རྔ་བ་ཀུན་བཟང་།
སྐྱ་རེངས་ལགས།
མཚོ་འགྲམ་གྱི་ལྗོན་ཤིང་འོག་ན་རང་དབང་གི་གྲིབ་ནག་ཞིག་ཡོད།
མཚོ་ཁ་གཡས་གཡོན་ལ་ཞི་འཇམ་དང་ལྷིང་འཇགས་ཆེ།
ད་དུང་རླབས་ཤུགས་དང་འདབ་ཆགས་དག་གི་སྐད་གདངས་སྙན།
དེ་རིང་ང་གཉིས་མཚོ་ཁ་ནས་ཆང་ཕོར་གང་འཐུང་།
བྱིས་དུས་ལྟར་དགའ་དགའ་སྤྲོ་སྤྲོ་ལ་ཐེངས་གཅིག་རོལ།
རྟོག་བཟོ་དང་འཆར་སྣང་གི་འཇིག་རྟེན་ན་རུ་ང་ཆེ་བས།
མཁོན་ཅིང་ཁྲོ་བའི་རྣམ་པ་མང་ལ།
ཟུག་གཟེར་ཆེ་ཞིང་རྡོལ་ཐབས་ཅན་གྱི་རིགས་དེ་བས་མང་།
སྐྱ་རེངས་ལགས།
དེ་རིང་ཐེ་ཚོམ་གྱི་རྟོད་ཐག་བཅད་ནས་རྡུལ་ཤུགས་ལ་མཐར་འཛིན་དབེན་པའི་གནས་གལ་ན།
ཡུལ་སྐོར་ཐེངས་གཅིག་འགྲོ།
ཆང་ཕོར་གང་གི་རྒོད་སྣང་གིས་འཇིག་རྟེན་ལ་སྒོ་ཞིག་བརྒྱབ་ན།
ད་གཟོད་སྒྱུ་རྩལ་ལ་དགའ་བའི་སྡུག་བསྔལ་ནི་ཐལ་བ་འཕྱུར་བའི་རླུང་འཚུབ་ལྟར་མིན་པར་ཤེས་ལ།
མི་ཡུལ་ན་ཟས་རིན་ཙམ་ཡང་མེད་པའི་མི་རྣམས་ལ་ངལ་གསོ་ཐེངས་གཅིག་ཡོང་།
2021/2/24