འབྲོང་བུ་ཟླ་བ་ཚེ་རིང་།
ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༡༠ ཚེས་༣༠ཉིན་རང་ཉིད་དང་ཁ་བྲལ་ནས་ལོ་ངོ་བཅུ་གཅིག་ཙམ་འགོར་བའི་གྲོགས་མཆོག་ཞིག་ལ་དྲ་ལམ་ནས་བོད་ནང་གི་༼བོད་ཀྱི་སྐད་ཡིག་གི་བདག་དབང་དང་འབྲེལ་བའི་སློབ་མའི་ངོ་རྒོལ་གྱི་སྐོར་༽ལ་གླེང་སློང་བྱུང་བ།
ཁོ། ཁྱེད་ཀྱིས་སློབ་ཕྲུག་གི་ངོ་རྒོལ་སྐོར་གྱི་གནས་ཚུལ་དེ་གོ་སོང་ངམ།
ང། གོ་སོང་། སྔོན་མ་ནས་གོ་སོང། ངོ་རྒོལ་གྱི་གནས་ཚུལ་བྱུང་མ་ཐག་འདི་ཡུལ་གྱི་དྲ་ལམ་དང་གསར་འགྱུར་ཚང་མ་ན་གླེང་སློང་བྱེད་བཞིན་འདུག འདིའི་སྐོར་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་འདུག་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་སྙན་ཞུ་འབུལ་བའི་སྟ་གོན་བྱེད་བཞིན་འདུག གཟའ་འཁོར་འདི་དག་གི་རིང་ལ་བོད་པའི་གསར་འགྱུར་གཙོ་བོ་དེ་འདི་རེད། འདིའི་སྐོར་ལ་བགྲོ་གླེང་ཡང་ཤུགས་ཆེན་པོ་བྱེད་བཞིན་འདུག
ཁོ། ངོ་རྒོལ་འདི་བྱུང་དུས་ང་རང་གི་སློབ་ཕྲུག་གིས་ཀྱང་ཅི་ཞིག་བྱེད་དགོས་སམ་ཞེས་དྲིས་བྱུང། ངས་ད་འགྲོ་དགོས་ཀྱི་རེད་ཅེས་ལན་བཏབ་པ་ཡིན། ང་ཚོ་སློབ་གྲྭའི་སློབ་ཕྲུག་ཀྱང་ངོ་རྒོལ་ལ་ཞུགས་པ་རེད། ངོ་རྒོལ་གྱི་རྣམ་པ་འདིས་སློབ་ཕྲུག་གི་རྣམ་པ་མངོན་གསལ་དོད་པོ་བསྟན་སོང། ངོ་རྒོལ་གྱི་སྐབས་སུ་གྲྭ་བ་མང་པོ་སླེབས་འདུག ཁོང་ཚོ་ངོ་རྒོལ་དུ་ཞུགས་མ་སོང། ཕལ་ཆེར་དམག་མིས་སློབ་ཕྲུག་ལ་དྲག་གནོན་བྱས་ན་དེ་ལ་རྒོལ་ལན་སློག་པར་གྲ་སྒྲིག་བྱས་ནས་ཡོང་བ་ཡིན་ས་རེད།
ང། ད་ལྟའི་གནས་ཚུལ་ཅི་འདྲ་འདུག
ཁོ། ངོ་རྒོལ་ཤུགས་ཆེར་བྱུང་རྗེས། གོང་རིམ་ནས་རང་སྐྱོང་ཁུལ་དུ་མི་དམངས་ཀྱི་འདོད་བློ་ལྟར་སློབ་ཁྲིད་བྱས་ཆོག་ཅེས་བཀའ་བཙན་པོ་བསྒྲགས་པ་དང། དེའི་རྗེས་ལ་ངོ་རྒོལ་དུ་ཞུགས་མཁན་ཡོད་ན་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་འཛིན་བཟུང་བཀག་ཉར་བྱེད་རྒྱུའི་བཀའ་ཡང་བསྒྲགས་བ་དང་མཉམ་དུ། སློབ་གྲྭ་རེ་རེར་དམག་མི་ཡང་བཞག་སོང།
ང། ད་ལྟ་ཁྱེད་ཚོས་སློབ་གྲྭ་ཚོགས་བཞིན་ཡོད་དམ།
ཁོ། སློབ་གྲྭ་སྔོན་ལྟར་ཚོགས་བཞིན་ཡོད་པ་རེད། སྔོན་ལྟར་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད། འོན་ཀྱང་སློབ་གྲྭའི་ཁོར་ཡུག་ཏུ་དམག་མི་མང་པོ་ལྟ་སྲུང་བྱེད་དུ་མངགས་འདུག གལ་ཏེ་གོང་རིམ་གྱི་ཐག་གཅོད་ལ་སྡུག་ཕྱོགས་ཀྱི་འགྱུར་བ་མ་བྱུང་ཚེ། སྔར་རྒྱུན་བཞིན་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་ཆོག་པ་ཞིག་རེད། འདི་ནི་ངོ་རྒོལ་འདིའི་གྲུབ་འབྲས་རེད། གནད་དོན་འདི་ལ་བརྟེན་ནས་ངས་ཀྱང་རང་གི་སློབ་ཕྲུག་ཚོར་མི་རིགས་ཀྱི་དཔའ་བོ་ཞེས་འབོད་བཞིན་ཡོད།
ང། དེ་བཟང་གི སློབ་ཕྲུག་ཚོ་དངོས་ནས་མི་རིགས་ཀྱི་དཔའ་བོ་རང་རེད། ཁོ་ཚོའི་ངོ་རྒོལ་གྱི་ལས་འགུལ་འདི་དངོས་ནས་རླབས་ཆེན་རེད། བཙན་བྱོལ་ན་གནས་པའི་བོད་རིགས་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་དག་གིས་སློབ་ཕྲུག་ཚོས་མི་རིགས་ལ་བཅིངས་པའི་བརྩེ་དུང་དང་ལ་རྒྱ་ལ་ཡི་རངས་དང་བསྟོད་བསྔགས་འབུལ་བ་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་འདུག་པས་གནད་དོན་འདི་སློབ་ཕྲུག་ཚོར་བཤད་རོགས།
ཁོ། ཡ་ད་དེའི་སྐོར་ལ་མང་པོ་མི་བཤད། སྟབས་མ་ལེགས་ན་ང་འཛིན་བཟུང་བྱེད་ན་ཐང་། དེང་སང་དམ་དྲག་ཆེན་པོ་འདུག
སྐབས་འདིར་སླེབས་དུས་ངས་ཀྱང་མང་པོ་འདྲི་མ་སྤོབས་པར་ངེད་གཉིས་སྤྱིར་བཏང་གི་གྲོགས་པོའི་གླེང་མོལ་ལ་རོལ་བ་ཡིན།
༼ང་རང་གི་གྲོགས་པོས་ད་ལྟར་རེབ་གོང་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།༽
གཏམ་བཟང་རེད། དངོས་ནས་ཡག་གི
གཏམ་བཟང་རེད། སློབ་མའི་ངོ་རྒོལ་ལ་ནུས་པ་ཡོད་པ་སྔ་མོ་ནས་ཡིད་ཆེས་ཡོད། སློབ་མས་གཞུང་ལ་གནོད་ཤུགས་སྤྲད་ཐུབ་པ་ཞིག་སུ་ཞིག་གིས་སྤྲད་མི་ཐུབ། རྒྱུ་མཚན་ནི། སློབ་མ་ནི་གཞུང་གི་མ་འོངས་བ་ཡིན་པས་རེད། དེ་བརྟེན་ཁོ་བོས་སྲིད་གཞུང་གིས་ཡ་ལེན་མ་གནང་ཚེ་སློབ་མཆམས་འཇོག་ཐུབ་ན་གཞུང་གིས་ངོས་ལེན་བྱེད་པ་སྔ་མོ་ནས་ཤེས་ཡོད།
འདི་སྐབས་ཐོག་གི་མཐོང་ཙམ་རེད་། འདི་དེ་འདྲས་འགྱུར་བ་འགྲོ་ཆོག་ཆོག་གང་ན་ཡོད་།