ཤར་ཕྱོགས་ཁུག་རྟས།
མཚོ་གཏེར་ནི་ཀླུ་ལ་འབུལ་གྱི་ཡོད་པ་ལས་མཚོ་ལ་ཡིན་དོན་མ་མཐོང་། ཀླུ་ལ་ཕུལ་གྱི་ཡོད་ན། ཀླུ་དེ་གཟུགས་ཅན་ཞིག་ཡིན་ནམ་གཟུགས་མེད་ཅིག་ཡིན། གལ་སྲིད་གཟུགས་ཅན་ཞིག་ཡིན་ན། ང་ཚོའི་མཚོ་གཏེར་དེ་དག་འགྱིག་དང་ཤེལ་དམ། ལྕགས་རིགས་སྣ་ཚོགས་སུ་བཅུགས་ཏེ་ཕུལ་བ་ཡིན་སྟབས། ཀླུ་གཟུགས་ཅན་དག་གིས་བཞེས་ཐུབ་རྒྱུ་ལྟ་ཞོག ཡུད་ཙམ་ཞིག་ནས་མཚོ་འགྲམ་དུ་རླབས་ཀྱིས་དེད་ནས་གད་སྙིགས་ཀྱི་རི་བོར་གྱུར། མ་ཟད་འགྱིག་དམ་སོགས་ཆག་པས་མཚོའི་ནང་གི་སེམས་ཅན་གསོད་པ་སོགས་མཇུག་འབྲས་ངན་པ་སྣ་ཚོགས་པ་ཞིག་ཡོང་གི་ཡོད་པ་མིག་མཐོང་ལག་ཟིན་དུ་གྲུབ།
ད་འོ་ན་ཕུལ་ས་དེ་ཀླུ་གཟུགས་མེད་དག་ཡིན་ན། ང་ཚོས་མཚོ་གཏེར་ཕོན་ཆེ་ཕུལ་རྒྱུ་ལས་འབུལ་རྒྱུའི་གཏོང་སེམས་ཡང་དག་པ་ཞིག་བསྐྱེད་རྒྱུ་གཙོ་ཆེ་མོད། དེ་ཡང་ལས་སླ་བོ་ཞིག་མ་རེད། གཏོང་སེམས་དེའི་ནང་གཞན་ཕན་བསམས་པ་ཙམ་མིན་པར་དངོས་དོན་རང་དུའང་གཞན་ཕན་གྱི་རྒྱུ་ཞིག་ཆགས་དགོས་པ་རེད། འོན་ཀྱང་དེ་ལྟར་ཆགས་རྒྱུ་ཁག་པོ་རེད། ཅི་ལྟར་ཞེ་ན་མཚོ་གཏེར་ཕུལ་དོན་མཐར་གཏུགས་ན་མཚོའི་དོན་དུ་མིན་ཞིང་ཀླུའི་དོན་དུ་ག་ལ་འགྱུར། ཅི་ལྟར་འགྱུར། གཞན་ཡང་མཚོ་དེའི་བདག་པོ་མི་རིགས་གང་དེར་ཕན་པར་འགྱུར་བའང་མ་ཡིན་པས། ང་ཚོའི་ད་ལྟའི་མཚོ་གཏེར་འབུལ་སྲོལ་འདིར་ཞིབ་ཏུ་བསམས་ན་ཕན་ལས་གནོད་ཆེ་བ་ཞིག་མི་འདུག་གམ།
དེ་བཞིན་མཚོ་གཏེར་ཟེར་བ་འདི་རིགས་ནང་པའི་འདོན་ཆོག་ཁག་ཏུ་གསལ་བའི་ཀླུ་མཆོད་འབུལ་རིགས་དག་དང་འགལ་འདུག་སྙམ་ལ། ཕྱིས་སུ་བླ་མ་སུ་རུང་ཞིག་གིས་དེ་ལྟའི་ཆོ་ག་མཛད་ཡོད་པ་རེད་ཟེར་ན། དེ་ནི་འཕྲལ་གྱི་དགོས་མཁོ་ཙམ་ལས་སྣོད་བཅུད་ཡོངས་ལ་དགོངས་པ་བཞེས་ནས་མིན་པ། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་སྐྱེས་ཆེན་ཉི་ཟླ་ལྟ་བུ་དག་གིས་དེ་རིགས་གཙིག་ཆེར་མི་འཛིན་པ་དེས་ཤེས་ཐུབ། དེས་ན་དུས་ནམ་ཞིག་ནས་བོད་མི་ཚོས་རི་ལ་སྐྱེས་ལྷ་གཞི་བདག་དང་མཚོ་ལ་ཀླུ་རིགས་གནས་པར་ཡིད་ཆེས་བྱས་པ་དེའི་སྔོན་དུ། མཚོ་དེ་དང་དེའི་ཀླུ་རིགས་དྭངས་བའི་མཚོ་ལ་བརྟེན་ནས་འཚོ་བ་མ་གཏོགས། ང་ཚོ་བོད་མི་རིགས་ལྟར་ཀླུ་ལ་མཚོ་གཏེར་འབུལ་མཁན་བྱུང་མེད་པ་གསལ་བོ་རེད།
དེས་ན། མ་འོངས་པར་ང་ཚོ་བོད་ཀྱི་འཇིག་སླ་བའི་མཐོ་སྒང་གི་རང་བྱུང་ཁོར་ཡུག་སྤྱིའི་གནས་བབ་ལ་བསམ་བློ་བཏང་སྟེ། མཚོ་ཆེན་ཁྲི་ཤོག་རྒྱལ་མོ་སོགས་ལ་མཚོ་གཏེར་གྱི་ཚབ་ཏུ་འོ་མ་དང་ཆབ་གཙང་མ་ཉུང་ངུ་རེས་མཆོད་པ་ཡིན་ན་འཕྲལ་ཡུན་གང་དུའང་སྣོད་བཅུད་གཉིས་ལ་དགེ་མཚན་ཆེ་བར་མཐོང་།
སྦྱིར་བསམ་ཚུལ་ཡག་པོ་འདུགའོན་ཀྱང་།བེའུ་སོགས་ཀྱི་འོ་མ་འཕྲོག་ནས་ཀླུ་ལ་མཆོད་པ་སེམས་ཅན་གྱི་འོ་མའི་ཐོབ་བསྐལ་ལ་རྡོག་རོལ་བཏང་མ་རེད་དམ།
དགོངས་ཚུལ་ཤིན་ཏུ་ལེགས་སོ། དེང་དུས་དྲྭ་རྒྱའི་ནང་བོད་ཀྱི་མཚོ་ཞིག་མིན་འགྲོ་གོང་དུ་གསུངས་པ་ལྟར་མཚོ་སྟེང་རླུང་དར་དང་མཚོ་བུམ་ཆགས་རོའི་བག་གཙོག་མི་ཉུང་བ་ཞིག་རེད་འདུག་་་
ལྷ་སངས་དང་། གསེར་སྐྱེམས། ཀླུ་གཏོར་དང་བསུར་གཏོང་བ་འདི་དག མིག་གིས་མི་མཐོང་བའི་གནོད་བཅུད་གཉིས་ཀ་ལ། ཕན་ཐོགས་ཅན་གྱི་ལམ་ལུགས་ཤིག་རེད།
ཤར་ཁུག་ལགས་་ཀྱིས་་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་གསར་བསྒྲགས་སྐོར་བསམ་བློ་བཏང་དུས་ལྷ་ཀླུའི་སྐོར་རྩོམ་ཞིག་ཡོང་མི་སྲིད་པ་རེད། འོན་ཀྱང་སྡུག་ཨ་ཐང་ཆད་དུས་ངུ་རྒྱུ་མེད་ཟེར་བ་ཡིན་ནམ། དགོངས་དག་སྐུ་རྩེད་ཡིན། ལོ་ལྔ་ལ་སེམས་མནན་དང་། དེ་ནས་གཞན་གཅིག་རང་བཞིན་གྱིས་་་་་ཧ་ཧ་ཧ་