བསྟན་འཛིན་ཤེས་རབ།
ཉིས་སྟོང་དྲུག་ལོའི་སྟོན་མཇུག་ནས་ཉིས་སྟོང་དགུ་ལོའི་དགུན་མགོ་བར་ང་བོད་དང་རྒྱ་ནག་སོགས་སུ་ཡོད་ལ། ལོ་ངོ་དེ་དག་གི་རིང་ལ་ང་རང་གར་འགྲོ་འདིར་འགྲོ་མེད་པར་འཁྱམ་ཉུལ་གྱི་འཚོ་བར་རོལ་བ་ཡིན། ཐེངས་ཤིག་ང་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རིག་སྨོན་གསེར་མོ་གཞུང་ཞེས་པའི་ས་དགེ་ཆུ་དགེ་ཡི་ཡུལ་གྲུ་དེར་སླེབས། དེར་སླེབས་ནས་ཀྱང་གཞུང་རྒྱུད་དྲང་ཞིང་བློ་ཐག་ཉེ་བའི་གྲོགས་པོ་ཞིག་གི་ཐུགས་རྗེ་བཀའ་དྲིན་གྱི་བསིལ་གྲིབ་འོག་ནས་རིང་ཞིག་བསྡད། ཡུལ་གྲུ་འདིའི་མི་ཕལ་ཆེ་བ་ནི་འབྲོག་པ་ཡིན་ཞིང་། དེ་ཡང་བོད་ཁམས་ཀྱི་འབྲོག་སྡེ་ཕལ་མོ་ཆེ་དང་འདྲ་བར་ཁྱིམ་ཚང་རྣམས་ནི་ལ་ལུང་གང་སར་བཀྲམ་ནས་ཡོད་པ་དང་། ཁྱིམ་ཚང་ལ་ལའི་ཕན་ཚུན་གྱི་བར་ཐག་ལ་སྐྱ་མིས་ཉིན་ཕྱེད་རེ་འགྲོ་དགོས་སའང་ཡོད། འབྲོག་སྡེ་འདིའི་མི་དམངས་རྣམས་ཆོས་དད་ཆེ་ཞིང་། བླ་ཆེན་མི་ཆེན་གྱི་མིང་ཡོད་མཁན་ཞིག་ཡིན་ཚེ། སྐྱོན་ངན་རི་རབ་འདྲ་ཞིག་བཟོས་རུང་མི་དམངས་རྣམས་ཁ་མིག་བཙུམ་ནས་འདུག་པ་ཡིན། ཡིན་ན་ཡང་ཁོང་ཚོས་བླ་གྲྭ་ཉམ་ཆུང་རིགས་ལ་དེ་ཙམ་གྱི་མཐོང་མི་འཇོག་པ་འདྲ་ལ། ལྷག་པར་ཕྱོགས་གཞན་གྱི་གྲྭ་བ་ཡུལ་གྱར་བ་ཚོར་ལྟ་སྟངས་ཁྱད་མཚར་བ་རེ་འཛིན་བཞིན་འདུག
ཡུལ་འདིའི་འགྲིམ་འགྲུལ་དང་ཉོ་ཚོང་ལས་རིགས་སོགས་ཀྱི་ལྟེ་བ་ནི། རིག་སྨོན་ཡུལ་ཚོ་ཞེས་པའི་གྲོང་བརྡལ་དེ་ཡིན། གྲོང་བརྡལ་དེ་ནི་ཆབ་ཆ་ནས་ཟི་ལིང་དང་ལྷ་ས་སོགས་སུ་འགྲོ་བའི་གཞུང་ལམ་ཀྱི་སུམ་མདོར་ཆགས་འདུག གྲོང་བརྡལ་འདིའི་ཚོང་ཁང་དང་ཟ་ཁང་སོགས་ཀྱི་བརྒྱ་ཆ་གོ་དགུའི་སྦྱིན་བདག་ནི་རྒྱ་གཏིང་ནས་ཡོང་བའི་རྒྱ་དང་ཧེ་ཧེ་ཡིན་ཞིང་། གཞན་མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་བའི་རྒྱ་མི་ཡང་རེ་ཟུང་མཐོང་རྒྱུ་ཡོད། རིག་སྨོན་གཞུང་འདི་ས་བབ་མཐོ་རྐྱེན་དབྱར་ཟླ་ལྔ་བའི་ནང་ཡང་ཁ་ཆར་འདྲེས་མར་འབབ་ཅིང་གནམ་གཤིས་འཁྱག་སིབ་སིབ་བྱེད་པ་དང་། གྲོང་བརྡལ་འདི་རུ་རླངས་འཁོར་ལས་བབ་མ་ཐག་སྣང་བ་ཞིག་ལ་བར་སྣང་མཐོངས་ཤིག་ཏུ་སླེབས་འདྲའི་ཚོར་བ་ཞིག་སྟེར། གྲོང་བརྡལ་འདིའི་དཀྱིལ་གཞུང་དུ། རྡོ་བས་བཟོས་པའི་རྒྱ་བཟའ་ཀོང་ཇོའི་འདྲ་གཟུགས་རིང་མོ་ཞིག་བགྲེང་ཡོད་ཅིང་། ཡུལ་འདིའི་བཤད་སྲོལ་ལ། རྒྱ་བཟའ་ཀོང་ཇོ་བོད་དུ་མནའ་མར་འགྲོ་སྐབས་ཡུལ་འདིའི་བཀོད་པར་ཆགས་ཏེ་ཟླ་དྲུག་རིང་ཡུལ་འདིར་བསྡད་པར་བཤད། གྲོང་བརྡལ་འདི་ནས་ཤར་ཕྱོགས་སུ་སྤྱི་ལེ་བཅུ་ཙམ་གྱི་མཚམས་དེར་མདོ་སྨད་ཕྱོགས་སུ་གྲགས་པ་རྒྱས་པའི་རི་བོ་ཉི་ཟླ་ཞེས་པ་དེ་ཡོད། གནས་དེ་རུ་རྒྱ་བཟས་རྡོ་ཡི་ཉི་ཟླ་གཉིས་རྦབ་ཏུ་བསྒྲིལ་བར་གྲགས་པས་ད་ལྟ་ལོ་རྒྱུས་ཀྱི་གནའ་ཤུལ་ཏུ་བརྩི་བཞིན་འདུག
རིག་སྨོན་གྲོང་བརྡལ་ནས་ཡར་སྤྱི་ལེ་བདུན་བརྒྱད་ཙམ་གྱི་ནུབ་ཕྱོགས་སུ་གནམ་སྔོན་པོ་ས་ལ་ལྷུང་བ་ལྟ་བུའི་མཚོ་སྔོན་པོའི་མཚོ་མགོ་དེ་སྔོ་ལྟེམ་མེར་ཡོད་ཅིང་། དེའི་ལྷོ་འགྲམ་དུ་རི་མཐོན་པོ་རྩེ་མོ་ཁ་བས་གཡོགས་པ་ཞིག་ཡོད་པ་དེའི་མིང་ལ་བློན་པོ་གསེར་ཆེན་ཟེར། དེ་ནི་ཡུལ་འདིའི་གཞི་བདག་ཡོད་ན་མེད་ན་དེའི་གནས་རི་ཡིན་ཞིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་པོ་མགར་སྟོང་བཙན་གྱི་རྣམ་ཤེས་ཡིན་པར་བཤད། རི་བོ་འདིའི་མདུན་རོལ་གྱི་གཡོན་རུ་སྡེ་བའི་ཐང་གཞུང་དུ། དེའུ་འབུར་ལྷམ་གྱི་བཟོ་དབྱིབས་འདྲ་བ་ཞིག་ཡོད་ལ། དེ་ནས་བྱང་ངོས་སུ་བལྟས་ཚེ་རི་བོ་རྩེ་མང་བ་ཅན་ཞིག་ཡོད་པ་དེའི་མིང་ལ་ཨ་མ་ཟོར་དགུ་ཟེར། ཡུལ་འདིར་གཏམ་རྒྱུད་ངོ་མཚར་བ་ཞིག་ཡོད་པ་ནི། ཐེངས་ཤིག ཨ་མྱེས་གསེར་ཆེན་ཨ་མ་ཟོར་དགུའི་སར་ཕོ་ཉུལ་བཏག་དུ་སོང་། དགོང་མོ་དེར་ཁོང་ཨ་མ་ཟོར་དགུའི་རུམ་ནས་གཉིད་ལ་ཤོར་ཏེ་གནམ་ལངས་གྲབས་བར་ལུས། གཉིད་ལས་སད་རྗེས། གཞན་གྱིས་མཐོང་བར་དོགས་ཏེ་བྲེལ་དངངས་དང་འཚུབ་རྒྱུགས་ཀྱིས་ཕྱིར་ལོག་བྱས་ལ། ལྷམ་ཡང་གྱོན་ཁོམ་མ་བྱུང་བར་ལག་པས་འདྲུད་མ་འཁྱེར་གྱིས་ཕྱིན། སྟབས་མ་ལེགས་པ་ཞིག་ལ། ལམ་བར་ནས་ལྷམ་ཡ་གཅིག་གཡོན་རུའི་ཐང་གཞུང་དུ་ཟགས་སོང་།
རིག་སྨོན་གཞུང་བརྒྱུད་དེ་ཡར་མཚོ་སྔོན་པོའི་ནང་དུ། ཆུ་མོ་ཞིག་ཁ་ཁུ་སིམ་པོར་གཡས་ཀྱོག་གཡོན་ཀྱོག་གིས་བཞུར་བཞིན་ཡོད། ད་ལྟ་མི་རྣམས་ཀྱིས། ཆུ་མོ་དེའི་མིང་ལ་རྒྱ་སྐད་ཀྱི་དོ་ཐང་ཧྰུ་ཞེས་པ་ཐད་བསྒྱུར་གྱིས་ལྡོག་བཞུར་ཆུ་བོ་ཟེར་བཞིན་ཡོད་ལ། ཡང་ལ་ལས་རང་གི་རྣམ་དཔྱོད་དཀྲུག་ཁུལ་གྱིས་རིག་སྨོན་གློའུ་ཆུ་ཞེས་ཀྱང་འབོད་ཀྱི་ཡོད། ཡུལ་མིའི་ངག་རྒྱུན་ལྟར་ན། མཚོ་སྔོན་པོར་ཆུ་སྣ་བརྒྱ་དང་བརྒྱད་འབབ་པར། གཅིག་མ་ཚང་བས། སློབ་དཔོན་པད་མས་སྨད་ནས་ཆུ་མོ་འདི་ཡར་དྲངས་པ་ཡིན་ཞིང་། གཡས་ཀྱོག་གཡོན་ཀྱོག་མང་བ་དེ་སློབ་དཔོན་གྱི་འཁར་རྒྱུགས་དྲུད་ཤུལ་ནས་ཡོང་བས་ཡིན་ཟེར།
ང་ཡུལ་འདིར་སླེབས་སྐབས་ནི་ཏག་ཏག་གནས་ཚུལ་མི་ལེགས་པ་ཞིག་བྱུང་བའི་སྐབས་ཤིག་སྟེ། ཡུལ་འདིའི་སྐྱབས་མགོན་དུ་བརྩི་བཞིན་པའི་བླ་མ་ཞིག་ཕོ་ཉུལ་བཏག་ཏུ་སོང་ཞིང་། ཕོ་གསར་ཞིག་དང་རྒྱག་རེས་བྱས་པས། རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་བའི་སྐབས་ཏག་ཏག་རེད། བོད་རོང་འབྲོག་ཕལ་མོའི་ཆེའི་ཕོ་གསར་ཚོ་དགོང་མོར་ཕོ་ཉུལ་བཏག་གི་འགྲོ་སྲོལ་བཞིན། སྡེ་ཚ་དགོན་པ་ནས་མ་བཞུགས་པར་གཞིས་དགོན་དུ་འོངས་ཤིང་། གཞིས་དགོན་ནས་ཀྱང་མ་བཞུགས་པར་སྐྱ་སར་བབས་པའི་ཨ་ལགས་དེ་བ་ཚང་ཡང་གཡོན་རུ་སྡེ་བའི་ཅུང་མིང་གྲགས་ཡོད་པའི་བུ་མོ་མཛེས་མ་ཞིག་གི་སར་སོང་། དགོང་མོ་དེར་ཨ་ལགས་ཚང་གིས་བུ་མོའི་དེའི་དགའ་རོགས་ལ་སྐུལ་བ་བཞིན། ཕོ་གསར་དེས་ཨ་ལགས་ཚང་རིག་སྨོན་གྲོང་བརྡལ་ནས་རླངས་འཁོར་ནང་ཁོ་རང་གི་དགའ་རོགས་བུ་མོ་ཚང་དུ་བསྐྱལ། ཨ་ལགས་ཚང་ར་བཟི་ཡོད་སྟབས། ཉལ་སའི་ནང་ནས་བུ་མོ་དེར་གཅར་རྡུང་དྲག་པོ་བཏང་ཞིང་སྡིགས་དམོད་ཡ་ང་བ་བྱས། བུ་མོའི་ཕ་མ་དང་སྤུན་མཆེད་རྣམས་སྐྲག་སྟེ་བར་གཤོལ་དུ་ཡང་ཡོང་མ་ཕོད། ཨ་ལགས་ཚང་གིས་ཕྱི་རོལ་ཏུ་སྒུག་སྡོད་པའི་བུ་མོའི་དགའ་རོགས་ལ། བུ་མོ་དེར་རྣམ་པ་མེད་ལུགས་དང་འཆལ་མོ་ཞིག་དང་འདྲ་ལུགས་སོགས་ཀྱིས་སྡིགས་དམོད་བཏང་ཞིང་གཅར་རྡུང་བྱས། ད་དུང་ཁྱོད་གསོད་རྒྱུ་ཡིན་ཟེར་ནས་སྟེང་དུ་རླངས་འཁོར་སྐོར་ཏེ་སྒྱིད་པར་རྨས་སྐྱོན་བཟོས་མོད་ད་དུང་མཚམས་མ་བཞག་པས། མཐར་ཕོ་གསར་ཨུ་ཐུག་ནས་ཕྱིར་ངོ་ཡ་བྱས། ཨ་ལགས་ཀྱི་དབུ་ལ་རྡོ་ཡིས་གཞུས་ནས་སར་རྫོགས་འདུག སྡེ་འབང་རྣམས་ཀྱིས་ཕོ་གསར་དེར་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་འུར་བཞིན་འདུག་ལ། ཕོ་གསར་དེས་ཀྱང་འགྱོད་བཤགས་རབ་དང་རིམ་པར་བྱེད་འདུག་པས། ང་ཡུན་རིང་ཞིག་ལ་ཁ་གདེང་མིག་གཅེར་གྱིས་ལུས་སོང་།
ད་དུང་གནས་ཚུལ་གཞན་ཞིག་གྲགས་བཞིན་པ་ནི། གཡོན་རུ་དགོན་པ་ནས་སྤྱི་ལེ་བཅུ་ཡས་མས་ཀྱི་རི་རྒྱུད་དེའི་ལུང་ཁུག་ཅིག་ཏུ། རྒྱ་མི་མང་བོས་གསེར་གྱི་གཏེར་ཁ་འདོན་བཞིན་ཡོད། རྒྱ་མི་ལས་ཀ་བ་ལ་ལ་ཞིག་གིས། སྡེ་བ་འདི་དང་གཡས་གཡོན་གྱི་སྡེ་བའི་བུ་མོ་གང་རེག་ལ་དངུལ་གྱིས་བསླུ་བཞིན་ཡོད་སྟབས། བུ་མོ་ལ་ལ་ངན་གོམས་སུ་འགྲོ་བཞིན་ཡོད་པ་དང་། ས་གནས་དང་གྲོང་བརྡལ་དེ་ག་རང་དུ་ས་ཆ་དེའི་བུ་མོ་ཚོས་གཞང་འཚོང་རྒྱག་པའི་གནས་ཚུལ་ཐོན་བཞིན་འདུག
མཚོ་སྔོན་པོའི་འགྲམ་རྒྱུད་ནི་མུ་མཐའ་མེད་པའི་རྩ་ཐང་དང་ཡིད་དུ་འོང་བའི་ནོར་ལུག་གིས་ཁྱབ་ནས་ཡོད་ལ། སེར་ལམ་མེར་ས་གཞི་བཀླུབས་ནས་ཡོད་པའི་ཀེ་ཚེ་མེ་ཏོག་གིས་ཡུལ་ལྗོངས་འདིར་མཛེས་སྡུག་གི་སྣང་བ་གཞན་ཞིག་སྟེར་བཞིན་ཡོད། མཚམས་ལན་རེར་ཐག་རིང་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་དགོད་སྒྲ་དང་། མགོ་ལྕོག་ལྡེམ་ལྡེམ་གཡོ་བཞིན་བའི་ར་མ་རེ་ལྕོག་གི་མཛེས་སྡུག་ཁྲོད་ནས། ངས་སྔོ་སངས་སངས་ཀྱི་ནམ་མཁའ་དང་དཀར་བོང་བོང་གི་སྤྲིན་པར་ལྟ་བཞིན། མཛེས་སྡུག་དང་གསོན་ཤུགས་ཀྱིས་ཁེངས་པའི་ཡུལ་འདིའི་རང་བྱུང་བཀོད་པར་འགྲམ་པ་རེ་གླན་སྐབས། གར་འགྲོ་འདིར་འགྲོ་མེད་པའི་རང་ཉིད་ཀྱི་གནས་སྟངས་ཡོངས་སུ་བརྗེད་འགྲོ་ལ། གདུག་རྩུབ་དང་གྲང་ངར་གྱིས་མནར་བའི་སེམས་ཁོང་ལ་ཡང་དྲོད་ཁོལ་ཞིག་འཁྱིལ་འོངས་ཤིང་། རང་ཉིད་ཆུང་དུས་ཀྱི་ཕ་ཡུལ་དུ་སླེབས་འདྲའི་སྣང་བ་ཞིག་ལམ་ལམ་འཁོར་ཡོང་།
བླ་ཆེན་ཚོ་མ་གཏོགས་བླ་ཆུང་ཚོར་ཁ་ཡ་མ་བྱས་བ་དེར་བསམ་འཆར་ཅུང་ཙམ་ཡོད་ས་རེད། ཡིན་ནའང་མགོ་ལ་རྡོ་ལོག་ཅིག་མ་བབས་པ་དེ་ཡག་པོ་རེད། ཨ་ལ་རྩེད་མོ་ཡིན།
ཧ་ཧ་་་་ ཁྱོས་མ་ཤེས་ནི་རེད། གྲོན་དངུལ་གྱིས་དཀའ་ཁག་ཅིག་ཡོད་པ་མ་གཏོགས། གར་འགྲོ་གར་འདུག་ས་ནས་ཨ་རོགས་ཟེར་ནི་ཞིག་ཀྱང་མེད་ན། རང་དབང་དང་གུ་ཡངས་ཀྱི་སྣང་བ་སྨྲ་མི་ཤེས་པ་ཞིག་འདུག
ཨ་རོགས། བླ་མ་དེ་ཁྱེད་ཚོའི་ལུང་བའི་སྐྱབས་མགོན་ཀྱང་ཡིན་ནི་མིན་ན། གོ་ཐོས་ལ། དེང་སྐབས་མཚོ་སྔོན་པོའི་འགྲམ་ངོགས་ན་གང་སར་མག་པར་ཕེབས་བཞིན་འདུག་ཟེར་ཡ།
བསྟན་ཤེར་ལགས། མཚོ་སྔོན་པོའི་འགྲམ་ནས་འབྲོག་མོ་ཚོས་དེང་སང་བླ་མ་རྒྱུ་མེད་ཚོ་ལས་གསལ་ལེ་རྒྱལ་བསོ་མོ་ཚོར་དགའ་བོ་བྱེད་བཞིན་འདུག་པས། རྗེས་མ་མཚོ་སྔོན་པོའི་ཕྱོགས་སུ་འགྲོ་ན་གསལ་ལེ་རྒྱལ་ཞིག་ཡིན་ཁུལ་བྱོས་དང་ཕྱག་མཇལ་ཞུ་མཁན་མེད་ནའང་ཞབས་མཇལ་ཞུ་མཁན་ཡོད་ས་རེད། ཧ་ཧ་ཧ་ཧ།
ཨ་ལགས་བསྟན་འཛིན་ཚང་མཚོ་སྔོན་པོའི་ཕྱོགས་སུ་ཕེབས་པ།
ཨ་ལགས་བསྟན་འཛིན་ཚང་གིས་ཕ་ཡུལ་ན་ད་དུང་འབྲོག་པ་ཚོའི་དད་པ་མ་ཡལ་བར་ཡོད་པའི་སྐད་ཆ་མང་བོ་འཕྲོ་རིམ་འཕྲོར་གོ་ནས་ཡོན་བདག་སྐྱོང་འདོད་ཀྱི་རྨི་ལམ་ཡང་ཡང་འཁོར། ཁོས་རང་གི་ཆོས་སྐྱོང་དར་དམར་ཅན་ལ་སྐྱབས་འཇུག་ཞུས་བ་བཞིན་རྒྱ་གར་ནས་བདེ་ལེགས་ངང་ཕྱིར་ཕ་ཡུལ་དུ་འབྱོར། ཕ་མ་དང་ཕུ་ནུ་ཚོར་ཐུག་འཕྲད་ཀྱིས་ཉིན་འགར་བསྡད་རྗེས་མཚོ་སྔོན་པོའི་ཕྱོགས་སུ་འགྲོ་འདོད་ཀྱི་མེ་ལྕེ་དྲག་ཏུ་འབར། ཁོས་ཉི་ཟླ་ཉག་ཁ་བརྒྱུད་ནས་རིག་སྨོན་ཡུལ་གྱི་རྒྱ་བཟང་ཀོང་ཇོའི་སྐུ་བརྙན་ལ་མཇལ་དར་བཀྱགས་ཏེ་ཡོན་བདག་མ་མང་བོ་རེག་པའི་སྨོན་ལམ་བཏབས། སྟབས་མ་ལེགས་པར་རིག་སྨོན་གློའུ་ཆུ་ཁམ་གང་འཐུང་བས་ཁོང་གི་དྲན་པ་ཡོངས་སུ་ཉམས། ཁོས་ཁ་འཐོར་དུ་གནས་བའི་འབྲོག་ཁྱིམ་ཚོའི་འདབས་སུ་ཡུབ་ནས་ཡོན་བདག་མ་མཛེས་མ་ཞིག་སྒོར་འབུད་པའི་རེ་བྱས།
ཡོན་བདག་སྐྱོང་ཞེས་བ་དེའང་མདོར་བསྡུས་ནས་བཤད་ན་སྒོར་མོ་དང་ཞི་མོ་རེག་པར་རེ་བ་ཞིག་ཡིན་ནའང་ཁོ་རང་ཅུང་ཙམ་འཕྱི་དྲགས་ནས་བླ་ཆེན་མང་བོ་ཁོའི་མདུན་དུ་ཤོར་ཞིང་མཛེས་མ་ཚང་མ་བདག་ཏུ་བཟུང་། ད་དུང་གསལ་ལེ་རྒྱལ་ཚོས་ཀྱང་ཁོ་ལ་བར་ཆད་བཏང་། དགོང་མོ་དེར་ཁོས་བླ་ཆེན་ཞིག་གིས་མཛེས་མ་ཞིག་ལ་གཅར་བརྡུང་བྱེད་པ་མཐོང་། ཁོ་རང་སྦྲ་འདབས་སུ་ཡུབ་ནས་བལྟས་བ་ན་མཛེས་བའི་དགའ་བོས་བླ་ཆེན་དེའི་མགོ་ལ་ལྕགས་མགོར་གྱིས་བརྒྱབས་ཏེ་ས་རུ་འགྱེལ་བ་དང་བླ་ཆུང་བསྟན་འཛིན་སྐྲག་སྣང་དང་བཅས་མཚོ་ཆུང་ནོར་བུ་བརྒྱུད་ནས་བྲོས།
མཚོ་སྔོན་པོ་མཐའ་སྐོར་ནས་ས་ཆ་གར་ཡོང་ནས་མི་ཤེས་པའི་བླ་རྫུན་དང་སྔགས་རྫུན་མང་པོས་དད་པའི་བགས་ཆགས་ཀྱི་ངམས་ཁ་ཐུག་པའི་འབྲོག་པ་ཚོར་ཐེངས་མང་མགོ་སྐོར་བཏང་པ་དེ་ཉུང་ཉུང་ཞིག་ག་ལ་ཡིན། ཡིན་ནའང་དེང་སང་འབྲོག་མོ་ཚོས་ཟ་ལེ་རྒྱལ་དང་དང་བླ་རྫུན་ཚོ་དོ་སྣང་བྱེད་རྒྱུ་ཕར་ཞོགས་རང་རང་སར་སྒོར་མོ་བཙལ་ནས་མ་ཁོམ་པར་བསྡད་འདུག
ཁུ་སིམ་མེར་ཡོད་པའི་གནའ་བོའི་མཚོ་སྔོན་པོ་དེ་དེང་སང་དཔལ་འབྱོར་འདུ་ར་ཞིག་དང་ཟིང་ཟིང་གི་ཁྲོམ་ར་ལྟ་བུར་གྱུར་ཡོད། ངས་ཀྱང་ཁ་སྔོན་མཚོ་སྔོན་པོ་ལ་གཡས་བསྐོར་ཞིག་བརྒྱབ་ནས་ཡོང་པ་ཡིན། རླངས་འཁོར་ལས་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་འགྲོ་དགོས་བྱུང་། རྫོངས་རེ་རེའི་ས་མཚམས་སུ་སླེབས་དུས་ལམ་ཁྲལ་མ་འདྲ་བར་སྤྲོད་དགོས་བྱུང་ལ། ཀེའུ་ཚལ་གྱི་མེ་ཏོག་སེར་ལམ་མེར་ཡོད་པའི་ཁྲོད་དུ་འབྲོག་པའི་སྦྲ་ནག་ཚོ་པར་ལེན་གྱི་དྲན་རྟེན་དུ་བྱས་འདུག། ད་དུང་ལེ་དབར་རེ་རེའི་མཚམས་སུ་འབྲོག་པ་དང་འབྲོག་མོ་ཚོ་དར་ཆུང་དམར་པོ་རེ་གཡུག་ཞོར་རླངས་འཁོར་རེ་རེའི་ཨང་གྲངས་ལ་བརྟག་ནས་མཚོ་སྔོན་གྱི་ཡིན་ན་སྒོར་བཅུ་དང་དེ་མིན་གཞན་ཐག་རིང་གི་ཡིན་ན་སྒོར་ཉི་ཤུ་རེ་བླངས་ནས་མཚོ་སྔོན་པོར་བལྟ་སྐོར་དུ་ཁྲིད་ཀྱིན་འདུག ཁྱིམ་ཚང་རེ་འགས་ཉིན་རེར་སྒོར་ཁྲི་རེ་ལེན་ཐུབ་པར་བཤད་ལ། དེ་མིན་སྤྱི་ཡོངས་ཀྱིས་ཉིན་རེར་མི་རེ་ནས་སྒོར་སུམ་བརྒྱ་བཞི་བརྒྱ་རེ་བཙལ་གྱིན་འདུག ཡིན་ནའང་མཚོ་སྔོན་པོ་ནི་དེང་སང་ཞིང་ཆེན་གྱིན་བདག་པོ་བརྒྱབ་ཏེ་ཡུལ་མི་ཚོས་ཡོངས་སྒོ་བཙལ་མི་ཆོག་པར་བཙན་བཀའ་གཏོང་བཞིན་འདུག ཡོངས་སྒོ་ཡོངས་རྫོགས་༡༥༡ ཡུལ་སྐོར་སྤྲོ་འཆམ་པའི་འབབ་ཚིགས་ནས་ལེན་དགོས་པར་བཤད་ཀྱིན་འདུག དེང་སང་༡༥༡ གི་ཡོང་སྒོ་ནི་ཉིན་རེར་རྒྱ་སྒོར་ས་ཡ་ བཅུ་ཡས་མས་ཡིན་པར་བཤད། ད་དུང་༡༥༡ འབབ་ཚིགས་དང་ཉེ་བའི་འབྲོག་ཁྱིམ་ཉེར་བཞི་ཡོད་པ་ལས་ཁྱིམ་ཚང་བཅུ་བདུན་ནས་ཕ་ས་གྲུ་བཞི་མོ་བཙོང་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཀྱང་འདུག
རི་བོ་ཉི་ཟླ་ནི་རྒྱ་བཟའ་ཀོང་ཇོ་བོད་ལ་མནའ་མ་ཡོང་སྐབས་སུ་གནས་དེར་དྲན་རྟེན་རྡོ་རིང་ཞིག་བཞག་ཡོད་ཟེར་ལ། མཚོ་སྔོན་པོའི་དཀྱིལ་ན་མཚོ་སྙིང་མ་ཧ་དེ་བ་ཟེར་བའི་གནས་རི་ཁྱད་པར་བ་ཞིག་ཡོད་པ་དེར་དེར་སློབ་དཔོན་རིན་པོ་ཆེ་ཕེབས་མྱོང་ཟེར་ལ། གྲུབ་ཐོབ་ཞབས་དཀར་ཚོགས་དྲུག་རང་གྲོལ་ལོ་གསུམ་རིང་གནས་དེར་སྐུ་མཚམས་ལ་བཞུགས་ནས་ལྟ་བ་ཡས་འཛེགས་དང་སྤྱོད་པ་མས་འཛེགས་ཀྱི་རྟོགས་པ་ཀློང་དུ་རྡོལ་ཟེར། ད་དུང་མདོ་སྨད་ཀྱི་འཁོར་ལོ་སྡོམ་པའི་ཕོ་བྲང་གནས་མཆོག་བྲག་དཀར་ལའང་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་ཡོད་ཟེར་མཁན་མང་ཡང་། བཀའ་ཐང་སོགས་སུ་སློབ་དཔོན་རིན་པོ་ཆེ་མདོ་སྨད་ཕྱོགས་སུ་ཕེབས་པའི་ལོ་རྒྱུས་མི་འདུག་མོད། རྒྱ་བཟའ་ཀོང་ཇོའི་དྲན་རྟེན་ཆེད་དུ་སྤེལ་བའི་རི་བོ་ཉི་ཟླ་ཟེར་བའི་དུས་དེབ་ཅིག་ཀྱང་མཐོང་མྱོང་།
དཔལ་དོན་འགྲུབ་རྒྱལ་ཀྱིས། ཨེ་མ་མཚོ་སྔོན་པོ། མི་རིགས་ཀྱི་ལ་རྒྱ། མེས་རྒྱལ་གྱི་དགའ་ཞེན།
ཉིན་འདི་ཚོར་ང་སྙན ་ངག་གྱེར་འདོན་གྱི་ལས་དོན ་ཕྱིར་དུ་ཕྱི་ཕྱོགས་སུ་ཡོད། ཕྱིར་འཁོར་མཚམས་རྩེད་མོ་ཡུན་གྱིས་རྩེད། ཟ་ལེ་རྒྱལ་གཙོ་བྱས་པའི་དྲ་གྲོགས་རྣམ་པ།