ཁྲོ་གཏུམ།
རླབས་ཀྱི་ཝུ་བ་སྔར་བཞིན་རྩེད་མོར་གཡེང
སྤྲིན་པའི་ཝུ་བ་ལན་རེར་ཐོན་པའི་རི་རྒྱུད་ཅིག
གཡོ་གྲུ་ཆེ་ཆུང་གི་ཕ་རོལ་ཏུ་ཡོལ་བ་འཐེན་པའི་སྤྲིན་དཀར་རིང་པོ
ཧི་མ་ལའི་རི་རྒྱུད་ཀྱིས་བཅད་པའི་ངའི་ཕ་ཡུལ་གྱི་གངས་མཐོན་པོ་དེ་དག་དྲན་ལམ་ལ་རྒྱུན
ཡང་ན་སྔོ་ཞིང་དྭངས་པའི་མཚོ་མོའི་རྒྱབ་རི་དཀར་པོ
མཚོ་མཐའི་རླབས་ཀྱི་ཝུ་བ་དཀར་པོར་འགྲན་སློང་བའི་བུ་རྒོད་སྟག་རྒོད་འདྲ་བོ
མཚོ་མོར་འཐེན་པའི་ཁ་ཏག་ཡུག་གཅིག
མཚོ་ངོས་སུ་དར་དཀར་འཐེན་ཞོར་མི་ཡུལ་ལ་མཛེས་སྡུག་མངོན་པ
སྔོན་མོ་མཚོ་ཁའི་མདངས་སུ་མཛའ་བའི་བལ་དཀར་ཆུན་པོ
ཡང་ན་ངའི་གཡང་དཀར་ལུག་ཁྱུས་ཞོགས་ཉལ་རྒྱབ་འདྲ
མཚོ་འགྲམ་ལ་རྒྱུ་བའི་མི་དག་གི་མིག་ཟུང་རྐུ་བྱེད
མཚོ་འགྲམ་ལ་དཔར་བའི་རྐང་རྗེས་ཆེ་ཆུང་དེ་དག་གི་རི་མོར་འཕྱ་བ
སྤྲིན་པའི་བང་རིམ་ལ་ཉི་འོད་ཀྱི་རྡུལ་ཕྲན་བརྩེགས
སུ་ཞིག་གི་པར་མིག་ལ་ཚུད་པར་གཟབ་ནན་གྱིས་ངལ་ཡང
མིག་ཟུང་གི་ཁྲོད་དུ་ལྷུང་བའི་མཚོ་སྤྲིན་དེས་ཟུར་མིག་ཙམ་ཡང་ཚུད་དཀའ
མངའ་རིས་སྒྲ་སྙན་རྡུང་ཡང་སྤྲིན་པའི་མཛེས་པ་བཅོམས་མི་སྲིད
རི་གླུ་འགའ་སྐད་ཤུགས་ཀྱིས་བླངས་ཡང་མཚོ་སྤྲིན་སྔར་བཞིན་ལྷོད་ལ་བབས་འདུག
རླབས་རིས་སུ་རྩེན་པའི་མི་ཚོགས
སྤྲིན་དཀར་དེའི་ངོས་ཀྱི་ཉི་འོད་ལ་ཧེད་འདུག