ཨོ་རྒྱན་ཉི་མ།
མཚོ་ངོགས་ཀྱི་དུང་ཟླ་ལ་ཕུལ་བའི་སྙན་དབྱངས།
་་་་་་་་་་་་་་་་་་ཨོ་རྒྱན་ཉི་མའི་འཁྲུལ་སྣང་།
སྲིད་འདིའི་མཛེས་སྡུག་ཆ་ཤས་ཀུན་སྤུངས་ཟླ་ཞུན་ས་ལ་འཕོས་པ་བཞིན།།
སྙན་ངག་མཁན་པོའི་གདུང་བ་བསལ་ཕྱིར་མཚོ་བྱུང་ལྷ་མོ་གཤེགས་པ་བཞིན།།
འཇིག་རྟེན་མཛེས་མའི་ཉམས་འགྱུར་ཁྲོད་དུ་མཛངས་མའི་ཁྱུ་མཆོག་འགྱིང་བ་བཞིན།།
འདུས་པ་སྟོང་གི་གཟི་བརྗིད་ནོན་པའི་སྙིང་གི་དུང་ཟླ་ཁྱེད་ལ་བསྟོད།།
ཁྱེད་ཀྱིས་སྒེགས་འགྲོས་ཉམས་བརྒྱ་གཡོ་དུས་རྨ་བྱ་ཚང་ནས་ལང་བ་བཞིན།།
སྙན་འཇེབས་སྟོང་གི་རྒྱུད་མང་འཁྲོལ་བ་དྲི་ཟའི་བུ་མོར་བརྫུས་པ་བཞིན།།
ཞལ་གྱི་འཛུམ་མདངས་ཚོགས་སུ་ངོམ་ཚེ་ཉི་ཟླ་གྲོགས་སུ་ཁུག་པ་བཞིན།།
འདོད་ལྡན་སྐྱེ་བོའི་གདོང་གི་མུན་སེལ་དུས་རྣམས་ཀུན་དུ་ཁྱེད་ལ་བསྟོད།།
དཀར་མཛེས་ཟླ་ཟེར་འབུམ་གྱི་ཡོལ་གོར་ཤར་རིའི་ཕྲག་ནས་དགོད་དང་མཚུངས།།
འཇིག་རྟེན་མུན་སེལ་ཉི་འོད་བྱེ་བས་ཁ་བའི་རི་ལ་འཁྱུད་པ་འདྲ།།
རེག་ན་འཇམ་པའི་ཀ་ཤི་ཀ་ཡིས་ཕྱོགས་རྣམས་ཀུན་ནས་དཀྲིས་པ་ལྟར།།
ས་གསུམ་སྐྱེ་དགུའི་མིག་གི་དཔྱིད་གཅིག་བདག་གི་སྐལ་བར་ཐོབ་འདི་མཚར།།
སྐུ་ཡི་ཉམས་འགྱུར་མཇལ་བ་ཙམ་གྱིས་མིག་ཤེས་དྲི་འཛིན་རྩེ་ནས་ཤོར། །
སྙན་འགྱུར་ངག་གི་རོལ་མོ་རེ་རེས་ཉན་ཤེས་རྣ་བའི་སྒོ་ལས་ལྷུང་།།
དགའ་བའི་འཛུམ་ཟེར་ཁོང་ནས་འཕྱུར་དུས་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོག།
བུ་ཆུང་ཞིག་གི་ལས་ཀྱི་སྦྲེལ་ཐག་མཛངས་མ་ཁྱེད་ལ་ཀུན་ནས་ཐོགས། །
ཕ་མཐའ་མི་མངོན་རྒྱ་མཚོའི་ངོགས་སུ་ཉིད་ཀྱི་ཕྱག་སོར་ལ་འཁྱུད་ཅིང་།།
བརྩེ་བའི་གཏམ་གྱིས་ཁོང་ནས་མྱོས་ཤིང་ལུས་སེམས་དགའ་བདེས་བཟི་བ་ཡི།།
དངོས་བྱུང་ཚོར་འདུ་སྦྲང་རྩིའི་རོ་བཞིན་ད་དུང་སེམས་ཀྱི་གཏིང་ལ་རུམ།།
ཡིད་ཀྱི་ཁྱེའུ་ཆུང་བཙོན་ལ་བཟུང་བའི་གཟུགས་ཀྱི་སྙེ་མ་ཁྱེད་མིན་སུ།།
མ་ལ་ཡ་ཡི་བསུང་ཞིམ་ཁུར་བའི་ལྷོ་ཡི་དྲི་བཞོན་གྱིས་བསྐུལ་བའི།།
དྭངས་བསིལ་རླབས་ཕྲན་དགུང་ལ་འཕྱོ་ཞིང་གཙང་ཆབ་སིལ་མས་བརླན་པ་ཡི།།
དཀར་འཇམ་ཡང་ལ་སྲབ་པའི་གོས་བཟང་ཉིད་ཀྱི་སྐུ་ལ་སིམ་དང་ལྷན།།
མཐོང་ན་དགའ་བའི་སྒེག་མོའི་སྐུ་ལུས་འདྲེན་བྱེད་དཔལ་དུ་ལྷམ་མེར་མངོན།།
མཛེས་པའི་བཞིན་རས་དཔལ་གྱི་འདབ་མར་མཁུར་ཚོས་མཚལ་གྱི་ཚོམས་བུས་མཛེས།།
མཛེས་ལྡན་དཀྱུས་རིང་ཨུཏ་པལ་བཞད་ལ་སྣོམ་བྱེད་དབང་པོའི་ཏོག་གིས་མཛེས།།
མཛེས་འཛུམ་ཞལ་རྒྱས་བྱུ་རུའི་མདངས་འཛིན་ཚེམས་ཐག་དུང་གི་ཕྲེང་བས་མཛེས།།
མཛེས་མ་ཁྱེད་ནི་ལྷ་ཡི་སྲས་མོ་མི་མོ་ཀུན་གྱི་ཡང་རྩེ་ཞིག།
མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་པའི་གནག་སྣུམ་ལན་བུས་སྐུ་རྒྱབ་ཁེབས།།
མགུལ་གྱི་འཁྲི་ཤིང་ཕྲ་ལ་ཡངས་པ་ཕྲག་གཉིས་མ་བཅུམ་ཞུམ་པ་མིན།།
ལག་ངར་གྲུ་དཔུང་དྲང་ལ་ལྡེམ་པའི་ལྕུག་ཕྲན་གསར་བའི་ལང་ཚོ་འཛིན།།
སྙིང་དུ་སྡུག་པའི་ན་ཆུང་མ་ཁྱེད་མཚོ་ལས་བྱུང་ངམ་མཁའ་ལས་འཁྲུངས།།
མཁྲང་ཟླུམ་གོར་བའི་མྱོས་བུམ་ལྡེམ་བཞིན་མདུན་གྱི་མཁའ་ལ་རྩེན་དང་ལྷན།།
ཕྲ་ལ་མཛེས་པའི་ཕྱག་སོར་དག་གིས་སྦས་པའི་བརྟུལ་ཞུགས་བཟུང་ན་ཡང་།།
ཁོང་ནས་རྒྱས་པའི་དགའ་བའི་བུ་ག་གསང་ཁེབས་ཕག་ནས་ལྷམ་མེར་མངོན།།
སྲིད་པའི་ཞིང་ན་སྲིད་ཀྱི་མཚོ་མོ་དེ་རིང་མཇལ་འདིས་དགའ་བས་མྱོས།།
རགས་པའི་སྐུ་སྐེད་གཞར་ཡང་མ་དམིགས་བཅུ་དྲུག་ལུས་ཕྲའི་ལང་ཚོ་ལ།།
མཁྲེགས་ཤིང་སྒོར་བའི་འཕོངས་ཚོས་འབུར་ཞིང་བརླ་རྩ་ཀུན་ནས་རྒྱས་ན་ཡང་།།
པུས་མོའི་ལྷ་ང་རེག་ན་འཇམ་པའི་བྱིན་པ་དྲང་ལ་དཀར་མདངས་འཚེར།།
མཛེས་མའི་ཡོན་ཏན་མ་ལུས་ཚང་བ་ཁྱེད་ནི་ཕོ་བརྒྱའི་ཚེ་སྲོག་ཅིག །
ཁྱེད་ཞབས་ཆུ་སྐྱེས་གསར་བའི་འདབ་མར་སྲེ་ལོང་ནག་ནོག་མ་གོས་ཤིང་།།
མཐིལ་གཉིས་ངོས་སྙོམས་གེ་སར་མདངས་འཛིན་བྱུར་དམར་སྣུམ་པོའི་ཁ་དོག་ཅན།།
སོར་མོ་ཐུ་བོའི་ཡལ་ག་མཐོ་ཞིང་གཞན་རྣམས་རིམ་པས་ལྟུང་བ་ཡི།།
ཕུལ་བྱུང་བགྲོད་བྱེད་མཉེན་ལྕུག་ལྡན་ལ་འདོད་ལྡན་བུང་བ་དགའ་ཞིང་བྲེལ།།
ཐང་མར་བརྡལ་བའི་སྐྱེ་བོ་འབུམ་གྱིས་དགའ་བའི་ཀུ་ཅོ་ཁྱེད་ལ་སྒྲོག།
སྙན་གྲགས་ཆེ་བའི་ཕོ་རྒོད་སྟོང་གིས་སྙིམ་པའི་མེ་ཏོག་ཡང་ཡང་འཐོར།།
སྲིད་ན་མཐོ་བའི་མོ་སྨན་ཀུན་གྱི་ཁེངས་པའི་དྲེགས་པ་ས་ལ་བསྙིལ།།
ཡིད་འཕྲོག་ལྷ་མོ་ཕེབས་པ་ཡིན་ནམ་རིགས་ཀྱི་མྱུ་གུ་ལུས་སམ་ཅི།།
བསྐལ་བ་བསྐལ་བར་བཟོད་པས་ཉེར་མཛེས་ཚུལ་ཁྲིམས་ཏིང་འཛིན་ཤིན་ཏུ་བརྟན།།
རྣམ་དཀར་དགེ་བའི་ཡོན་གྱིས་ཕྱུག་པའི་བསོད་ནམས་ཅན་གྱི་ན་ཆུང་མ།།
སྐྱེས་དང་སྐྱེ་བར་གྲོགས་སུ་ཁུགས་ཏེ་འཇིག་རྟེན་བདེ་དགའི་ལོངས་སྤྱོད་ལ།།
གཏན་པ་མེད་པའི་རོལ་བའི་འདུན་པ་མཚན་མོ་རྨི་ལམ་ན་ཡང་སྨོན།།།།
སྙན་ངག་རང་རེད་ ང་ཚོ་བོད་པ་ཚང་གི་སྙན་ངག་དེ་བུད་མེད་ལ་མ་རྟོགས་གཞན་འཇུག་སའི་ལམ་ཁ་མེད་པ་ཡིན་ནམ་ཡང་ན་བུད་མེད་ལ་དགའ་དྲག་པ་ཡིན་ནམ་།
ང་རང་གི་སྙན་ངག་ལ་རང་ཉིད་ཧ་ལས་སོང་་་ཧཧཧཧ
སྙན་མོ་འགི