར་བྱེད།