བསྟན་དར།
མཚོ་ཁར་སྡོད་པས་ངའི་ལུས་སེམས་ལ་ཞི་བསིལ་སྟེར།
ཅི་ཕྱིར་ན་ངའི་ཡབ་མེས་ཀྱི་རྣམ་ཤེས་དེ་རུ་གནས།
ཧི་མ་ལ་ཡའི་རི་ཕུང་མིག་ཆུའི་གང་གཱར་བཞུར་བས།
མེས་པོའི་རྣམ་ཤེས་ཀྱང་ས་མཐར་མྱུལ་ནས་རྒྱ་མཚོར་འཁྱིལ།
གངས་ལྗོངས་ཀྱི་རྣམ་ཤེས་མཚོ་མཐར་ཚོར་ཞིང་ཐོས་ཀྱང་ཐོས།
ཁོང་ཚོས་སྐྲ་ལོར་རེག་ཅིང་རྣ་བར་གསང་གཏམ་ཡང་བཤད།
བོར་བརླག་སོང་བའི་རྣམ་ཤེས་ཀྱི་ཆག་ཀྲུམ་ཞིག་རྙེད་པ་ལྟར།
(ཡང་ཚ་) ཞེས་མེས་པོའི་རྣམ་ཤེས་ཀྱིས་གུས་པར་བརྩེ་བས་འཁྱུད།
མེས་པོའི་རྣམ་ཤེས་ཀྱི་སྒོ་འཕར་ཡངས་པོས་གུས་པར་བློ་སྤོབས་སྦྱིན།
ད་དུང་། ཁོང་ཚོའི་གཏིང་མཐའ་བྲལ་བའི་ཤེས་རབ་དང་བརྩེ་སེམས།
རླབས་ཕྲེང་ལྟར་ངལ་དུབ་མེད་བའི་སྙིང་སྟོབས་དང་ཕུགས་བསམ།
དེ་བཞིན་ཕྱོགས་རིས་མེད་ཅིང་ཀུན་ལ་ཕན་པའི་‘མས་སེམས་ཨ།
ང་ཡི་རྐང་པ་ཟུང་ཡང་ཞི་བདེ་རྒྱ་མཚོར་བརླན་ན་འདོད།
ཡབ་མེས་ཀྱི་རྣམ་ཤེས་ངའ◌ི་སྙིང་ཁོང་དུ་གཅེས་ན་འདོད།
ཁོང་ཚོའི་རྨི་ལམ་གྱི་རྒྱལ་མཚན་ངས་མཐོན་པོར་བསྒྲེང་ན་འདོད།
ང་ཡི་རྣམ་ཤེས་ཀྱང་གངས་ལྗོངས་ལ་ཡོངས་སུ་འབུལ་ན་འདོད།