ཁ་བའི་འབྲོག་མོ།
——སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
རབ་བྱུང་བཅུ་དྲུག་དུས་ལེགས་ཏེ།།
བསྐལ་བ་རྫོགས་ལྡན་ཚངས་པའི་དུས།།
ཉི་ཟླ་སྐར་གསུམ་དགུང་ལ་འཛོམས།།
སྐྱེ་དགུའི་ཁམས་ཀྱི་མུན་པ་སེལ།།
གཅིག་དགུ་སུམ་བཅུ་སོ་ལྔ་ལོ།།
ཞི་བདེའི་ཕོ་ཉ་དགུང་ཏུ་འཆར།།
ལོ་ལེགས་དུས་བཟང་སྐལ་བ་ཤར།།
འགྲོ་བ་རིགས་དྲུག་བདེ་ཞིང་སྐྱིད།།
ཟླ་བ་བདུན་པའི་ཚེས་པ་དྲུག །
མེ་ཏོག་ཆར་བ་དགུང་ནས་བབས།།
མཁའ་འགྲོའི་འཁོར་གྱིས་བསུ་མ་བྱས།།
མཚུངས་མེད་བླ་མ་ཀུན་ནས་རྒྱལ།།
༢༠༡༣། ༧། ༥
བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་རྒྱུད།
བོད་ཡུལ་ཆོས་ལྡན་ཞིང་གི་རྒྱལ་ཁམས་སུ།
སྐྱེ་དགུ་ཕན་དང་བདེ་བ་མ་ལུས་པ།
འབྱུང་བའི་ཡོན་གནས་དམ་པ་ཐུགས་རྗེའི་གཏེར།
འཕགས་མཆོག་སྤྱན་རས་གཟིགས་དབང་མི་གཟུགས་ཅན།
ཐུབ་བསྟན་འཛིན་པ་རྒྱ་མཚོ་ལྟ་བུ་ཡི།
གཙུག་གི་རྒྱན་གྱུར་བླ་མའི་ཞབས་སྐྱེས་པད།
སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།