ཉེ་བའི་ཆར་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་ངོགས་སུ་ལྟ་སྐོར་ཐེངས་གཅིག་འགྲོ་བའི་གོ་སྐབས་ཐོབ་ཅིང་། མཛེས་སྡུག་ཡིད་དུ་འོང་བའི་ཉ་རིགས་མང་བོ་ཞིག་གིས་འདྲེན་བྱེད་ཟུང་གི་ཉེའུ་ཆུང་གཉིས་ཡང་ཡང་བསླུས་ཤིང་དམ་དུ་བཟུང་ལ། ཁོ་ཚོའི་སྒེག་པའི་ཉམས་དང་མྱུར་ལ་རྐྱེན་པའི་འཁྱུག་འགྲོས་ཀྱིས་ཡིད་ཀྱི་བརྟན་པ་ཅིག་གྱུར་དུ་འཕྲོག དེ་རིང་སྐྱར་དུ་སྙིང་ལ་རྗེ་བའི་ཉ་རིགས་འདི་དག་གི་མི་འདྲ་བའི་ཉམས་དང་ཁྱད་ཆོས་ཡིད་ངོར་འཕོས་ཏེ་སེམས་ནས་བསྐྱུར་ཐབས་མི་འདུག་པས་འདིར་ཉ་རིགས་འགའ་ཤས་ཤིག་ངས་ཁོ་ཚོར་བཅངས་པའི་བརྩེ་བ་མཚོན་བྱེད་དུ་ངོ་སྤྲོད་བསྡུས་ཙམ་རེ་བྱེད་ན་འདོད་བྱུང་། བོད་མིའི་སྤྱི་ཚོགས་ནང་ཉ་འདི་རིགས་མཐོང་མཁན་ང་དང་པོ་དེ་མིན་ན་ཡང་། འདི་རིགས་བོད་ཡིག་ནང་བོད་མིར་ངོ་སྤྲོད་བྱེད་མཁན་གཅིག་བྱས་ན་ང་དང་པོ་ཡིན་ཡང་སྲིད། ད་འདི་ནས་མར་བོད་མིང་རེ་བཏགས་ཏེ་ངོ་སྤྲོད་ཞུ་གི་ཡིན།
ཉ་མཆོངས་རྒྱག(dolphin)
ཉ་མཆོངས་རྒྱག་ནི་རྒྱ་མཚོའི་ངོས་ནས་ཡར་མཁའ་ལ་མཆོངས་ཤར་ཡང་ཡང་རྒྱག་རྒྱུར་དགའ་ལ་ཁོ་ཚོའི་མཛེས་སྡུག་ལྡན་པའི་མཆོངས་ཉམས་ཀྱིས་འཇིག་རྟེན་འདིའི་སྐྱེ་བོ་སུ་ཞིག་གི་ཡི་ག་བཟུང་མ་མྱོང་། ཁོ་ཚོ་ཆུ་ངོས་ནས་ཡར་ཕི་ཊི་ ༢༠ མཆོངས་ཐུབ་པ་དང་། རྐྱལ་རྒྱབ་ནས་རྒྱུག་ཤར་གློད་ན་ཆུ་ཚོད་རེར་མལ་ལེ་ ༢༥ རྒྱུགས་ཐུབ་སྐད། དེ་ནི་འཛམ་གླིང་ཐོག་ཆུ་རྐྱལ་བ་མགྱོགས་ཤོས་ལས་ལྡབ་གསུམ་གྱིས་ལྷག་འདུག
ཉ་རྐང་མང་ལག་མང་། (octopus)
འདི་ནི་ཉ་རིགས་ཤིག་ཡིན་པ་དང་རྐང་རྐ་ལག་མང་པོ་ཡོད་པས་ཉ་རྐང་མང་ལག་མང་ཞེས་འབོད་འདོད་བྱུང་། ཉ་རྐང་མང་ལག་མང་ལ་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། ཁོ་དགའ་དང་མ་དགའ་བའི་སྐབས་དང་དགྲ་ལ་ཐུག་སྐབས་ཡིབ་པའི་ཆེད་དུ་མདོག་བསྒྱུར་ཐུབ་པ་དང་། རང་གི་གཟུགས་དབྱིབས་དང་ཆ་འདྲ་བའི་གཤེར་ཁུ་གྲིབ་མ་འདྲ་བ་ཞིག་ཤུལ་དུ་བཞག་ནས་མགྱོགས་པོར་ཉེན་གཡོལ་བྱེད་པ་རེད། དེ་བས་ཁོའི་དགྲ་བོ་གང་དེ་མིག་འཁྲུལ་ཏེ་ཁོས་ཤུལ་ཏུ་བསྐྱུར་བའི་གཟུགས་བརྙན་ལ་རྒོལ་བར་ནས་ཁོ་བྲོས་འགྲོ་གི་ཡོད་འདུག
ཉ་མེ་ཏོག་མ།(sea anemone)
ཉ་མེ་ཏོག་མ་ནི་ཁྱེད་རང་གིས་མཐོང་ན་ཆུ་ནང་སྐྱེས་པའི་འདབ་མ་མང་པོ་ཅན་གྱི་མེ་ཏོག་ཅིག་རེད་བསམས་པ་ལས་ཉ་ཞིག་ཡིན་པ་བློ་ཡིད་དུའང་འཆར་དཀའ། དོན་དངོས་སུ་འདི་ནི་ཉ་ཞིག་ཡིན་པ་མ་ཟད་ཉ་ཤ་ཟན་ཞིག་ཡིན་པ་རེད། ཉ་མེ་ཏོག་མ་འདི་རྟག་ཏུ་གནས་གཅིག་ཏུ་འགུལ་མེད་གཏན་འཇགས་སྡོད་པ་ལྟ་བུར་སྣང་ཡང་། མཚམས་རེར་མཚོ་སྡིག་རྺ་ཉའི་(hermit crabs)རྒལ་བར་ཁུར་ཏེ་གནས་སྤོར་གྱི་ཡོད། ཁོས་རང་གི་དུག་ཚེར་བསྣུན་ཏེ་ཉ་འབུ་སོགས་གསོད་ཅིང་བསད་པ་དང་འདབ་མའི་དཀྱིལ་གྱི་ཁ་ནང་དུ་བཅུག་ནས་ཟ་བར་བྱེད།
ཉ་དམར་དུང་འཕྲེང་མ།(clown fish)
ཉ་དམར་དུང་འཕྲེང་མ་ནི་ཉ་ཆུང་དམར་པོ་སྐེ་མཇུག་བར་གསུམ་དུ་ཚོན་མདོག་དཀར་པོ་དུང་འདྲ་བ་་སུམ་དཀྲིས་སུ་ཡོད་པ་ཞིག་རེད། དེ་ནི་ཉ་མེ་ཏོག་མ་དང་མཉམ་དུ་སྡོད་ཀྱི་ཡོད་པ་དང་། འདིས་ཉ་མེ་ཏོག་མར་ཁྲུས་རྒྱག་གི་ཡོད་པས་ཉ་མེ་ཏོག་མས་དུག་ཚེར་གྱི་གནོད་པ་མི་གཏོང་བའི་ཉ་གཅིག་རང་གཅིག་ཡོད་པ་དེ་ཡིན། ཁོ་གཉིས་ལས་ཀྱིས་བསྐོས་པའི་གྲོགས་པོ་ཡིན་འདུག ཚེ་སྔོན་མའི་ལས་ཅི་འདྲ་ཞིག་གི་བསྐོས་ཐང་ཡིན་པ་སུ་ཡིས་ཤེས། གཅིག་བྱས་ན། ང་ཚོའི་སྤྲུལ་སྨྱོན་དེ་ཚོའི་གཅིག་གིས་ཤེས་མི་ཡོང་ངམ།
མཚོ་སྡིག་རྺ་ཉའི་(hermit crabs)
མཚོ་སྡིག་རྺ་ཉ་ནི་སྐམ་ཐོག་གི་སྡིག་པ་རྺ་ཉ་དང་ཆ་འདྲ་སེ་བ་ཞིག་ཡིན་ཞིང་། དེ་ནི་ཉ་ལྕིབས་སོགས་སྲོག་ཆགས་གཞན་གྱི་ཤུན་སྐོགས་ནང་སྡོད་ཀྱི་ཡོད་པ་དང་། གནས་སྤོར་སྐབས་ཤུན་སྐོགས་རྒལ་བར་ཁུར་ནས་འགྲོ། དེ་ཆེན་པོ་ཆགས་ནས་ཤུན་སྐོགས་སྔོན་མའི་ནང་མི་ཤོང་སྐབས་གནས་སྡོད་བྱེད་སའི་ཤུན་སྐོགས་གཞན་ཞིག་འཚོལ། ཤུན་སྐོགས་གསར་པ་དེའི་ནང་མ་ཞུགས་སྔོན་དེ་སྟོང་པ་དང་གཙང་མ་ཡིན་མིན་ཡག་པོ་བརྟག་ནས་གནས་ཚུལ་གསལ་པོར་ཤེས་པ་དང་ལམ་སང་གནས་ཁང་རྙིང་པ་དོར་ཏེ་གསར་པའི་ནང་གཞི་འཛིན་པར་བྱེད། གཟུགས་པོ་ཚང་མ་སྐམ་པ་དང་སྡེར་མོ་འདྲ་བའི་རྐང་ལག་མང་པོ་ཅན་གྱི་སྲིན་པུ་ཆུང་ཆུང་འདིའི་བརྟག་ཅིང་དཔྱད་ནས་མ་གཏོགས་ལས་ལ་མི་འཇུག་པའི་ངང་ཚུལ་འདིས་ང་ཚོ་མ་དཔྱད་མ་བརྟག་པར་བབ་ཅོལ་སྠ་མཁན་གྱི་མཁས་མིང་འཛིན་པ་ཚོར་ཅོ་ཞིག་དྲིས་པ་མ་ཡིན་ནམ།
ཉ་འདག་གམ་ཉ་མགོ་ཐི།(box jellyfish)
ཉ་འདག་འདི་ཉ་ཞིག་རེད་ཟེར་བ་ལས་འདི་སྲོག་ཆགས་རྒྱུས་མེད་ཅིག་གི་མགོ་ཐི་རེད་ཅེས་བཤད་ན་ཕལ་ཆེར་ཡིད་ཆེས་མདོག་ཁ་བོ་རེད། འདི་ནི་རྒྱ་མཚོའི་ནང་གི་སྲོག་ཆགས་ཀུན་ལས་དུག་ནུས་ཆེ་ཤོས་དེ་རེད་ཟེར། འདིས་སུ་ཞིག་ལ་དུག་མདུང་བསྣུན་པ་ཡིན་ན་སྲོག་འཚོ་བའི་རེ་བ་མེད་པ་རེད། འདིས་ཁ་ཟས་ནི་ཉ་དང་མཚོ་སྡིག་རྺ་ཉ་ཡིན་པ་རེད། གལ་སྲིད་ཉིན་གཅིག་ཁྱེད་རང་གིས་འདི་མཐོང་བའི་གོ་སྐབས་རག་པ་ཡིན་ན་ལྐུགས་རྟགས་བསྟན་ནས་ལག་པ་མ་འཆང་མ་གཏོགས་ཕྱི་མ་མ་གཏོགས་འགྲོ་ས་ཡོད་པ་མ་རེད། ཡིན་ན་ཡང་། རྒྱ་མཚོའི་ནང་གི་རུས་སྦལ་ལ་འདིའི་དུག་འགྲོ་གི་མེད་པ་མ་ཟད་རུས་སྤལ་གྱིས་འདི་ཟ་གི་ཡོད་འདུག
མཚོ་རྟ།(sea horese)
མཚོ་རྟ་ནི་ཉ་འདྲ་བོ་ཞིག་མིན་ན་ཡང་འདི་ཉ་ཞིག་རེད། འདི་ལ་མིང་ལན་པོ་ཞིག་འདོགས་རྒྱུ་མི་རྙེད་པས་དབྱིན་སྐད་ཇི་བཞིན་མཚོ་རྟ་ཞེས་བསྒྱུར་བ་ཡིན། འདིས་ཀྱང་རང་ཉིད་སྲུང་བའི་ཆེད་སྐར་ཆ་རེ་ཟུང་ནང་མདོག་བསྒྱུར་ཐུབ་པ་དེར་ཡ་མཚན་རྒྱ་ཅང་མི་འདུག ཡ་མཚན་པ་ནི་ཕོས་མངལ་འཛིན་གྱི་ཡོད་པ་དེ་རེད། མཚོ་རྟ་ཕོ་མོ་གཉིས་འཇིག་རྟེན་ལུགས་ཀྱི་དགའ་མགུར་སྤྱད་པ་དང་མོས་ཕོ་ཡི་གྲོད་ཁོག་གི་ཁུག་མར་་སྒོ་ང་གཏོང་ཞིང་། ཕོས་དེ་་ཕྲུ་གུ་སྐྱེ་སྐྱེ་བརཉར་སྡོད་པ་རེད། སྙིང་རྗེ། ང་ཚོའི་ཨ་མ་ལས་ངན་མ་དེ་ཚོར་ཁྱོ་ག་འདི་འདྲ་བ་རེ་རག་ན་ཅི་མ་རུང་།
ཉ་སྤྲུལ་བསྒྱུར།(puffer fish)
ཉ་སྤྲུལ་བསྒྱུར་ནི་ཉ་མོ་དམར་ཁྲ་ཞིག་ཡིན། ཉ་མོ་འདིའི་སྐྱི་པགས་ཀྱི་ནང་དུ་གྲུབ་ཆ་རྣོན་པོ་མང་པོ་ཡོད་པ་དང་། དགྲ་ལ་ཐུག་པའི་སྐབས་གཟུགས་པོ་དཔག་ནས་ལྒང་བུག་ནང་བཞིན་འགྱུར་ཞིང་། སྐྱི་པགས་ནང་ངོས་ཀྱི་གྲུབ་ཆ་རྣོན་པོ་དེ་ཕྱི་རུ་གཟེངས་ཤིང་དེ་ལུས་པོ་ཡོངས་ལ་ཁྱབ་ཡོད་པས་དགྲ་ཧམ་ཆེན་ཡིན་ཡང་རང་སར་ལུས་འགྲོ་བ་ཞིག་ཡོད། འདིའི་ངང་ཚུལ་འདི་ནིདངོས་གནས་སྤྲུལ་བསྒྱུར་བྱས་པ་ལྟ་བུ་ཞིག་ལས་མ་འདས།
སྐར་ཉའམ་མཚོ་སྐར།( sea star)
སྐར་ཉའམ་མཚོ་སྐར་ནི་གཟུགས་དབྱིབས་ཆེ་ཆུང་དང་སེམས་ལྡན་ཞིག་ཡིན་མིན་ཙམ་ལས་སྐར་མ་ཟུར་ལྔ་ཞིག་དང་ཁྱད་པར་འབྱེད་ཆོས་གཞན་རྙེད་རེ་སྐན། དེ་ནི་ཉ་མ་རེད་ཟེར། རྒྱུ་མཚན་ནི་དེ་ལ་སྒལ་ཚིགས་དང་རུས་ཀྲང་ཡོད་མ་རེད་ཟེར། ངས་དེས་ན་ཉ་རྐང་མང་ལག་མང་ལ་ཡང་སྒལ་ཚིགས་དང་རུས་ཀྲང་མེད་པ་མ་རེད་དམ་ཞེས་དྲིས་པ་ཡིན། ངེད་ཚོའི་སྣེ་ཤན་པ་དེས་ཧེ་ཧེ་ཟེར་ནས་དགོད་པ་ལས་ལན་འདེབས་རྒྱུ་མི་འདུག མཚོ་སྐར་གྱི་ཟུར་གཅིག་བཅད་པ་ཡིན་ན་ཡང་སྐྱར་དུ་སྐྱེས་ཡོང་གི་ཡོད་འདུག མཚོ་སྐར་གྱིས་ཟས་ཟ་ན་ཕྱི་ནང་སློག་ནས་ཟས་ཟ་གི་ཡོད་འདུག
ཉ་ཁ་གདངས། (whale shark)
ཉ་ཁ་གདངས་ནི་འཛམ་གླིང་གི་ཐོག་ཆེས་ཆེ་ཤོས་ཀྱི་ཉ་ཡིན་འདུག དེས་རྟག་པར་ཁ་བྲག་ཕུག་འདྲ་བོ་དེ་གདངས་ནས་ཡང་ཤུད་སེ་བཞུད་སྐབས་ཉ་ཆུང་རིགས་ཁ་ནང་ལ་རང་ཤུགས་ཀྱིས་ཡོང་གི་ཡོད་འདུག
ཉ་ལག་པ་ཅན། (manatees)
ཉ་ལག་པ་ཅན་ནི་ཉ་བཟང་སྤྱོད་དང་ལྡན་པའི་སེམས་ཅན་དལ་མོ་ཞིག་རེད། དེ་ནི་རང་གི་ལག་པ་གཉིས་སམ་དཔུང་གཤོག་ལ་བརྟེན་ནས་ཆུ་སྲབ་སར་འགྲོ་བ་དང་་ཁ་ལག་ཀྱང་ལག་པ་གཉིས་ཀྱིས་ཁ་ནང་ལ་འཇོག་གི་ཡོད་འདུག ཉ་ལག་་པ་ཅན་གྱི་སྐམ་སའི་ཉེ་བོ་ཡོད་ན་མེད་ན་དེ་གླང་ཆེན་རེད་འདུག
ད་འདི་ཙམ་གྱིས་ཆོག་པ་བྱེད། ང་ཡང་གཉིད་རན། ཁྱེད་ཚོ་ཡང་ཡིད་སུན་སྲིད། འདི་ནི་མཚོ་གནས་སེམས་ཆན་ལ་ཆ་རྒྱུས་ཆུང་བའི་རང་རིགས་རྣམས་ལ་ཉ་རིགས་འགའ་རེ་ངོ་སྤྲོད་ཙམ་བྱེད་པའི་ཆེད་དང་། ཐ་སྙད་གསར་བ་འགའ་རེ་སྣོན་པ་རྒྱག་པའི་ཆེད། ཡང་རང་ཉིད་ལ་བཤད་རྒྱུས་ཕོངས་ཏེ་བཤད་མཁན་དང་རྩོམ་མཁན་རེ་བྱུང་ན་་ཚིག་མཚོན་བཏབ་སྡོད་མཁན་ཚོར་ཉི་མ་གཏོང་ས་དང་ཁ་གཏོང་ས་རེ་རྙེད་པའི་ཆེད་དུ་ཁ་དང་ལག་པ་གཉིས་སྡོད་མ་ཚུགས་པར་ཤོར། ཨོ། ཁ་བརྡ་དྲ་ཁང་གིས་ང་ལ་ས་མིག་ཅིག་སྤྲད་པ་འདི་སྟོང་བར་མ་ལུས་པའི་ཆེད་དུའང་ལོས་ཀྱང་ཡིན། ངས་འདིར་པར་བཀོད་ཐུབ་མ་སོང་། དགེ་འདུན་རབ་གསལ་ལགས་ཀྱིས་འདིར་པར་རེ་བཙལ་ནས་བཀོད་ཐུབ་ན་ཀློག་མཁན་རྒྱུས་མེད་རྣམས་ལ་ཕན་ཐོགས་རྒྱུ་ཡིན་པས་དགོངས་འཇགས་ཞུ།
ཧ་ཧ། ཐུགས་རྗེ་ཆེ། ཁྱེད་ཀྱིས་ཉ་དེ་ཚོ་ལ་འགྲེལ་བཤད་ཡག་པོ་ཞེ་དྲག་བརྒྱབ་འདུག ངས་ཁྱེད་ཀྱིས་དབྱིན་ཡིག་གིས་ཉ་དེ་ཚོའི་མིང་བྲིས་ཡོད་པ་རྣམས་རེ་རེ་བཞིན་པར་སློག་བརྒྱབ་ནས་googleནང་དུ་ཁྱེར་ཏེ་Images ཀྱི་ནང་ནས་བཙལ་བ་ཡིན། ཉ་རེ་རེ་ལ་པར་མི་འདྲ་བ་བརྒྱ་སྟོང་མང་པོ་འདུག དངོས་གནས་ཡ་མཚན་ནི་རེད། ཁྱེད་ཀྱིས་གསུངས་པ་བཞིན་ཉ་མེ་ཏོག་མ་དང་ཉ་དམར་དུང་ཕྲེང་མ་གཉིས་ག་དུས་ཡིན་ཡང་མཉམ་དུ་ཡོད་པ་འདྲ་བོ་ཞིག་འདུག་པ་དེ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན་པར་མ་ཟད་ངོ་མ་ཤ་ཚ་བོ་ཞེ་དྲག་འདུག ད་དུང་ཉ་སྤྲུལ་བསྒྱུར་མ་ཟེར་བ་དེ་ཡང་ཡ་མཚན་ཤིན་ཏུ་ཆེ། ལོ་བཅུ་ཁ་ཞིག་གི་སྔོན་ཟི་ལིང་མགྲོན་ཁང་ཞིག་ཏུ་གློག་བརྙན་ནང་ནས་རྒྱ་མཚོའི་སེམས་ཅན་དམིགས་བསལ་ཞིག་མཐོང་སོང་། སེམས་ཅན་དེ་ཕྲུ་གུ་སྐྱེ་བའི་སྐབས་སུ་ཕྲུ་གུ་རྣམས་ཚན་པ་ཚན་པ་བྱས་ནས་སྐྱེ་ཞིང་། དེ་ཡང་མིའི་ཁ་ནང་ནས་ཆུ་གཏོར་བ་བཞིན་མཆོད་ཁ་འདྲ་རེ་འཕང་ནས་སྐྱེ་བ་དང་། མཆོད་ཁ་རེ་རེ་འཕངས་དུས་ཕྲུ་གུ་ཆུང་ཆུང་གྲངས་ཀྱིས་མི་ལོངས་པ་རེ་སྐྱེ་གི་ཡོད་པས། མཐར་ཁ་བ་བུ་ཡུག་འཚུབ་པ་དང་མཚུངས་པའི་ཕྲུ་གུ་མང་པོ་དེས་ཁོ་རང་གི་ཉེ་འཁོར་གྱི་ཆུའི་ཁ་དོག་བསྒྱུར་ཐུབ་པར་འདུག དེས་ན་ཡ་མཚན་ཅན་གྱི་ལྟད་མོ་འདི་ངའི་སེམས་ནས་བརྗེད་རྒྱུ་མེད་པ་ཅིག་བྱུང་སོང་མོད། དེ་རིང་བལྟས་དུས་སེམས་ཅན་དེ་ནི་ཁྱེད་ཀྱིས་བྲིས་པའི་མཚོ་རྟ་ཟེར་བ་དེ་རེད་འདུག འདི་ཚོ་ལ་ལྟད་མོ་བལྟས་ནས་ཆུ་ཚོད་ཁ་ཤས་འགོར་ཟིན་པ་ཡང་ཚོར་མི་འདུག དངོས་གནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ངས་ཉ་དེ་ཚོའི་པར་ཡག་ཤོས་ཁ་ཤས་རེ་དང་མཉམ་དུ་ཁྱེད་ཀྱི་འགྲེལ་བཤད་རེ་བཅུག་སྟེ་རྩ་ཆེན་བྱས་ནས་ཉར་ཡོད། འདི་ཚོ་འབྲོག་ནས་ས་མཐའ་ལ་བུད་པའི་ཁེ་བཟང་ཡག་ཤོས་ཀྱི་གྲས་ཤིག་རེད།
དྲ་ཁང་འདིའི་ནང་དུ་མི་ཐ་ཤལ་བ་འགའ་ཞིག་གིས་མིང་རྫུན་མ་བཅུ་ཁ་རེ་བཟོས་ནས། ནམ་ཡིན་རུང་སྐབས་སུ་བབས་པའི་བརྗོད་བྱའི་དོན་བསྒྱུར་ཏེ་སྐྱོན་བརྗོད་དང་མཚངས་སྔོག་གི་ནང་དུ་བཙན་གྱིས་ཁྲིད་པ་དང་། སྐབས་རེ་རྒྱ་མི་དང་དོལ་ཚོགས་ཀྱིས་ཀྱང་མི་བྱེད་པ་སྟེ། དཔེར་ན་ཆོས་ལུགས་ཀྱི་ཕྱོགས་ཞེན་ཁོ་ནའི་དབང་གིས་གྲུབ་དབང་རིན་པོ་ཆེ་སྐུ་གཤེགས་དུས་སྙིང་ཚིམ་ཚོད་མེད་བྱས་པ་ལྟ་བུ། རང་གཞུང་ལ་གཞི་མེད་ཀྱི་སྐུར་འདེབས་དང་། སྙན་གྲགས་ཅན་གྱི་མི་སྒེར་བ་རྣམས་ལ་ཕྲག་དོག་འབའ་ཞིག་གིས་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་རྒྱུ་མང་དྲག་པ་སོགས་ཀྱིས་ཧ་ཅང་སུན་པོ་བྱུང་སྟབས། ཕྱིན་ཆད་དྲ་ཐོག་འདིར་གཏན་ནས་མི་ཡོང་བསམ་པ་ཡིན་མོད། དེ་རིང་ལག་པ་འཛིན་མ་ཐུབ་པར་སྒོ་གཅིག་ཕྱེས་དུས་དོ་སྣང་བྱེད་མ་མྱོང་ས་ཞིག་གི་ཐོག་ནས་བློ་སྐྱེད་གསར་བ་ཡག་པོ་ཞིག་རྙེད་པས་ཡང་བསྐྱར་ཐེངས་གཅིག་མི་ཡོང་ཀ་མེད་བྱུང་སོང་།
དངོས་ནས་ཡག་པོ་བྲིས་འདུག ང་རང་ཡང་མཚོ་ངོགས་དུ་ལྟ་སྐོར་ལ་ཐེངས་གཉིས་ཙམ་ཞིག་བསྐྱོད་མྱོང་ཡོད་ལ་ཉ་དེ་དག་ང་རང་གིས་མིག་གི་ལོང་སྤྱོད་དུ་དངོས་སུ་གྱུར་དུས་བོད་ལ་ཉ་དེ་དག་གི་མིང་ཞིག་ཡོད་དམ་སྙམ་པ་ལས་རང་ཉིད་ལ་དབྱིན་ཡིག་གི་ཆུ་ཚད་མི་བཟང་བས་སྒྱུར་རྒྱུའི་སྙིང་སྟོབས་གང་ཡང་མ་བྱུང་། དེ་རིང་ཉིད་ཀྱིས་འགྲེལ་བཤད་དང་བཅས་དེ་འདི་རུ་བཀོད་པ་འདིས་དྲ་གྲོགས་མང་བོ་ཞིག་ལ་ཏན་ཏན་ཕན་ངེས་རེད། རྗེས་ཕྱོགས་ཀྱང་འདི་འདྲའི་རིགས་ལ་འབད་བརྩོན་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་ལ་རྗེས་སུ་ཡི་རུང་ཡོད།
ཉ་རིགས་ཀྱི་ཐད་ང་ལའང་ཉམས་མྱོང་ཞིག་ཡོད། ལོ་ངོ་བཞིའི་གོང་ལ་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧེ་མིང་ཝེ་ཞེས་པས་བརྩམས་པའི་ “རྒད་པོ་དང་རྒྱ་མཚོ་”ཞེས་པའི་སྒྲུང་དེབ་དེ་ངས་བོད་ཡིག་ཏུ་བསྒྱུར་བ་ཡིན། དེ་དུས་ང་ལ་ཉའི་མིང་དང་། གྲུའི་ཡོ་བྱད། ཉ་འཛིན་གྱི་ལག་ཆས་མཚོན་པས་མིང་ཚིག་ཐད་དཀའ་ངལ་མང་པོ་འཕྲད། ངས་ཉ་རིགས་དེ་ཚོ་ལ། ཉ་ཌོལ་ཕིན་དང་ཉ་མཱར་ལིན་ཟེར་བ་སོགས་དབྱིན་སྐད་ཀྱི་སྒྲ་དོད་རང་འཇགས་བཞག་པ་ཡིན། ང་ཚོ་བོད་རིགས་འདི་རྒྱ་མཚོ་ལས་ཐག་རིང་བ་དང་། ཉའི་རིགས་ལ་ཆ་རྒྱུས་མེད་སྟབས་མིང་ཚིག་གསར་པ་དེ་ཚོ་ཕན་གནོད་གང་ཡོང་ཆ་མི་འཚལ་མོད། མདའ་ཚན་པས་བཏགས་པའི་མིང་དང་དེའི་འགྲེལ་བཤད་དེ་ཚོ་ནི་ཧ་ཅང་བློ་ལ་འཇུག་བདེ་པོ་ཞིག་འདུག པར་རིས་འགོད་ཐུབ་མ་སོང་མོད། ང་ཚོའི་ཉའི་ཞིབ་འཇུག་འདི་གཏིང་ཟབ་ཏུ་སོང་རིམ་གྱིས་ག་ལེར་པར་རེ་རེ་དང་བཅས་འགོད་ཆོག “ཉ་རྐང་མང་ལག་མང་། (octopus)” ཉ་རྐང་བརྒྱད་མ་ཟེར་བ་ལྟ་བུའི་ཨང་གྲངས་ཤིག་བསྣན་ན་ཡང་ཡག་སེ་འདུག་ག
ཡང་ང་ཚོའི་བསྟན་བཅོས་སྔོན་མ་དག་ལ་ཞིབ་འཇུག་བྱས་ན་ཡང་འགའ་རེ་རྙེད་དུ་ཡོད་སྲིད་དེ། དཔེར་ན། མར་པའི་མགུར་ཞིག་ཏུ།
སྦྲུལ་སྦྲམ་ཆེན་གྱི་ཁ་རླངས་མཐོང་བའི་ཚེ།།
ཡིད་བརྟན་པར་ཕྱིན་ཡང་གོམ་ཚུགས་འཁྱོར།། ཞེས་པའི་སྦྲུལ་སྦྲམ་ཆེན་དང་།
མི་ལའི་མགུར་དུ།
ང་ནི་ཉ་ཆེན་ཡོར་མོའི་བུ།།
ཨ་མའི་མངལ་ནས་གསེར་མིག་འཁྱིལ།། ཞེས་པ་ལྟ་བུའི་ཉ་ཆེན་ཡོར་མོ་ལྟ་བུ་རེད།
ཉ་མཚོ་རྟ་སྔོན་མ་ཞིག་ནས་ཤེས། བོད་ནང་ནས་དེའི་སྐོར་ཏོག་ཙམ་རེ་ཀློག་མྱོང་། མཚོ་རྟ་ཞེས་པའི་ཚིག་རང་མཐོང་མྱོང་། དེ་མིན་གཞན་དག་ནི་མིང་གསར་རེད། གང་ལྟར་དགེ་ཆོས་བཞིན་ས་འབུ་ཐག་ནར་ཡན་ཆད་ཀྱི་སྟེང་ན་རིག་པ་ཞེས་པའི་ཤེས་རྒྱུ་ཞིག་ཡོད་པ་དེ་མང་མང་ལ་མཚམས་སྦྱོར་བྱེད་རྒྱུ་འདི་ཧ་ཅང་གལ་ཆེ། ངོ་མ་དགའ་བ་ཞིག་རེད། རང་རེའི་ནང་བའི་གཞུང་ལུགས་ལས་འཇིག་རྟེན་གྱི་ལྟད་མོ་ངོ་མཚར་ཆེ་བ་གསུམ་ནི། གཅིག སངས་རྒྱས་ཀྱི་རྫུ་འཕྲུལ། གཉིས། རི་རབ་ཀྱི་ཁོང་གསེང་། གསུམ། རྒྱ་མཚོའི་ནང་། དང་པོ་གཉིས་ལས་དབང་གིས་དེ་ཙམ་མཐོང་དཀའ། གསུམ་པ་འདི་ནི་དེང་དུས་ཚན་རིག་གི་འཕྲུལ་ཆས་ཀྱི་འདོད་པ་ཚིམ་པ་ཞིག་ལྟ་ཐུབ། ངས་ཀྱང་ནམ་རྒྱུན་མཚོ་ནང་གི་ཉ་རིགས་དང་ནགས་ཀློང་གི་སེམས་ཅན་འདྲ་མིན་གྱི་འཚོ་བ་སྐྱེལ་སྟངས་ལ་ཧུར་ཐག་གིས་ལྟ་གང་ཐུབ་བྱེད་བཞིན་ཡོད། ཉི་མ་འགའི་སྔོན་ལ་བརྙན་འཕྲིན་ལས། གོང་གི་ཉ་དམར་དུང་ཕྲེང་མ་ཟེར་བ་དེས་ཉ་མེ་ཏོག་མའི་རྐང་ལག་གི་གསེབ་ཏུ་འཛུལ་ནས་འཁྱུག་འགྲོས་བྱེད་པ་ངོ་མ་མཐོང་སོང་།
འཕྲུལ་ཆས་ཀྱི། འཕྲུལ་ཆས་ཀྱིས།
པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་འདོན་སྤེལ་བྱེད་བཞིན་པའི་དུས་དེབ་ཆུང་ཆུང་ཤེས་བྱའི་ཟེགས་མ་ཞེས་པ་དེ་ཚོའི་ངོས་སུ་འདིའི་རིགས་མཚམས་སྦྱོར་གང་འཚམ་བྱས་དང་བྱེད་བཞིན་འདུག་པས། ང་ནི་ལོ་ངོ་ཉི་ཤུའི་སྔོན་ཞིག་ནས་སྲོག་ཆགས་རིག་པ་བ་ཞིག་ཏུ་འཚར་ལོངས་བྱུང་ན་འདོད་པའི་རྨི་ལམ་ཞིག་ད་དུང་ལྷག་མར་ལུས་ཡོད།
སྒལ་བ་དང་ཅིག་ཅར་སོགས་ཡིག་ནོར་ཁ་ཤས་བྱུང་ཡོད་པ་འདྲ་བས་དགོངས་འགལ་མེད་པ་ཞུ། ར་ལ་ཝ་ཟུར་འདོགས་སྟངས་ཅི་འདྲ་ཡིན་ནམ། དེ་ནས་ཨོམ་དང་ཧྰུམ་སོགས་འབྲི་ན་ཀླད་ཀོར་ཅི་ལྟར་འབྲི་དགོས་པར་དྲ་གྲོགས་སེམས་བཟང་ཞིག་ནས་ལམ་སྟོན་ཅིག་གནང་ད།
འགྱུར་གྱི་སྐོར་བསམ་འཆར་ཡོད་ན་ཤོད་རྐྱང་གྱིས། དགེ་འདུན་རབ་གསལ་ལྟར་ཉ་རྐང་བརྒྱད་ཅེས་བཏགས་ན་ཡང་ལན་པོ་མི་འདུག་རྒྱུ་མེད་པ་འདྲ། ངས་རྐང་པ་ག་ཚོད་ཡོད་མེད་གྲངས་ཀ་རྒྱབ་མེད། ཁྱེད་རང་ཚན་རིག་པ་ཚོ་ལྟར་ཞིབ་ཚགས་པོ་རེད་འདུག ང་འབྲོག་པ་གྲོང་ཁྱེར་ལ་འགྲོ་འགྲོ་བྱས་ནས་གང་ཆེ་ཆེ་དང་གང་རགས་རགས་མ་གཏོགས་མཐོང་གི་ཡོད་པ་མ་རེད།
ངས་ཉ་རིགས་འདི་དག་ལ་བོད་མིང་འདོགས་སྐབས་བོད་ཀྱི་ཞིང་འབྲོག་མི་མང་ཕལ་བ་ཚོས་དངོས་པོ་གསར་བའི་རིགས་ལ་མིང་འདོགས་སྟངས་ལ་བསམ་ཞིབ་བྱེད་ཁུལ་བྱས་པའི་བཟོ་ཡིན། ག་རེ་རེད་ཟེར་ན། མཁས་པ་ཚོས་ཐ་སྙད་འདོགས་སྟངས་དེ་ཚོ་བོད་སྐད་གདངས་མ་ཞིག་འདྲ་བོ་མི་འདུག མི་མང་སྤྱི་བྱིངས་ནས་བཏགས་པའི་མིང་དེ་ཚོ་དངོས་གནས་བོད་སྐད་འདྲ་བོ་འདུག
གཞན་གཞུང་ལུགས་ཤིག་བསྒྱུར་དགོས་པ་བྱུང་བ་ཡིན་ན་མཁས་པ་ཚོའི་ཕྲག་སྟེང་ལས་འབབ་ས་ཡོད་པ་མ་རེད། དེའི་སྐོར་མཁས་པ་ཚོ་མཁས་ཤོས་རེད། མི་མང་སྤྱི་བྱིངས་རྣམས་དེའི་ཐོག་ཁ་ཏ་མདའ་དང་བོང་ལི་དར་ཐོག་ཡིན་རྒྱུ་རེད།
སྔོན་ང་ཕ་ཡུལ་ལ་ཕྱིན་སྐབས་དམངས་ཁྲོད་ནས་ཐ་སྙད་གསར་པ་གཉིས་རག་བྱུང་། ད་ལྟ་འབྲོག་པ་ཚོས་condom ཤེས་ཀྱི་ཡོད་པ་མ་ཟད་དེ་ལ་ཆུ་ལ་ཟེར་ནས་མིང་ཞིག་ཀྱང་བཏགས་འདུག གཞན་པ་དེ་ནི་འབྲོག་ས་གང་སར་ལམ་བཟོ་བ་དང་ས་རྐོ་སྔོག་བྱེད་པའི་འཕྲུལ་འཁོར་ཆེན་པོ་དེ་གང་སར་ཡོད་པ་དང་། དེ་ལ་འབྲོག་པ་ཚོས་འདྲེ་ལག་རིང་ཟེར་གྱི་འདུག དེ་ལན་པོ་ཡོད་མེད་བཤད་ན་སུ་ལ་ཡང་བཤད་རྒྱུ་ཡོད་ངེས་རེད་དེ་ངས་ནམ་རྒྱུན་དམངས་ཁྲོད་ནས་བྱུང་བའི་ཐ་སྙད་དེ་ཚོར་རྩ་ཆེན་པོ་རྩི་གི་ཡོད།
ཨོྃ། ནི་དང་པོ་ཨོ་གཏགས། དེ་ནས་ཡང་སྐྱར་mགཅིག་མནན་རྗེས་ཨང་ཀི་བཞི་པ་དེ་གཅིག་ནོན་དང་དེ་ཙམ་སྙིང་རྗེ་བོ་མེད་པའི་ཨོྃ་ཞིག་འབབ། ཧྰུྃ་ཡང་དང་པོར་ཧྰུ་ཞིག་བྲིས་རྗེས་ཡང་སྐྱར་mགནོན་ཐེངས་གཅིག་གི་རྗེས་སུ་སྔར་བཞིན་ཨང་ཀི་བཞི་བ་དེ་གཅིག་ནོན་དང་ཧྰུྃ་ཡིག་སྙིང་རྗེ་བོ་ཞིག་འབབ་ཀི་རེད།
ཨོྃ་མ་ཎི་པད་མེ་ཧྰུྃ། ཨོྃ་མ་ཎི་པད་མེ་ཧྰུྃ། ཨོྃ་མ་ཎི་པད་མེ་ཧྰུྃ། སྤྲུལ་སྐུ་ཀླུ་སྨྱོན་ལ་བཀའ་དྲིན་ཞུ་བའི་སླད་དུ་ ཨོྃ་མ་ཎི་པད་མེ་ཧྰུྃ། ཨོྃ་མ་ཎི་པད་མེ་ཧྰུྃ། ཨོྃ་མ་ཎི་པད་མེ་ཧྰུྃ། ཐུགས་རྗེ་ཆེ།
འདོད་ལྷའི་བུས་སྲོག་ཆགས་སྐོར་གྱི་གློག་བརྙན་ལ་བལྟས་ནས་ཡ་མཚན་འགའ་མཐོང་ཚུལ་བཀོད་འདུག་པ་དེས་ང་ལ་དྲན་གསོ་ཞིག་བྱས་སོང་། ངས་དེ་སྔོན་སྲོག་ཆགས་སྐོར་གྱི་གློག་བརྙན་ཚན་པ་འགར་བལྟས་པ་ཡིན། དེ་དག་གི་ནང་རི་བོང་རྭ་ཅན་དང་རུས་སྦལ་སྤུ་ཅན། མོ་གཤམ་བུ་ཅན་སོགས་འདུག སྤྱིར་བཏང་བོད་པའི་མཚན་ཉིད་རིག་པའི་ནང་དེ་དག་གཏན་མེད་དུ་བརྗོད་བཞིན་པ་རེད། འོན་ཀྱང་འཇིག་རྟེན་ཆེ་ཆུང་ཟེར་ན་འདྲ། གང་ལྟར་ང་ཚོས་གཏན་མེད་ཟེར་བཞིན་པའི་དངོས་པོ་དེ་ཚོ་གཞན་པ་ཚོས་ང་ཚོའི་མིག་ལམ་དུ་བསྟན་ཡོང་དུས་བཤད་མི་ཤེས་པ་འདྲ་ཞིག དེ་ཡང་གཙོ་བོ་རང་གི་རིག་པའི་གཞུང་ལུགས་ཀྱི་ཕུག་གནད་ལ་ཡིད་མི་ཆེས་པ་ལྟ་བུ་ཡོང་གི་འདུག་ལ། སེམས་ནང་འགལ་འདུ་མང་པོ་ཞིག་འཁོར་ཡོང་གི་འདུག འདི་ཡང་དགེ་རབ་ལགས་ཀྱིས་གསུངས་པ་ལྟར་བོད་འདི་རྒྱ་མཚོ་དང་ཁ་ཐག་རིང་བས་ཉའི་སྐོར་ལ་ཤེས་རྒྱ་དམན་པ་ལྟར། ད་བར་དུ་ང་ཚོ་འཛམ་གླིང་དང་ཁ་ཐག་རིང་བོར་བསྡད་ཙང་གཏན་མེད་བཞིའི་སྐོར་ཡང་དེ་འདྲ་ཞིག་མིན་འགྲོ་སྙམ། དྲ་གྲོགས་ཚོས་དར་གང་དགོངས་ཀྱི་འདུག་གམ།
འཇིག་རྟེན་ཇེ་ཆུང་ཏུ་སོང་ཟེར་ན་འདྲ
གསར་བརྗེ་སྐྱབས་ལགས། ཁྱེད་ཀྱིས་གཟིགས་མྱོང་བའི་གློག་བརྙན་དེ་དག་ནི་དངོས་བྱུང་གློག་བརྙད་རེད་དམ། ཡིན་ན། གློག་བརྙན་དེའི་ནང་གི་སྲོག་ཆགས་དེ་དག་གང་དུ་འདུག་པ་བཤད་འདུག དེ་མིན་ན་གློག་བརྙན་ནང་ནས་མཐོང་སོང་ཟེར་བ་ཙམ་གྱིས་གནས་ལུགས་དུ་འགྲོ་བ་ཞིག་མ་ཡིན། གལ་སྲིད་སྐུ་ཉིད་ལ་གློག་བརྙད་དེའི་མིང་དང་གློག་བརྙན་དེ་གང་ནས་བཟོ་བསྐྲུན་བྱས་པ་ཡིན་མིན་ཤོད་དང་། དེ་ནས་གློག་བརྙན་དེ་ནི་དངོས་བྱུང་ལོ་རྒྱུས་སོགས་ཡིན་མིན་ང་ཚོས་བལྟས་རྗེས་ཐག་གཅོད་བྱེད་ཆོག་པ་མ་རེད་དམ།
ང་ཚོ་བོད་ཀྱི་ཉ་དང་དབྱིན་ཡིག་ནང་fish ཟེར་བ་གཉིས་ཁྱབ་ཚད་གཅིག་པ་ཡིན་མིན་བརྟག་དགོས། གོང་དུ་མཆན་ཞིག་གི་ནང་མི་མང་སྤྱི་བྱིངས་ཀྱིས་ཐ་སྙད་འདོགས་སྟངས་དེ་ལེགས་ཚུལ་བཤད་འདུག དེ་བློ་ལ་བབ་པའི་གཏམ་ཞིག་རེད་སྙམ། འོན་ཀྱང་གོང་གི་རྩོམ་འདིར་ཉ་ཅིག་ཅིག་དང་ཉ་མིག་མིག་ཟེར་བའི་སྲོག་ཆགས་འདི་དག་ཚང་མ་ཉ་ཡིན་ཞེས་བརྗོད་ན་འོ་ཅག་བོད་མི་སྤྱི་བྱིངས་ཀྱི་སེམས་ཁོང་ལ་བདེ་བ་ཞིག་ཡིན་མན་ཡང་དཔྱད་དགོས་པ་སྣང༌། ཁོ་ཚོས་ནུ་མ་དང་འོ་མ་སོགས་ཡོད་མེད་ཀྱི་ཁྱད་པར་མང་པོ་ཕྱེས་ཏེ་ང་ཚོས་མཐོང་མ་ཐག་ཉ་ཆེན་ཞེས་འབོད་ཆོག་ཆོག་ཏུ་ཡོད་པའི་ཕྱི་དབྱིབས་ཉ་དང་འདྲ་བ་འགའ་ཞིག་ཉ་མ་རེད་ཟེར་བ་དང་ཡང་ཉ་བཟོ་ཁྱོན་ནས་མེད་པའི་རྒྱ་མཚོའི་ཆུ་གནས་དུ་མ་ཞིག་ཉ་གྲས་སུ་བགྲང་བཞིན་འདུག་ག དེས་ན་ང་ཚོ་བོད་མིའི་འདུ་ཤེས་ལ་ལྟོས་ན་དེ་དག་ལ་བོད་མི་སྤྱི་བྱིངས་ཀྱི་སེམས་སུ་མ་དཔྱད་རང་བཞིན་དུ་ཡོད་པའི་ཉ་ཞེས་པ་དེའི་ཐ་སྙད་འཇུག་ཡུལ་དུ་བདེ་མིན་ཅི་རིགས་ཤིག་ཡོད་པ་མ་ཡིན་ནམ།
རེད་ཡ། མཚོ་རྟ་ཞེས་བོས་ཚར་ན་སེམས་ནང་གི་ཉ་ཞེས་པའི་སྲོག་ཆགས་ཀྱི་སྣང་བརྙན་དེ་བརླག་འགྲོ་གིན་འདུག དཔེར་ན་མཚོ་གླང་དང་མཚོ་འབུའམ་ཆུ་གླང་དང་ཆུ་འབུ་ཞེས་པ་དང་གཅིག་པ་རེད།
བོད་ལྷ་ཀླུ་གཉན་གསུམ་ལགས། གསར་བརྗེ་སྐྱབས་ཀྱིས་མཐོང་བའི་གློག་བརྙན་དེ་ལ་ཧང་སངས་རྒྱུ་ཡོད་ནི་མ་རེད། རི་བོང་རྭ་ཅན་དང་རུས་སྦལ་སྤུ་ཅན་སོགས་ཡོད་མི་སྲིད་པ་ཞིག་ལ་ཡིན། སྔོིན་བཞུགས་སྒར་དུ་སྐྱབས་མགོན་རིན་པོ་ཆེས་དག་སྣང་གསང་བ་རྒྱ་ཅན་གསུངས་པའི་སྐབས་སུ་རྒྱུད་སྨད་ཀྱི་མཁན་པོ་ཞིག་དང་ངེད་གཉིས་ཀྱིས་ཅོལ་སྒྲོལ་མོལ་སྒྲོས་མང་པོ་བཤད་པ་ཡིན། ཁོང་གིས་རི་བོང་རྭ་ཅན་མེད་པ་དེ་ལུང་ཚད་མ་རེད་གསུངས་ཀྱི་འདུག དེ་ནས་ངས་རྩེ་མཚར་ཞིག་ཞུས་པ་ཡིན། རི་བོང་རྭ་ཅན་གཏན་ནས་མེད་ན་རི་བོང་རྭ་ཅན་གྱི་ལས་བསགས་ཚུལ་ཞིག་མེད་པར་ཁས་ལེན་དགོས་པས། དེ་ང་ཚོས་ཐུབ་ཀྱི་ཨེ་རེད་ཞུས་དུས་ཁོང་གིས། ཧ་ཧ་་་་་་་་་་་འདིས་ཅི་ཟེར་གྱི་འདུག་གསུངས་ནས་གད་མོ་དགོད་པ་མ་གཏོགས་ངོ་མ་བཤད་ན་ང་ལ་ལན་ཕོག་མ་སོང་། ངས་བསམ་ན་ང་འགྲིག་འདུག གང་ཡིན་ཟེར་ན་ང་ཚོ་ནང་པ་སངས་རྒྱས་པའི་ལུགས་ལ་ཐམས་ཅད་ལས་ལས་བྱུང་བར་ཁས་ལེན་བཞིན་པ་དང་། སེམས་ཅན་གྱི་ལས་ལ་མཐའ་མེད་ཚུལ་གསུངས་བཞིན་དུ་རི་བོང་རྭ་ཅན་ཞིག་གཏན་ནས་མི་སྲིད་པའི་ཁས་ལེན་བྱས་ན། ད་རི་བོང་རྭ་ཅན་དུ་སྐྱེ་བའི་ལས་ཤིག་བསགས་ཚུལ་མེད་པར་ཁས་ལེན་དགོས་པ་མིན་ནམ། དེས་ན་རི་བོང་རྭ་ཅན་དང་རུལ་སྦལ་སྤུ་ཅན་མེད་ཚུལ་གསུངས་པ་ནི་སྔོན་ཡུལ་དུས་དེར་མེད་པར་ཡོངས་སུ་གྲགས་པ་ཙམ་ལ་གོ་ན་འགྲིགས་པ་ལས། རྣམ་པ་ཀུན་ཏུ་ཤེས་བྱའི་ཁམས་ན་མེད་པར་མནའ་བསྐྱལ་ག་ལ་ཐུབ། ཨ་ལགས་སྐུ་སྨྱོན་སོགས་ཀྱིས་གཟིགས་ན་དེ་འདྲ་ཨེ་རེད།
རྒྱུད་སྨད་པ་དེ་གད་མོ་དགོད་དོན་ནི། སེམས་ཅན་གྱི་ལུས་སྟེང་ན་ཡོད་ཚད་སེམས་ཅན་དེའི་སྔོན་གྱི་ལས་དང་འབྲེལ་བ་ཡོད་མི་དགོས་པས་སོ། །ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ཞེས་པའི་ལུང་དེའི་དོན་ནི་སེམས་ཅན་དེའི་བདེ་སྡུག་དང་འབྲེལ་བ་ཡོད་པའི་བྱ་དངོས་དག་ལ་གསུངས་པ་མིན་ནམ་སྙམ། གང་ལྟར་ལས་འབྲས་ཀྱི་སྐོར་འདི་ཧ་ཅང་ཞིབ་པས་སངས་རྒྱས་ཞལ་བཞུགས་དུས་སུ་ཁོང་གི་ཉན་ཐོས་འོད་སྲུང་དང་ཤྰ་རིའི་བུ་ལྟ་བུ་དག་གིས་ཀྱང་ལས་ཚུལ་ཕྲ་མོ་དག་མ་ཤེས་པར་སངས་རྒྱས་ལ་བཀའ་འདྲི་ཞུས་པའི་ལོ་རྒྱུས་མདོ་རྒྱུད་བསྟན་བཅོས་དག་ཏུ་གསུངས་ཡོད་པས། བྱ་དངོས་གང་ཞིག་ལས་ལས་བྱུང་མིན་དེ་ལས་སླ་བོར་ཁ་ཚོན་གཅོད་ཐུབ་པ་ཞིག་མིན་པར་འདོད།
བོད་ལྷ་ཀླུ་གཉན་གསུམ་ལ། ངས་མཐོང་བའི་གློག་བརྙན་དེ་དག་དངོས་ཡོད་རྐྱང་རྐྱང་ཡིན། གསལ་བོ་ཞིག་མི་དྲན་ནའང་ཕལ་ཆེར་སྲོག་ཆགས་ཀྱི་འཇིག་རྟེན་ཞེས་པའི་བརྙན་འཕྲིན་ཚན་པ་མང་པོ་མང་པོ་ཡོད་པ་དེ་ཡིན་སྙམ། གང་ལྟར་ཁྱེད་ཀྱི་བཞུགས་གནས་ན་བརྙན་འཕྲིན་འཁོར་སྐར་གྱི་ཆ་རྐྱེན་མཛོམས་པོ་ཡོད་ཚེ་ national geographic, animaux, escales སོགས་རང་བྱུང་ཁམས་དང་སྲོག་ཆགས་ལ་འབྲེལ་བ་ཡོད་པའི་འཁོར་སྐར་བརྒྱུད་ལམ་འདི་དག་ལ་གཟིགས་དང་། མི་འགྱངས་པར་ཁྱེད་ཀྱིས་ཀྱང་རི་བོང་རྭ་ཅན་དང་རུས་སྦལ་སྤུ་ཅན་སོགས་མཐོང་ཐུབ། ང་ནི་བརྒྱུད་ལམ་དེ་དག་ལ་དགའ་བོ་ཡོད་ལ། ཁོམ་སྐབས་དང་བརྙན་འཕྲིན་ཁ་ཕྱེ་དུས་དེ་དག་ལ་མ་བལྟས་པར་སྡོད་མི་ཐུབ་པའི་ཚོད་དུ་སླེབས་འདུག ཉི་འོད་ཀྱིས་གསུངས་པ་ལྟར་དབྱིན་ཡིག་ནང་fish ཞེས་པ་དང་བོད་སྐད་ནང་ཉ་ཞེས་པའི་ཁྱབ་ཚད་གཅིག་ཡིན་མིན་ལ་དོགས་གནས་འདུག ཡིན་ནའང་རི་བོང་རྭ་ཅན་དང་རུས་སྦལ་སྤུ་ཅན་དེ་དག་ལ་བརྙན་འཕྲིན་འགྲེལ་བརྗོད་པས་དབྱིན་ཡིག་གི་མིང་ཚིག་rabbit དང་ tortoise སོགས་སྤྱོད་ཀྱི་འདུག་ལ། དེ་དག་གི་དབྱིབས་གཟུགས་དང་བོང་ཚད། རྣམ་པ་སོགས་ཀྱང་ང་ཚོས་ངོས་འཛིན་བྱེད་བཞིན་པའི་རི་བོང་དང་རུས་སྦལ་སོགས་དང་གཉིས་སུ་མི་འདུག
འོ། ཀླུ་སྤྲུལ་སྐུ་རིན་པོ་ཆེ། ངས་ཁྱེད་ལ་ལན་ཡག་པོ་ཞིག་བྲིས་པ་ཡིན་མོད། ལག་ནོར་ནས་བསུབས་སོང་། དེ་རིང་ཤ་ཚོན་པོ་ཞིག་ཟ་རྒྱུ་མང་དྲག་སོང་བས་མགོ་ན་ཞིང་། ཞེ་མེར་ཡང་ཅུང་ལངས་ཀྱི་འདུག དེར་བརྟེན་དེ་རིང་བསྐྱར་དུ་འབྲི་ཐུབ་མ་སོང་། སང་དགོང་བསྐྱར་དུ་འབྲི་རྒྱུ་ཡིན་པས་མཆན་འདི་ལ་གཟིགས་རྒྱུ་མ་བརྗེད། ང་ཡང་ཨ་རིར་ཡོད་པས་ངེད་གཉིས་ཀྱི་དུས་ཚོད་གཅིག་པ་རེད། ད་དུང་ཁྱེད་ཀྱིས་ཐུག་པ་ཞིམ་པོ་ཞིག་སྐོལ་ཤེས་རབས་ཟེར་བ་དེ་ང་ལ་གཅིག་བསླབ་ན་ཨེ་ཆོག ཡུན་རིང་པོར་ཁེར་འདུག་མ་མྱོང་བའི་མི་ཞིག་ཁེར་འདུག་དགོས་དུས་དཀའ་གི་ཡ། ཡང་མིན་ན་ཤ་ཞིག་བཙོ་དགོས་པ་དང་། ཡང་མིན་ཟ་ཁང་ནང་དུ་འགྲོ་དགོས་ཀྱི་འདུག ཟ་མ་ལས་མི་ཤེས་པ་དེ་སྡུག་བསྔལ་ཆེན་པོ་ཞིག་རེད།
སྙིང་ཉེ་བའི་དྲ་གྲོགས་འདོད་ལྷའི་བུ་ལགས། ངས་ཀྱང་ཐེངས་མང་དཀའ་ལས་བརྒྱབ་ནས་འབྲི་འདོད་པ་གང་མང་ཞིག་བྲིས་ཚར་གྲབ་ཡོད་དུས་ལག་ཉེས་སུ་བཏང་བ་ཉུང་ཉུང་མིན་ཞིང་། ད་ལྟ་དཀའ་ངལ་ལས་ཉམས་མྱོང་བླངས་ཏེ་མེ་ཁིར་སོ་ཧྥུ་ཁྲུའི་ནང་དུ་གཏག་གིན་ཉར་སྲུང་བྱེད་ཀིན་དང་། བྲིས་ཚར་རྗེས་དེ་ནས་པར་བཤུས་ཁྱེར་ནས་ཁ་བརྡ་དང་དུས་བབ་ཟིན་བྲིས་སོགས་སུ་སྐྱེལ་བཞིན་ཡོད། ཉིད་ཀྱིས་ཀྱང་འདི་ལྟར་གནོངས་དང་ལེགས་ཆེ་གི
ལེགས་ཆེ་གི ལེགས་ཆ་ཆེ་གི
གསར་བརྗེ་སྐྱབས་ལགས། དེ་ནི་མིང་སྤྱོད་སྟངས་ལ་་བལྟས་པ་ཡིན་ན་ནི། ཕལ་ཆེར་རི་བོང་གི་གཟུགས་དང་འདྲ་བའི་སྲོག་ཆགས་ཤིག་ལས་ང་ཚོས་འབོད་བཞིན་པའི་རི་བོང་དེ་ནི་མིན་ཁོ་ཐག་རེད་འདུག ད་ནི་གང་ཡིན་ན་ཡིན། ངེད་ཅག་གི་དགེ་འདུན་པ་དེ་དག་ཆོས་གྲའི་ནང་ནས་རི་བོང་གི་ར་ཡོད་མེད་རྩད་ངེད་ཅག་གིས་དྲ་ཐོག་ནས་རི་བོང་གི་ར་ཡོད་མེད་རྩོད་དགོས་ཀྱི་མི་འདུག གང་ལྟར། མ་མཐོང་ཕྱིར་ན་མེད་པ་མིན་ཟེར་ནས་ལུང་ཞིག་ཡོད་པ་རེད། ངས་ཁྱེད་རང་ལ་ཁས་ལེན་སྤྲད་ན་འགྲིག ཡིན་ཡང་། རི་བོང་གི་ར་ཡོད་པ་ཙམ་གྱིས་མོ་གཤམ་ལ་བུ་ཡོད་མེད་དེ་ཡང་ཤོར་དུ་ཁས་ལེན་དགོས་ཟེར་ན་ནི་དངོས་ནས་དཀའ་མོ་ཞིག་རེད། གང་ཡིན་ཟེར་ན་ད་ལྟའི་འཆར་མོ་གཤམ་ལ་བུ་ཡོད་པའི་གསར་འགྱུར་དང་བརྙན་འཕྲིན་གསར་བ་དེ་འདྲ་བརྙན་འཕྲིན་བརྒྱུད་ལམ་གང་དུ་ཡང་མཐོང་རྒྱུ་མི་འདུག་པ་ཡོད།
བཅོས། དགེ་འདུན་པ་དེ་དག་གིས་
ཇོ་ལེབས་ཆོས་འཕེལ། རྩོམ་ཡིག་འདི་རྩོམ་མཁན་དང་ཁ་བརྡ་རྩོམ་སྒྲིག་པ་གཉིས་ཆ་རེ་བསྐུལ་ཞུ་རྒྱུ་ནི། ཐ་སྙད་གསར་བ་བཏགས་པ་དེ་ཧ་ཅང་གིལེགས་པོ་མཐོང་སོང་། ང་ཚོའི་འོད་སྤྱི་ཚོགས་དུས་དེབ་ཅིག་འདོན་འཆར་ཡོད་པར་འགོད་འདོད་བྱུང་། རྩོམ་མཁན་སྐུ་ཉིད་འདོད་པ་ཡོད་ཚེ་ང་ཚོའི་ཨེ་མེལ་ཁ་བྱང་ཐོག་རྩོམ་འདི་གཅིག་གཏོང་རོགས་ཞུ། light_magazine@yahoo.co.in
ངས་ད་བར་འདིར་གླེང་མོལ་ཐུང་ཐུང་རེ་བྱས་པ་དེ་ཚོ་ལས་གཅིག་ཀྱང་ང་རང་གི་ལག་པར་མེད། ག་རེ་རེད་ཟེར་ན། ངས་ག་རེ་བྲིས་ན་ཡང་ཁ་བརྡ་དྲ་ཐོག་ཡོང་ནས་ཤར་མར་འབྲི་གི་ཡོད། དེ་བས་ཁྱེད་རང་གིས་ཁ་བརྡ་དང་འབྲེལ་བ་བྱས་ནས་དྲ་ཐོག་ནས་ཕར་བཤུས་པ་ཡིན་ན་འགྲིགས་གི་རེད།
ངས་ད་ལྟ་རང་སྔོན་བྲིས་པ་དེ་ཚར་གཅིག་ཀློག་པ་ཡིན། ཉ་རེ་ཟུང་གི་ངོ་སྤྲོད་ཀྱི་མཇུག་ཏུ་འབྲེལ་མེད་བཙོར་ལོ་ལྟ་བུ་རེ་བཏགས་འདུག་པ་འདི་ཚོ་རང་ཚོས་དོར་འདོད་ཡོན་ན་དོར་ཅིག འཇོག་འདོད་ཡོད་ན་བཞག་འཐུས། དཔེ་བཞག་ན། ཉ་དམར་དུང་འཕྲེང་མའི་ངོ་སྤྲོད་ཀྱི་མཇུག་ཏུ། ཚེ་སྔོན་མའི་ལས་ཅི་འདྲ་ཞིག་གི་བསྐོས་ཐང་ཡིན་པ་སུ་ཡིས་ཤེས། གཅིག་བྱས་ན། ང་ཚོའི་སྤྲུལ་སྨྱོན་དེ་ཚོའི་གཅིག་གིས་ཤེས་མི་ཡོང་ངམ། ཟེར་བ་ལྟ་བུ་དང་། ཡང་། ཡང་མཚོ་སྡིག་རྭ་ཉའི་མཇུག་ཏུ། གཟུགས་པོ་ཚང་མ་སྐམ་པ་དང་སྡེར་མོ་འདྲ་བའི་རྐང་ལག་མང་པོ་ཅན་གྱི་སྲིན་པུ་ཆུང་ཆུང་འདིའི་བརྟག་ཅིང་དཔྱད་ནས་མ་གཏོགས་ལས་ལ་མི་འཇུག་པའི་ངང་ཚུལ་འདིས་ང་ཚོ་མ་དཔྱད་མ་བརྟག་པར་བབ་ཅོལ་སྨྲ་མཁན་གྱི་མཁས་མིང་འཛིན་པ་ཚོར་ཅོ་ཞིག་དྲིས་པ་མ་ཡིན་ནམ། ལྟ་བུ། དེ་ནས་མཚོ་རྟའི་ངོ་སྤྲོད་མཇུག སྙིང་རྗེ། ང་ཚོའི་ཨ་མ་ལས་ངན་མ་དེ་ཚོར་ཁྱོ་ག་འདི་འདྲ་བ་རེ་རག་ན་ཅི་མ་རུང་། ལྟ་བུ། དེ་མིན་ཆེས་མཇུག་གི་གསལ་བཤད་དེ་ཚོ་ཡང་ལེན་དགོས་ན་ལེན་རོགས་གནང་།
ད་རང་ཚོས་ལྟོས། མ་བླངས་པ་ཡིན་ན་ཡང་ཉེས་པ་ཆེར་མི་འདུག ཅུང་ཟད་འབྲེལ་མེད་ལྟ་བུ་ཞིག་རེད། དྲ་གྲོགས་སྨྱོན་པ་ཚོ་དང་མཉམ་དུ་ཁ་བརྡ་གླེང་མོལ་གྱི་ཚུལ་དུ་བྲིས་པ་ཡིན་ཙང་མཚམས་རེར་སྐད་ཆ་འདི་དང་འདི་འདྲ་བ་ཁ་ནང་ནས་རང་བཞིན་གྱིས་ཤོར་འགྲོ་གི་རེད། དེ་ཙམ་ཡིན། ངའི་ཉོག་བཤད་འདིའི་ཚོའི་ནང་ཁྱེད་ཚོར་ཕན་ཐོགས་པ་རེ་ཡོད་ན་ལེན་རྐྱང་གྱིས།