2010-2020ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་རྩ་གནད་ཀྱི་བསམ་འཆར།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།
བཅིངས་གྲོལ་གྱི་རྗེས་དང་། ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་ཀྱི་རྗེས་སུ་མཚོ་སྔོན་གྱི་སློབ་གསོ་ལ་འཕེལ་རྒྱས་བླ་ན་མེད་པ་བྱུང་ཞིང་། སྐད་གཉིས་སློབ་གསོའི་མ་ལག་མཚམས་མ་ཆད་པར་ཕུན་སུམ་ཇེ་ཚོགས་དང་། གཟེངས་སུ་ཐོན་པའི་གྲུབ་འབྲས་བྱུང་བས། རྒྱལ་སྤྱིའི་ལྟ་སྣང་ལའང་བར་མེད་དུ་རྒྱ་ཆེར་འཕེལ་བཞིན་པའི་སྣང་བ་ཞིག་སྤྲད་འོང་བ་དེའོ།། བོད་རིགས་རང་སྐྱོང་གི་ས་ཁུལ་རེ་འགས་གཟབ་ནན་བརྟན་བརླིང་དང་། ཚན་རིག་མཐུན་སྤྱོད། སྒམ་བརླིང་ནན་ཞིབ་བྱས་ཏེ་རྨང་གཞིའི་སློབ་གསོ་སྐད་གཉིས་སློབ་གསོའི་དུས་རིམ་དུ་བསླེབ་པར་སྐུལ་འདེད་བགྱིས་པས། སློབ་གསོའང་སྤང་ལ་མེ་སྟག་འཐོར་བ་བཞིན་རྒྱ་ཁབ་ཏུ་འཕེལ་ཏེ་ན་གཞོན་ཡིག་རྨོངས་ལས་ཐར་ཚད་ཀྱང་བརྒྱ་ཆའི་གོ་དྲུག་ལ་བསླེབས་པའོ།།
ལྷག་པར་དུ་རྨ་ལྷོ་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ཀྱིས་ཕྱོགས་ཡོངས་ནས་སྐད་གཉིས་མཉམ་སྒྲུབ་བྱས་པ་བརྒྱུད། སློབ་ཚན་མང་བོ་ཞིག་བོད་སྐད་ཡིག་གི་ལམ་དུ་བསླབས་པའི་ཉེར་ལེན་དེས་ཤེས་ལྡན་པའི་གྲངས་འབོར་མཐོ་རུ་ཕྱིན་ཏེ་ཞིང་ཆེན་གཞན་དག་གི་སྔོན་དུ་བགྲོད་ཐུབ་པ་བྱུང་ཞིང་། མིག་དཔེ་ལྟ་ཡུལ་ཞིག་ཏུ་གྲུབ་པ་ནི་གཡོལ་ས་མེད་པའི་དོན་དངོས་ཡིན་ནོ།། སྐད་གཉིས་དང་སྐད་མང་གི་སློབ་གསོ་དེས་ཤེས་ལྡན་མི་སྣ་གསོ་སྐྱོང་ཙམ་དུ་མ་ཟད། མཚོ་སྔོན་བོད་ཁུལ་གྱི་འཕེལ་རྒྱས་དང་ཡུན་གཏན་བདེ་འཇགས་ཀྱི་གཞི་རྩའི་སྟོབས་ཤུགས་ལའང་ཚད་ལས་བརྒལ་བའི་ནུས་པ་མངོན་ཐུབ་པ་བྱུང་སྟེ། ཁྱོན་ཡོངས་སུ་ཁྱབ་འདུག་ཅེས་སྨྲས་ནའང་ཐལ་བར་མི་སེམས་སོ།། འདི་དག་ནི་སྐད་གཉིས་སློབ་གསོ་ཡི་འབྲས་བུ་ཡར་ལྡན་དུ་བྱུང་བའི་ས་ཁུལ་ཁག་ཡིན་ནའང་། མངའ་ཁུལ་གྱི་དམངས་ཚོགས་དག་གི་ངོར་སློབ་གསོ་དང་སྐད་ཡིག་གི་ལས་དོན་ཕྱོགས་ལ་བསམ་ཚུལ་ཆེས་ཉུང་ས་ནི་འདི་དག་སྟེ། མཚོ་ཤར་དང་ཟི་ལིང་གི་ཁོངས་སུ་གཏོགས་པའི་བོད་ཀྱི་ཞིང་གྲོང་ཁག མཚོ་བྱང་། ཡུལ་ཤུལ་བཅས་ལ་བསམ་ཚུལ་ཆེས་ཉུང་ངོ་།།
ཁུལ་དྲུག་དང་ཞིང་ཆེན་ཐད་གཏོགས་སྲིད་འཛིན་སྡེ་ཁག་སོ་སོའི་ལས་བྱེད་དང་། སློབ་གསོའི་ལས་དོན་པ་སྟེ་ངེད་ཅག་གི་ལྟ་ཚུལ་ཡིན་ན། སྐད་གཉིས་སློབ་གསོའི་སྣེ་ཁྲོད་འོག་ཏུ་སློབ་གྲྭའི་སློབ་གསོ་ཡི་གོམ་སྟབས་ཐོག་མར་མགོ་བརྩམས་པ་ཡིན་ན། རང་སེམས་མགུ་འོས་པའི་གོམ་འགྲོས་ཤིག་ཡིན་པར་སེམས་སོ།།
ཉེ་ཆར་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་འདུའི་ཁྲོད་དུ། ༼2010-2020ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད།༽(གཤམ་དུ་༼རྩ་གནད༽ཅེས་འབོད་རྒྱུ།)ཅེས་པ་བཏོན་ཞིང་། རྒྱ་སྒོར་དུང་ཕྱུར༧༦དང་། ལོ་ངོ་གསུམ་གྱི་དུས་ཡུན་བེད་སྤྱད་ནས་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས་སྐོར་ཐག་བཅད་མཛད་པ་དང་། ལྷག་པར་དུ་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་སྐད་གཉིས་སློབ་གསོ་ལས་བརྒལ་བའི་སློབ་གསོའི་ལས་དོན་བསྒྲུབ་དགོས་པ་དང་། སྐད་གཉིས་དགེ་རྒན་གསོ་སྐྱོང་། བོད་རིགས་ས་ཁུལ་གྱི་སློབ་གསོའི་ཆ་རྐྱེན་འཐུས་ཚང་། བོད་ཁུལ་གྱི་སློབ་ཁྲིད་ཚད་གཞི་ཇེ་མཐོར་གཏོང་དགོས་པ་སོགས་ཀྱི་གྲོས་གཞི་ཐག་གཅོད་བྱས་པ་གོ་བས། ངེད་ཅག་གི་སེམས་པ་གཏིང་ནས་དགའ་བ་བྱུང་ངོ་།།
ཡིན་ནའང་། ༼མཚོ་སྔོན་རྩ་གནད༽ཀྱིས་རྒྱ་བོད་སྐད་ཡིག་གི་གཙོ་ཕལ་དབྱེ་འབྱེད་དང་། སློབ་ཁྲིད་ཀྱི་སྐད་གཅིག་གྱུར་བྱེད་པ་སོགས་དང་འབྲེལ་བའི་ཆེས་ལྕི་བའི་གནད་དོན་ཁ་ཤས་ཐག་གིས་བཅད་ཅིང་། སློབ་གསོའི་སྲིད་འཛིན་སྡེ་ཁག་དང་ས་ཁུལ་གཞན་དག་གིས་སློབ་གསོའི་གྲོས་ཆོད་དེ་གློ་རྡེག་ཏུ་ཐག་བཅད་པ་དང་། ཤུགས་དྲག་པོས་ལག་བསྟར་བགྱིས་པའི་རྒྱུ་རྐྱེན་གྱིས་ས་ཁུལ་ཁ་ཤས་ཀྱི་སློབ་མ་དང་སློབ་མའི་ཁྱིམ་བདག་ཡིད་མ་མགུ་བ་བྱུང་བས། ཟླ ༡༠ ཚེས ༡༩ ནས་བཟུང་རྨ་ལྷོ། མཚོ་ལྷོ། མགོ་ལོག མཚོ་བྱང་བཅས་བོད་རིགས་རང་སྐྱོང་ཁུལ་དྲུག་གི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་ཁྲོམ་སྲང་རྔམ་སྟོན་དང་། སློབ་རྭའི་ངོ་རྒོལ་བཅས་ཀྱི་འདུ་ཚོགས་བསྡུས་པ་ཙམ་དུ་མ་ཟད། སློབ་གྲྭ་ཆུང་འབྲིང་ལས་གཞན་པའི་ས་ཁུལ་ཁག་ཏུའང་རྔམ་སྟོན་གྱི་ལས་འགུལ་མུ་མཐུད་ནས་རྒྱ་ཆེ་རུ་འགྲོ་བཞིན་ཡོད། དེ་བས་རྒྱལ་ནང་དང་རྒྱལ་སྤྱིའི་ཁོར་ཡུག་ཏུའང་ཆེས་སྐྱུག་བྲོ་བའི་བག་ཆག་ངན་པ་འཇོག་བཞིན་འདུག་གོ།
ང་ཚོ་ནི་མཚོ་སྔོན་བོད་རིགས་ས་ཁུལ་ཏུ་སྲིད་དབང་གསར་འཛུགས་དང་། བསྒྱུར་བཅོས་འཕེལ་རྒྱས་ཀྱི་ལོ་རྒྱུས་དཔང་བོ་དང་། མིག་མཐོང་ལག་ཟིན་པ། འཕེལ་རྒྱས་སྐུལ་འདེད་པ་བཅས་ཡིན་པས་ན། ཐེངས་འདིའི་དོན་རྐྱེན་འདི་མ་ཤེས་མ་ཐོས་པའི་ཟོལ་དུ་བསྡད་དེ་ཁ་ཡ་མ་བྱས་ན་མི་འགྲིག་པས། མནོ་བསམ་གཏིང་ཟབ་དང་ཕྱིར་རྟོག་བགྱིས་ཏེ་ཐེངས་འདིའི་གལ་ཆེ་བའི་གནད་དོན་ལ་དྲང་ཕྱོགས་ནས་ལན་ཙམ་ལྡོན་རྒྱུ་ཡིན་ནོ།།
བོད་རིགས་ས་ཁུལ་གྱི་མི་རིགས་བརྟན་བརླིང་དང་། འཕེལ་རྒྱས་འདྲ་མཉམ། མཐུན་སྒྲིལ་རོགས་རེས། མི་རིགས་འཆམ་མཐུན་གྱི་འབྲེལ་ལམ་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ངེད་ཅག་གིས་ནམ་ཡང་གཡོལ་དུ་མེད་པའི་འགན་འཁྲི་ངོ་མ་དེ་ཡིན་ནོ།།
བོད་རྒྱ་རླུང་བརྙན་འཕྲིན་དང་ཚགས་པར་གྱིས་བང་ཡེས་པོ་ཐེན་ཀྲང་གི་དྲིས་ལན་གསལ་བསྒྲགས་བྱས་དོན། སློབ་ཕྲུག་གི་ཁེ་ཕན་དང་རེ་བ་བཞིན་ཁོང་ཚོས་ཤེས་རྟོགས་ཀྱི་ནུས་པ་གོམ་གང་མདུན་སྤོས་བྱེད་ཆེན་ཡིན་པ་མངོན་པར་མཚོན་ཡོད་ཟེར།
༼མཚོ་སྔོན་རྩ་གནད༽ ཁྲོད་དུ་རྒྱ་སྐད་གཅོ་བོ་དང་བོད་ཡིག་གཞོགས་ཁྲིད་ཡིན་ལ། རྒྱ་སྐད་ནི་སློབ་ཁྲིད་ཀྱི་སྐད་ཆར་བྱས་ཏེ་རྒྱ་ཡིག་སློབ་ཚན་སློབ་སྔོན་རིམ་པའི་སྐབས་ནས་གཟུག་དགོས་པའི་བླང་བྱ་བཏོན་པར་མ་ཟད། སློབ་མ་དང་སློབ་མའི་ཁྱིམ་བདག་སོགས་ཀྱིས་ཁེ་ཕན་གཙོ་བོར་བགྱིས་ཏེ་རྒྱུན་ལྡན་གྱི་རེ་བ་ཙམ་བཏོན་པ་ལའང་ཅི་མི་སྙམ་པར། གློ་རྡེག་ཏུ་ལག་བསྟར་བྱེད་པའི་ཐག་བཅད་མཛད་པ་རེད།
བང་ཐེན་ཀྲང་གིས“མཐུན་པ་གསུམ” གྱི་བླང་བྱ་བཏོན་པ་སྟེ། དང་བོ། ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ། གཉིས་པ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པ། གསུམ་པ། དམངས་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དང་འདོད་བློ་ལ་མཐུན་པའོ།། དེ་ལྟ་ནའང་། ཀྲུང་དབྱང་གི་ཡིག་ཆ་དང་། ད་ལྟའི་ཁྲིམས་ལུགས་ཀྱི་སྲིད་ཇུས། བོད་ཁུལ་དང་ལྷག་པར་དུ་ཞིང་འབྲོག་ས་ཁུལ་གྱི་སྐད་ཡིག་དང་འཚོ་བའི་དོན་དངོས་ལ་བལྟས་ན་དང་། ལྷག་པར་དུ་ང་ཚོས་བགྲང་བྱ་མང་བོའི་རིང་ཐད་དུ་མི་རིགས་ས་ཁུལ་དུ་ལས་ཀ་བསྒྲུབས་པའི་ཉམས་མྱོང་དང་ཤེས་རྟོགས་ལས་བལྟས་ན། མཐུན་པ་འདི་ཚང་མ་མི་མཐུན་པ་ཤ་སྟག་རེད། ང་ཚོས་བསམ་པར། དང་བོ“ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ”ཞེས་པ་ནི་དོན་དངོས་སྟེང་གཞི་འཛིན་ས་ཅི་དང་གང་ཡང་མེད་པར་མ་ཟད། དོན་དམ་དུ་ཀྲུང་དབྱང་གི་དགོངས་དོན་དང་འགལ་བ་འབའ་ཞིག་ལག་ལེན་དུ་བགྱིས་པ་ཡིན་པ་དེའོ།།
༼2010-2020ལོའི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད༽ཀྱིས་ཐེངས་དུ་མར་དམངས་ཀྱི་བསམ་འཆར་བསྡུ་ལེན་དང་སྤྱི་བསྒྲགས་བརྒྱུད་ནས། དམངས་ཀྱི་འདོད་བློ་དང་མཐུན་པ་དང་། ཁྲིམས་དང་རྒྱུ་མཚན་ལ་ལྟོས་པ་ཅན་ཞིག་གཏན་འབེབས་བགྱིས་པ་ཡིན་པས། དེའི་ཁྲོད་དུ། “སྐབས་དགུ་བའི་སློབ་གསོའི་”གཞོགས་གཅིག་སྟེ། “སྐད་གཉིས་སློབ་གསོ་ཡར་ལྡན་དུ་སྤེལ་བར་ཤུགས་སྣོན་བྱ་དགོས”ཞེས་བྲིས་ཡོད་པ་ལས། “ཕྱོགས་ཡོངས་ནས་རྒྱའི་སྐད་ཡིག་གསར་འཛུགས་དང་། རྒྱལ་ཁབ་ཀྱིས་ཐུན་མོང་དུ་སྤྱོད་བཞིན་པའི་སྐད་དང་ཡི་གེ་རྒྱ་ཁྱབ་ཏུ་སྤེལ་དགོས”ཞེས་སྤེལ་མི་འདུག་པ་དེས་སོ།།
གྲངས་ཉུང་མི་རིགས་ཀྱིས་སྤྱོད་བཞིན་པའི་རང་ཉིད་ཀྱི་སྐད་དང་ཡི་གེ་ཡི་བདག་དབང་དང་། སྐད་ཡིག་སློབ་གསོ་གོང་དུ་སྤེལ་བར་འགན་སྲུང་དང་བརྩི་བཀུར་བྱ་དགོས་པ་ནི་ཀྲུང་དབྱང་གི་དགོངས་དོན་གཤའ་མ་དེ་རེད་པས། དེ་ལ་གཞིགས་ནས་རྒྱའི་སྐད་ཡིག་ནི་གྲངས་ཉུང་མི་རིགས་ས་ཁུལ་(ལྷག་པར་དུ་བོད་རིགས་ས་ཁུལ)དུ་སྐད་ཡིག་ཨང་གཉིས་པར་གཞག་དགོས་པ་ནི་འཚོ་བའི་སྣང་ཚུལ་གྱིས་མངོན་པར་མཚོན་ནུས་པ་ཞིག་དང་གཏན་འཁེལ་བགྱིས་པ་ཞིག་གོ། རྒྱ་མི་རིགས་ལ་མི་འབོར་ཤིན་ཏུ་ནས་མང་བ་དང་། རྒྱའི་སྐད་ཡིག་གི་བེད་སྤྱོད་འབྱམས་ཀླས་པ། རྒྱའི་སྐད་ཡིག་གི་འཐབ་ཇུས་ཀྱིས་གོ་ལ་ཧྲིལ་བོར་ཤུགས་རྐྱེན་དམན་པ་མ་ཡིན་པ་འཇོག་གིན་སྣང་ན། བོད་རིགས་ལས་བྱེད་དམངས་ཚོགས་ཀུན་ལ་ཡང་དབྱིན་ཡིག་བསླབ་འདོད་ཀྱི་འདུན་པ་ཟློག་མེད་ཀྱིས་མངའ་བ་ལྟར། རྒྱའི་སྐད་ཡིག་བསླབ་འདོད་ཀྱང་དེ་དེ་བཞིན་མངའ་བ་ཡིན་ནོ།།
ཁྲིམས་ལུགས་ཀྱིས་སྤྲད་པའི་རང་དབང་དང་མངོན་འདོད་ལ་བརྩི་བཀུར་དང་འགན་སྲུང་བགྱིས་ཏེ། “མི་རིགས་རང་ཉིད་ཀྱིས་སྤྱོད་བཞིན་པའི་སྐད་དང་ཡི་གེ་དར་སྤེལ་སློབ་གསོ”རྒྱུན་བསྲིངས་ནས་འགྲོ་ཐུབ་ཚེ། མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་མྱོང་བའི་བདག་དབང་དེ་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་ཁེ་དབང་ཞིག་ཡིན་པར་བསྟན་ཡོད་པ་དང་མཐུན་ལ། དེ་མཚུངས་སུ་རྩིས་དངོས་རྫས་གསུམ་དང་། ཆབ་སྲིད། ལོ་རྒྱུས། ས་ཁམས། ཀུན་སྤྱོད་སོགས་སྐད་ཆའི་སློབ་གསོའི་རིགས་མ་ཡིན་པའི་བསླབ་ཚན་གང་ཡང་རྒྱའི་སྐད་ཡིག་གིས་འཁྲིད་དགོས་པའི་རེ་བ་དང་དམིགས་ཡུལ་ཅི་ཡང་བྲིས་མེད་ན། རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེའི་ལམ་ནས་སློབ་ཁྲིད་བྱེད་པ་གཙོ་བོ་དང་དུས་མཚུངས་སུ་མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པ། རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེ་ནི་སློབ་ཁྲིད་ཀྱི་སྐད་ཆར་བསྒྱུར་དགོས་སྐོར་བང་ཐེན་ཀྲང་གིས་སྤྱི་བསྒྲགས་བྱས་པ་དེས། ༼རྒྱལ་ཁབ་རྩ་གནད༽ཀྱིས་བཏོན་པའི་བླང་བྱ་སྟེ། “མི་རིགས་སྐད་ཡིག་སྲུང་འཛིན་གྱི་དབང་ཆ་ཡོད”ཅེས་པའི་ཐ་སྙད་དག་གཡོ་ཟོལ་གྱིས་ལྐོག་བརྗེ་བགྱིས་པ་རེད་དོ།།
གཉིས་པ་“རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པ”ཞེས་པ་ནི་དོན་དངོས་སྟེང་ལུང་ཚིག་ལོག་འདྲེན་བགྱིས་པ་ཡིན་པས། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་ཉེས་པ་ལྕི་ལ། རྒྱལ་ཁབ་ཀྱི་བྱ་སྤྱོད་དང་ཡང་དངོས་སུ་འགལ་བ་ཡིན་ནོ།། ཞིང་ཆེན་སློབ་གསོ་ཐིན་དང་བང་ཡེ་པོ་ཡིས་མི་རིགས་མང་བོའི་རྒྱལ་ཁབ་དང་། མི་རིགས་མང་བའི་ཞིང་ཆེན། རྒྱལ་ཁབ་ཀྱི་གནས་སྟངས་གང་ལའང་ཅི་མི་སྙམ་པར། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གྲྭ་སོ་སོ་རུ་མི་རིགས་རང་གི་སྐད་དང་ཡི་གེ་བསླབ་པའི་རང་དབང་དང་། བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་རང་དབང་བཅས་ལ་ཚོད་འཛིན་བགྱིས་ཏེ། རྒྱལ་ཁབ་ཀྱི༼རྩ་ཁྲིམས༽དང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁུལ་རང་སྐྱོང་ཁྲིམས་ལུགས༽དང་། (གཤམ་དུ། ༼རང་སྐྱོང་ཁྲིམས་ལུགས༽ཞེས་བྲི་རྒྱུ)༼སློབ་གསོའི་ཁྲིམས་ལུགས༽དང་། ༼རྒྱལ་ཁབ་ཐུན་མོང་གིས་བཀོལ་བའི་སྐད་ཡིག་ཁྲིམས་ལུགས༽(བསྡུས་མིང་ལ།༼སྐད་ཡིག་ཁྲིམས་ལུགས༽ )ཡོད་ཚད་གཞོགས་གཏུབ་དང་གཅོད་འབྲེག་བགྱིས་ཏེ། མདའ་སྐད་གླིང་བུར་བསྒྱུར་བ་དང་། ལུང་ཚིག་ལོག་འདྲེན་གྱིས་སྤྱི་བསྒྲགས་བྱས་པའི་རྣམ་པ་འདིས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་“ནོར་ཀློག”དང་། “གུས་མེད” “རྡོག་རལ”བགྱིས་པ་ལས་གཞན། རང་སྣང་གང་དྲན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འདྲེན་བཀོལ་དང་། ཀློག་འགྲེལ། གཡོ་བཅོས་སོགས་བགྱིས་པའང་ཡིན་ནོ།།
དང་བོ། བང་ཡེ་པོ་ཡིས་སློབ་ཁྲིད་སློབ་གསོའི་ཁྱབ་ཁོངས་སུ་མི་རིགས་རང་ཉིད་ཀྱི་སྐད་ཆ་བཀོལ་བ་ཚོད་འཛིན་བགྱིས་པ་དེ་ལ། ཁྲིམས་ལུགས་ཀྱི་རྒྱབ་རྩ་བརྟན་པོ་ཅི་དང་གང་ནའང་མེད་དེ། ༼རྩ་ཁྲིམས༽གྱི་དོན་ཚན་བཞི་བའི་དུམ་ཚན་བཞི་བར་བསྟན་དོན། “མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་དབང་ཆ་ཡོད”ཅེས་དང་། ༼སྐད་ཡིག་ཁྲིམས་ལུགས༽ཀྱི་དོན་ཚན་བརྒྱད་པ་ནའང་། གོང་གི་དེ་ལྷག་ཆད་མེད་པར་བསྟན་ཡོད་དེ། “མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་དབང་ཆ་ཡོད་པའོ།།”
(“ད་དུང་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་ཀྱི་ཁྲིམས་ལུགས་གཞིར་བཟུང་ནས། མི་རིགས་ས་ཁུལ་ལམ་མི་རིགས་རང་སྐྱོང་ས་ཁུལ་གྱི་འབྲེལ་ཡོད་ཁྲིམས་ལུགས་གཏན་འབེབས་བྱ་དགོས”ཞེས་བསྟན་པ་འདིས་མི་རིགས་རང་སྐྱོང་ས་ཁུལ་ཏུ་ཁྲིམས་ལུགས་ལག་ལེན་དུ་གདབ་དུས་རང་སྐྱོང་གི་ཁྲིམས་ལུགས་ལ་་གུས་བརྩི་བྱ་དགོས་པ་གསལ་བོར་མཚོན་ཡོད།)༼རང་སྐྱོང་གི་ཁྲིམས་ལུགས༽དོན་ཚན་བཅུ་བས་བསྟན་དོན། “མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་གནད་དོན་དང་། ས་ཁུལ་རང་ཉིད་ཀྱི་མི་རིགས་སོ་སོས་རང་ཉིད་ཀྱི་སྐད་དང་ཡི་གེ་དར་སྤེལ་དང་བཀོལ་སྤྱོད་ཀྱི་རང་དབང་ལ་འགན་སྲུང་བྱ་དགོས་སོ།།”ཞེས་པའོ།།
གཉིས་པ། སློབ་ཁྲིད་ཀྱི་རྒྱུན་བཀོལ་སྐད་ཆ་ངེས་པར་དུ་རྒྱལ་ཁབ་གཅིག་གྱུར་གྱིས་སྤྱོད་པའི་སྐད་ཡིག་གིས་མཚོན་པར་བྱ་དགོས། ཞེས་པ་འདི་ལ་ཁྲིམས་ལུགས་བྱེ་བྲག་པ་གང་གིས་རྒྱབ་རྩ་མི་ཐོབ་སྟེ། ༼རང་སྐྱོང་ཁྲིམས་ལུགས༽ཀྱི་དོན་ཚན་སོ་བདུན་པའི་དུམ་ཚན་གསུམ་པར། “གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་ལེན་གཙོ་བོར་བྱེད་པའི་སློབ་གྲྭ་དང་(འཛིན་རིམ)སློབ་གསོའི་སྡེ་ཁག་གཞན་དག་ལས། ཆ་རྐྱེན་ལྡན་པ་དག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་དེབ་ཆ་རྐྱེན་གཞིར་བཟུང་ནས་ལག་ལེན་དུ་གདབ་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་ནས་སློབ་ཁྲིད་བྱ་དགོས”ཞེས་བསྟན་འདུག་པ་འདི་ལས་གསལ་བོ་བཤད་རྒྱུ་གཞན་ན་མེད་པས། འགྲེལ་བཤད་ཀྱི་ངལ་བའང་མི་དགོས་སོ།། ༼སློབ་གསོའི་ཁྲིམས་ལུགས༽ཀྱི་དོན་ཚན་བཅུ་གཉིས་པར། “གྲངས་ཉུང་མི་རིགས་ཀྱི་སློབ་མ་གཙོ་བོ་ཡིན་པའི་སློབ་གྲྭ་རུ་ས་གནས་དེ་གའམ་ས་གནས་རང་ཉིད་ཀྱི་རྒྱུན་སྤྱོད་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་ལག་ལེན་དུ་གདབ་དགོས” ཞེས་བསྟན་འདུག
གོང་གི་ཁྲིམས་ལུགས་འདི་གཉིས་སློབ་གསོ་ཐེན་གྱི་ཐེན་ཀྲང་བང་ཡེ་པོ་ཡིས་མ་མཐོང་བ་རེད་དམ། མཐོང་ཡང་མ་མཐོང་བའི་ཟོལ་དུ་བྱས་པ་རེད། ཡང་ན། ༼སྐད་ཡིག་ཁྲིམས་ལུགས༽ཀྱི་ཁྲིམས་ལུགས་དུམ་ཚན་གཉིས་ལ་སྐད་གསར་བཅད་བྱ་བསམ་པ་རེད། གང་ཡིན་ཅི་ཡིན་ང་ཚོས་རྟོགས་དཀའ་འོ།།
བང་ཡེ་པོ་ཡིས་༼རང་སྐྱོང་ཁྲིམས་ལུགས༽དང་༼སྐད་ཡིག་ཁྲིམས་ལུགས༽གཉིས་ཀྱི་ལུང་ཚིག་ལོག་འདྲེན་བགྱིས་པ་གསལ་བོ་ཁེལ་བོ་ཡིན་པས་གཏིང་ཟབ་པའི་ཞིབ་འཇུག་དང་། ཕྱོགས་ཡོངས་སུ་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་ནི་མི་རེ་རེའི་ཕྲག་ཏུ་བབ་པའི་འོས་འགན་ཡིན་པའོ།།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྔོན་ཆད་ནས་ཁས་བླངས་ཤིང་དམ་བཅས་ཏེ་མི་རིགས་རང་སྐྱོང་ས་ཁུལ་གྱི་ལམ་ལུགས་གཏན་ལ་ཕབ་ཡོད་ནའང་། ། སྲིད་འཛིན་སྡེ་ཁག་ཅིག་གི་ཁྱབ་ཁོངས་ཀྱི་སློབ་གསོའི་ལམ་ལུགས་དང་། འཛིན་གྲྭའི་བྱེད་སྒོ་འདི་ལྟ་བུའི་སྐབས་སུ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱང་བྱུང་རྒྱལ་བསྒྱུར་བཅོས་བྱེད་པ་འདི་ནི། རྒྱལ་ཁབ་ཅིག་གི་གཞི་རྩའི་ཁྲིམས་ལུགས་ལ་ཞེ་གནག་དང་རྡོག་རལ་བཏང་བ་ཙམ་དུ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་དབང་ལ་ཚབས་ཆེ་བའི་མཐོང་ཆུང་བླ་ན་མེད་པ་བགྱིས་པ་ཡིན་ནོ།།
༼རང་སྐྱོང་ཁྲིམས་ལུགས༽བསྒྱུར་ཅིང་བཅོས་པའི་དབང་ཆ་འབའ་ཞིག་ནི་རྒྱལ་ཡོངས་དམངས་ཆེན་ལ་ཡོད་ཀྱི། དེ་ལས་གཞན་སྲིད་འཛིན་སྡེ་ཁག་བྱེ་བྲག་པ་ཞིག་དང་། ལྷག་དོན་དུ་ཞིང་ཆེན་རིམ་པའི་ལས་ཁུངས་འབའ་ཞིག་གིས་རང་སྣང་གང་དྲན་གྱིས་རྒྱལ་ཁབ་ཀྱི་རྨང་གཞིའི་ཁྲིམས་ལུགས་དང་། རྩ་དོན་ལ་ཚད་ལས་བརྒལ་སོང་བའི་བསྒྱུར་བཅོས་བྱ་བ་ནི་ཁྲིམས་ལུགས་ཀྱི་ཐག་གཅོད་ལ་བསམ་བཞིན་དུ་རྒྱབ་འགལ་བགྱིས་པ་ཡིན་ནོ།། ༼རང་སྐྱོང་ཁྲིམས་ལུགས༽ཀྱིས་རང་ཅག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏན་འབེབས་དང་། མི་རིགས་རང་སྐྱོང་ལམ་ལུགས་ཀྱི་གཞི་རྩའི་ཁྲིམས་ལུགས་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་དུ་གདབ་དགོས་པར་བསྟན་ཡོད་དེ། དོན་ཚན་སོ་དྲུག་པར་ཤུགས་ཆེན་པོའི་སྒོ་ནས། “མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་མཛད་ཕྱོགས་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཐག་གཅོད་རྨང་གཞིར་བཟུང་ཏེ། སློབ་གྲྭ་གསར་འཛུགས་དང་། སློབ་གྲྭའི་ལམ་ལུགས། སློབ་སྒྲུབ་ཀྱི་ངོ་བོ། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་བཀོལ་སྤྱོད་ཀྱི་སྐད་ཆ། སློབ་བསྡུའི་བྱེད་ཐབས་སོགས་ཐག་གིས་གཅད་དགོས་སོ།”ཞེས་པའོ།།
རང་སྐྱོང་ཁུལ་དྲུག་གི་ལས་ཁུངས་ཀྱིས་སྔོན་འགྲོའི་ཐག་གཅོད་ཙམ་ཡང་མེད་པར་ཞིང་ཆེན་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་འདི་ལྟར་རང་སྣང་གང་དྲན་གྱིས་གཏན་འཁེལ་བྱས་ཤིང་། འགན་ནུས་སྡེ་ཁག་གཅིག་གིས་འདི་ལྟར་སྤྱི་བསྒྲགས་བགྱིས་པ་ནི། མི་རིགས་ཀྱི་རིགས་པའི་གཞུང་ལུགས་ལ་འགལ་བ་དང་། སྲིད་ཇུས་ཀྱི་དབང་ཐང་དང་སྙན་གྲགས་ལ་ཐོ་བཙམས་པ། གནས་ལུགས་གསེད་དགྲོལ་གྱི་དབང་ཆ་ཕྲོགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་དངོས་ཡོད་ཁྲིམས་ལུགས་དང་མི་རིགས་ཀྱི་སྲིད་ཇུས་ལ་ཚབས་ཆེ་བའི་གནོད་པའི་ལས་བརྩམས་པ་དང་། མི་རིགས་ཀྱི་རིགས་པའི་གཞུང་ལུགས་ལ་གནག་པའི་སྦྱོར་བ་བཤམས་པ། སྲིད་ཇུས་ཀྱི་དབང་ཐང་ལ་རྒོལ་བའི་བྱ་བ་བྱས་ཡིན་པས། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་ལུགས་ལ་རྟོན་པའི་འདུ་ཤེས་དེའང་རྨེག་ནས་གཞོམ་པར་མཛད་སོང་ངོ་།།
ཕྱོགས་གཞན་ཞིག་ནས་བཤད་ན། རྒྱ་ཡིག་གི་སློབ་ཚན་དག་སློབ་ལོ་མ་རན་པའི་དུས་རིམ་ནས་གསར་འཛུགས་དང་། སློབ་ལོ་མ་རན་པའི་གོང་ནས་སྐད་གཉིས་སློབ་གསོ་ཤུགས་ཆེན་དུ་བྱ་བ་དེས། དུས་བསྟུན་མདུན་སྐྱོད་བྱེད་པའི་མི་རབས་རྗེས་མ་དག་གི་དུས་རབས་གསར་སྐྲུན་བྱེད་པའི་བློ་སྟོབས་ལའང་ཉམས་དམས་ཆེན་པོ་བཟོས་པ་ཡིན་ནོ།།
(༼མཚོ་སྔོན་རྩ་གནད་༽ལས། མི་རིགས་ས་གནས་ཁག་ཏུ་སློབ་ལོ་མ་རན་གོང་གི༼སྐད་གཉིས༽ཅན་གྱི་བུ་བཅོལ་ཁང་འཛུགས་པར་རྒྱབ་སྐྱོར་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་ཀྱི་བུ་བཅོལ་ཁང་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་འཛིན་གྲྭ་འཛུགས་རྒྱུ་སྐུལ་སྤེལ་བྱ་རྒྱུ། འདི་སྒྱུར་མཁན་གྱི་མཆན་ཡིན)
༼རྒྱལ་ཁབ་རྩ་གནད༽དང་། ༼མཚོ་སྔོན་རྩ་གནད༽གང་ཡིན་ནའང་། སློབ་ལོ་མ་རན་པའི་གོང་ནས་སྐད་གཉིས་སློབ་གསོ་དར་སྤེལ་བྱ་བའི་ཕུགས་བསམ་དང་འཆར་གཞི་ཡོད་པ་གསལ་བོ་རེད། ང་ཚོས་བལྟས་ཡོང་ན། ༼རང་སྐྱོང་ཁྲིམས་ལུགས༽ཀྱི་དོན་ཚན་སོ་བདུན་པའི་དུམ་ཚན་གསུམ་པར། ། “གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་ལེན་གཙོ་བོར་བྱེད་པའི་སློབ་གྲྭ་དང་(འཛིན་རིམ)སློབ་གསོའི་སྡེ་ཁག་གཞན་དག་དང་། སློབ་ཆུང་གི་དམའ་རིམ་འཛིན་གྲྭ་དང་། ཡང་ན་མཐོ་རིམ་འཛིན་གྲྭའི་གནས་སྟངས་གཞི་ལ་བཞག་ནས་རྒྱའི་སྐད་ཡིག་གི་སློབ་ཚན་གསར་འཛུགས་བྱ་དགོས། རྒྱལ་ཁབ་གཅིག་གྱུར་གྱིས་སྤྱོད་པའི་སྤྱི་སྐད་དང་རྒྱའི་སྐད་ཡིག་རྒྱ་ཁྱབ་ཏུ་སྤེལ་དགོས།”ཞེས་བསྟན་ཏེ། རྒྱའི་སྐད་ཡིག་སློབ་པའི་དུས་ཚོད་དམའ་རིམ་དང་མཐོ་རིམ་འཛིན་གྲྭར་ཚད་བཟུང་བ་དེ་ནི། མི་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་གི་གནས་བབ་དང་མཐུན་པ་དང་། རྒྱལ་ཁབ་གཅིག་གྱུར་གྱིས་སྤྱོད་པའི་སྐད་ཡིག་དར་སྤེལ་གྱི་དགོས་མཁོ་དང་མཐུན་པ། གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱིས་པའི་སྐད་ཡིག་གི་བསམ་གཞིགས་དང་། ཤེས་རྟོགས། རིན་ཐང་ལྟ་ཚུལ་གྱི་ཆོས་ཉིད་དང་མཐུན་པའོ།། ད་དུང་མི་རིགས་མང་བོའི་རྒྱལ་ཁབ་ཅིག་གི་སྣ་མང་རིག་གནས་ཀྱི་རྨང་གཞིའི་ཕྱོགས་གཅིག་གིས་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་འཛུགས་སྐྲུན་བླ་ན་མེད་པ་བྱ་ཐུབ་པས་སོ།།
སྐུ་ཞབས་བང་ཡེ་པོ་སོགས་མི་རིགས་ཆེན་མོའི་ལུགས་འཛིན་པ་དག་གིས་སྒེར་གྱི་འདོད་བློ་འབའ་ཞིག་གཞིར་གཟུང་རྒྱུ་ལས། བསམ་བློ་གཞན་དུ་མ་འཁོར་བ་ཡིན་ན། བོད་ཀྱི་༣ ༡༤ དང་། ཞིན་ཅང་གི་༧ ༥ དོན་རྐྱེན་བཞིན་རྐྱེན་ངན་པར་འགྲོ་སྲིད་པས། རྒྱ་ཡིག་གི“སློབ་གསོས་བློ་འགུགས”ཀྱི་ནུས་པ་དང་བྱེད་ཐབས་ཚོད་འཛིན་བགྱིས་ན་ལེགས་སོ།།
གསུམ་པ། ཐུན་མོང་གི་སྐད་ཡིག་ཅེས་པ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ཁོ་ན་ཡིན་པར་བསྙད་པ་དེ་ནི། མ་ཤེས་པ་དང་། བསྙད་བཙུགས་པ་དང་། དེ་ལས་ཀྱང་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཀྱི་གཞི་རྩའི་ཁྱད་ཆོས་དང་། མ་རིགས་རང་སྐྱོང་ས་ཁུལ་གྱི་རྨང་གཞིའི་ལམ་ལུགས་ལ་མཐོང་ཆུང་བྱས་པ་ཁོ་ན་རེད་དོ།།
སློབ་ཁྲིད་ཀྱི་སྐད་ལ་རྒྱ་སྐད་ཁོ་ན་བདམས་པ་ལ་ཆ་བཞག་ནའང་། བང་ཡེ་པོ་ཡིས་སྤྱི་འགྲོས་སྐད་ཡིག་གི་ཚད་གཞི་ནི་རྒྱལ་ཡོངས་གཞུང་འབྲེལ་གྱི་སྐད་ཡིག་ཁོ་ན་གཞིར་བཟུང་ནས་བཤད་ཀྱིན་ཡོད་ནི་ཐག་གིས་ཆོད་པའོ།། བཤད་ཚུལ་འདི་ཁུངས་ལུང་ཅི་དང་གང་ན་ཡང་མེད་ཅིང་རྐང་ཚུགས་མི་ཐུབ་པའི་འཆལ་གཏམ་ཞིག་ཡིན་ཏེ། ཁོས་གཞུང་འབྲེལ་གྱི་སྐད་ཡིག་དང་རྒྱལ་ཁབ་ཐུན་མོང་གིས་སྤྱོད་པའི་སྐད་ཡིག་གི་ས་མཚམས་མ་ཤེས་པར་ཉ་ཉུང་མཉམ་བསྲེས་བགྱིས་པ་ཙམ་དུ་མ་ཟད། ཡང་བསྐྱར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐད་ཡིག་ཁྲིམས་ལུགས་ལ་རྒྱབ་འགལ་བྱས་པ་ཁོ་ན་ཡིན་ཏེ། ༼སྐད་ཡིག་ཁྲིམས་ལུགས༽ སུ། དོན་དངོས་སྟེང་རྒྱ་སྐད་ཀྱི་ཡུལ་སྐད་སྣ་ཚོགས་དང་། སྲོལ་རྒྱུན་དཔེ་དེབ་འབྲི་རྩོམ་ཁྲོད་སྤྱི་སྐད་འོས་འཚམས་ཀྱིས་བདམས་ཏེ་བེད་སྤྱོད་པ་དང་། ཐུན་མོང་གིས་སྤྱོད་པའི་རྒྱ་ཡིག་གི་ཚད་གཞི་དང་མཐུན་པར་བྱ་རྒྱུ་ལས་གཞན། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིགས་གནས་རྣམ་བཤད་དང་འབྲེལ་བ་ཅི་ཡང་མེད་དོ། (དོན་ཚན་བརྒྱད་པར། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་དར་སྤེལ་དང་བེད་སྤྱོད་ཀྱི་དབང་ཆ་ཡོད) ༼རང་སྐྱོང་ཁྲིམས་ལུགས༽ཀྱི་དོན་ཚན་ཉེར་གཅིར་པར་ཡང་བསྐྱར་བསྟན་དོན། “མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འོས་འགན་ལག་བསྟར་བྱེད་པའི་སྐབས་སུ། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་གཞི་ལ་བཞག་སྟེ། ས་གནས་དེ་གའི་རྒྱུན་སྤྱོད་ཀྱི་སྐད་ཡིག་སྣ་གཅིག་ཅན་ནམ། སྣ་མང་ཅན་བཀོལ་སྤྱོད་བྱེད་དང་དུས་མཚུངས་སུ། སྣ་མང་ཅན་གྱི་སྐད་ཡིག་བཀོལ་སྤྱོད་ཀྱིས་འོས་འགན་ལག་བསྟར་བྱ་དགོས་པར་མ་ཟད། མི་རིགས་རང་སྐྱོང་ས་ཁུལ་གྱི་སྐད་དང་ཡི་གེ་གཙོ་བོར་བྱེད་པ་ལག་ལེན་དུ་གདབ་དགོས།”ཞེས་སོ།།
རྒྱལ་ཁབ་ཐུན་མོང་གིས་སྤྱོད་པའི་སྐད་ཡིག་དང་། གཞུང་འབྲེལ་གྱི་སྐད་ཡིག་གཉིས་ཉ་ཉུང་མཉམ་བསྲེ་བགྱིད་པ་འདི་འདྲ་བ་ནི། སློབ་གསོའི་སྲིད་འཛིན་སྡེ་ཁག་ཅིག་དང་། ལྷག་པར་དུ་མཚོ་སྔོན་ལྟ་བུའི་མི་རིགས་མང་བོ་མཉམ་སྡོད་ཀྱི་ཞིང་ཆེན་འདི་ལྟ་བུ་ཞིག་ཏུ་ཤིན་ཏུ་ནས་མི་འོས་པ་ཞིག་གོ། གཞུང་འབྲེལ་གྱི་སྐད་ཡིག་ནི་རྒྱལ་ཁབ་ཀྱི་སྤྱི་དམངས་དང་། སྲིད་གཞུང་ལས་ཁུངས་བར་དུ་སྨྱན་བྱེད་སྐབས་སུ་བཀོལ་པའི་སྐད་དང་ཡི་གེ་ཡིན་ལ། རྒྱལ་ཁབ་ཁ་ཤས་ལ་གཞུང་འབྲེལ་སྐད་ཡིག་གཅིག་དང་། ཁ་ཤས་ལ་དུ་མ་ཡོད་པ་ཡིན་ནོ།། (དཔེར་ན་རྒྱ་གར་ལྟ་བུའོ།)དེ་ལྟ་ནའང་། མི་རིགས་མང་བའི་གཅིག་གྱུར་གྱི་རྒྱ་ནག་རྒྱལ་ཁབ་ལྟ་བུར་མཚོན་ན། རྒྱལ་ཁབ་གཅིག་གྱུར་གྱིས་སྤྱོད་པའི་སྐད་དང་ཡི་གེ་ཡོད་པ་ཡིན་ནའང་། དེ་ནི་གཞུང་འབྲེལ་གྱི་སྐད་ཡིག་འབའ་ཞིག་མིན་ནོ།།
༼རང་སྐྱོང་ཁྲིམས་ལུགས༽སུ་གསལ་བོར་བསྟན་དོན། མི་རིགས་རང་སྐྱོང་ས་གནས་ཀྱི་སྐད་ཡིག་ནི་ས་ཁུལ་རང་ཉིད་ཀྱི་མི་རིགས་སྐད་ཡིག་ཡིན་མོད། ཐོག་མར་ས་ཁུལ་རང་སྐྱོང་གི་གཞུང་འབྲེལ་སྐད་ཡིག་བཀོལ་སྤྱོད་བྱ་དགོས། མི་རིགས་རང་སྐྱོང་ས་ཁུལ་ལས་གཞན། རྒྱ་ནག་གི་གཞུང་འབྲེལ་སྐད་ཡིག་ནི་སྣ་གཅིག་ཅན་ཡིན་གཤིས། མི་རིགས་རང་སྐྱོང་གི་ས་ཁུལ་དུ་ས་གནས་དེ་གའི་མི་རིགས་ཀྱི་སྐད་ཡིག་དང་། རྒྱལ་ཁབ་ཐུན་མོང་གི་སྐད་ཡིག་བཀོལ་བ་དང་དུས་མཚུངས་སུ། མི་རིགས་རང་སྐྱོང་ས་ཁུལ་གྱི་གཞུང་འབྲེལ་སྐད་ཡིག་བཀོལ་ན་འོས། མི་རིགས་རྒྱལ་ཁབ་ལས་གཞན། མི་རིགས་གནས་སྤོར་རྒྱལ་ཁབ་དང་། མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ཀྱང་གཅིག་ཁོ་ན་མ་ཡིན་ལ། དེ་བཞིན་དུ་སློབ་ཁྲིད་ཀྱི་སྐད་ཡིག་ཀྱང་སྣ་མང་ཡོད་པ་ཡིན་ནོ།།
བཞི་བ། སྐད་གཉིས་སློབ་གསོའི་གྲུབ་འབྲས་ལ་ཡིད་རྟོན་པ་དངོས་གནས་ཡིན་ན། སྐད་གཉིས་སློབ་གསོའི་དཀའ་ཁག་གི་གནད་དོན་བོད་སྐད་བོད་ཡིག་ལ་ཁག་དཀྲི་ས་ཡེ་ནས་མེད་དོ།།
ཝང་ཡེའུ་པོ་ཡིས“སྐད་གཉིས་སློབ་གསོ་ཡུན་རིང་འཕེལ་རྒྱས་སུ་ཕྱིན་ཡོད་པ་དང་། རྨང་གཞི་ནས་མཐོ་རིམ་སློབ་གསོ་བཅས་སྐད་གཉིས་སློབ་གསོའི་མ་ལག་གི་རྨང་གཞིའང་བཙུགས་ཡོད། དེ་མིན་རྒྱ་བོད་སྐད་གཉིས་ཡར་ལྡན་དུ་ཚང་བའི་སྤྱི་ཚོགས་རིང་ལུགས་འཛུགས་པ་བོ་དང་། རྗེས་མཇུག་པ་མང་བོ་ཞིག་སྐྱེད་སྲིང་བྱས་ཡོད་པ་དེའོ།། སྐད་གཉིས་པ་དག་གིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་ནུས་པ་ཆེན་པོ་བཏོན་དང་འདོན་བཞིན་པ་ཡིན་ན་ ‘ནུས་པ་དེ་དག་གི་ཚབ་གང་གིས་བྱ་ཐུབ’ཅེས་བརྗོད་ཡོད། ”
བཤད་སྲོལ་དེ་ནི་དངོས་པོའི་ཆོས་ཉིད་དང་མཐུན་ལ། བདེན་པ་བདེན་དྲང་། དོན་དངོས་དང་ཡང་མཐུན་ཞེས་བརྗོད་ན་འགྲིག ང་ཚོ་རྒན་ཡོལ་གཞུང་འཛིན་པ་ཚོ་ནི་ལོ་རྒྱུས་ཀྱི་བྱུང་བ་ཡོད་ཚད་ཀྱི་དཔང་པོ་ཡིན་པ་ལས་གཞན། རྒན་རབས་པ་གང་མང་ཞིག་གིས་རང་གི་ཚེ་མཇུག་ཀྱང་དེའི་སླད་དུ་བཏང་བ་ཡོད་དོ།།
སློབ་གསོ་སྡེ་ཁག་གིས་བླ་མེད་ཀྱི་འབྲས་བུ་འདི་འདྲ་མཐོང་བཞིན་དུ། ཨུ་ཚུགས་ཀྱིས་སྐད་གཉིས་སློབ་གསོ་མེད་པར་གཏང་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། སྐད་ཡིག་ལ་གཙོ་ཕལ་ཅིའི་ཕྱིར་དབྱེ། སློབ་ཁྲིད་ཀྱི་སྐད་བརྡ་རྒྱ་སྐད་ཡིན་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། མི་རིགས་སློབ་གསོ་ཞེས་པ་རྨེག་མེད་དུ་བགྱི་དགོས་པ་ཅིའི་ཕྱིར་ཡིན་ནམ། སྐད་གཉིས་སློབ་གསོས་བརྟུན་པ་ཆེར་བསྐྱེད་དང་། དཀའ་སྤྱད་བརྩོན་ཞིབ་ཀྱིས་ཐོབ་པའི་འབྲས་བུ་འདི་འདྲ་ལ་སྡང་ཟུག་དང་རྩ་མེད་བྱ་དགོས་པ་གང་གི་ཕྱིར་དུ་ཡིན་ནམ། ང་ཚོས་བསྟུན་ཐབས་བྲལ་བ་ཞིག་ནི་སྐད་གཉིས་སློབ་གསོའི་ཁྲོད་ཀྱི་དཀའ་ངལ་གང་མང་ཞིག་བོད་སྐད་ཡིག་“སློབ་ཁྲིད་ཀྱི་སྐད་ཡིག”བགྱིས་པ་ལ་ཁག་དཀྲིས་ནས་ཡོད་པ་དེའོ།། དེ་ནི་རིས་གཅོད་ཀྱི་བསམ་བློ་དང་། དཀྱེལ་ཡངས་མ་ཡིན་པའི་བསམ་བློ། དོན་དངོས་ཀྱིས་གཞི་འཛིན་ས་གཅིག་ཀྱང་མེད་པའི་འཆལ་གཏམ་འབའ་ཞིག་གོ།།
ཉེ་བའི་དུས་ཀྱི་༩-༡༩)རྔམ་སྟོན་ལས་འགུལ་ཐོག་མ་བྱུང་སའི་རྨ་ལྷོ་ཁུལ་རོང་བོ་གྲོང་བརྡལ་ལ་ལྟོས་ནས་བཤད་ན། མཐོ་འབྲིང་སློབ་གྲྭ་གཉིས་ཀྱི་ནང་དུ་བོད་དབྱིན་རྒྱ་གསུམ་ལ་ཐོས་པ་བྱེད་པ་ལས་གཞན། ཁུལ་དེའི་ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་མཐོ་འབྲིང་རིམ་པར་སྐད་ཡིག་ལ་མི་གཏོགས་པའི་སློབ་ཚན་དག་ཀྱང་བོད་ཡིག་གི་ལམ་དུ་ཁྲིད་བཞིན་ཡོད། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གིས་རྒྱ་བོད་སྐད་གཉིས་འཛིན་རིམ་སོ་སོའི་སློབ་ཁྲིད་ཀྱི་སྐད་ཡིག་ཏུ་བདམ་ན་འགྲིག་པ་དེའོ།།
སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་བདེན་དཔང་འདི་ལྟར་རྙེད་ཡོད་དེ། ཐུན་རིན་མི་རིགས་སློབ་འབྲིང་ཁུལ་སློབ་འབྲིང་ལས་རབ་ཏུ་གྱུར་བ་དང་། ཁུལ་སློབ་འབྲིང་གི་བོད་ཡིག་འཛིན་གྲྭ་དག་རྒྱ་ཡིག་འཛིན་གྲྭ་ལས་རབ་དང་ཕུལ་ཏུ་གྱུར་སོང་བ་ལག་ལེན་གྱི་དཔང་བོ་ཡིན་པས་འདི་ལ་གསེད་དགྲོལ་ཇི་ལྟར་བྱ། སླར་ཡང་བཤད་ན། རྨ་ལྷོ་དང་མཚོ་ལྷོ་གཉིས་ཀྱིས་དུས་ཡུན་རིང་བོར་བོད་སྐད་ཀྱི་ལམ་དུ་སློབ་ཁྲིད་བྱས་པ་དང་། མཚོ་བྱང་། མཚོ་ནུབ། ཡུལ་ཤུལ་གསུམ་གྱིས་བོད་ཡིག་སློབ་ཚན་སྐད་ཡིག་སློབ་ཚན་ཁོ་ནའི་ངོ་བོར་བཞག་ཡོད། (ཡང་ན་བདམ་བྱའི་སློབ་ཚན)ཁུལ་སྔ་མ་གཉིས་ཀྱི་སློབ་གསོའི་སྤུས་ཚད་ཀྱིས་ཕྱི་མའི་ཁུལ་གསུམ་ཟིལ་གྱི་མནན་སོང་བར་ཇི་ལྟར་འགྲེལ།
སློབ་ཁྲིད་སྐད་ཡིག་བཅོས་བསྒྱུར་གྱི་གནད་དོན་གལ་བོ་ཆེ་འདི་ནི། ཆེས་ཐོག་མར་རྨ་ལྷོ་ཁུལ་སློབ་འབྲིང་དང་པོ་རུ་བཙུགས་སོང་ལ། ཤེས་རྟོགས་ཀྱི་རྨང་གཞི་གསལ་བོར་མངོན་པ་ཞིག་ནི་ཉམས་མྱོང་རིང་ལུགས་ཞེས་སྨྲ་བ་དེའོ།།
བླ་ན་མེད་པའི་གྲུབ་འབྲས་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་དག་འཕྲེད་བཅད་ཀྱིས་བཅོས་སྒྱུར་བྱེད་པར་དང་ལེན་མི་བྱེད་པའི་དགེ་སློབ་དང་། ཁྱིམ་བདག་དག་ལ་གུ་ཡངས་དགོངས་བཞེས་གནང་ན་རེད།
བཅིངས་འགྲོལ་རྗེས་ཀྱི་མི་རིགས་སྐད་ཡིག་དང་སྐད་གཉིས་སློབ་གསོའི་གནད་དོན་ཐད་དྲང་ལྡོག་ཕྱོགས་གཉིས་གའི་ཉམས་མྱོང་གཞི་རྩར་བཞག་ནས་བསམ་བློ་རེ་བཏང་ཚེ། “སློབ་གྲྭའི་སློབ་ཁྲིད་ཀྱི་སྐད་ཡིག་བསལ་འདེམས་དེ་དམངས་ཚོགས་ཀྱི་འདོད་མོས་དང་ས་གནས་དེ་གའི་མི་རིགས་ཀྱི་སྐད་ཡིག་ཁོར་ཡིག་གིས་ཐག་གིས་གཅད་དགོས་ལ།”(༡༩༩༢ལོར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་དང༌། རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྤེལ་བའི་༼མི་རིགས་སློབ་གསོའི་ལས་དོན་ཤུགས་ཆེན་པོས་བསྒྲུབ་དགོས་པའི་གནད་དོན་སྐོར་གྱི་བསམ་ཆར༽ལས།) ཞིང་ཆེན་གྱི་སྲིད་འཛིན་སྡེ་ཁག་རིམ་པའི་དབུ་ཁྲིད་ཀྱིས་མི་སྒེར་གྱི་འདོད་མོས་གཞི་ལ་བཟུང་ནས་བརྗེ་སྤོར་བགྱིས་མི་ཆོག
གོང་གི་ཤེས་རྟོག་དང་བསམ་ཞིབ་ལ་རྐང་བཙུགས་ནས་ང་ཚོས་རེ་བ་ཁ་ཤས་གདོན་པར་བྱའོ།།
༡༽ སློབ་ཁྲིད་ཀྱི་སྐད་ཡིག་ལ་རྒྱ་སྐད་ཁོ་ན་བཀོལ་དགོས་པའི་ཁྲིམས་འགལ་གྱི་ཆོད་དོན་གློ་རྡེག་ཏུ་མཚམས་གཞག་དགོས།
༼རང་སྐྱོང་ཁྲིམས་ལུགས༽ཀྱི་དོན་ཚན་ཉི་ཤུ་བར། “ གལ་སྲིད། གོང་རིམ་ལས་ཁུངས་ཀྱི་གྲོས་ཆོད། གཏན་འབེབས། བཀའ་རྒྱ་དང་བཀའ་སློབ་སོགས་ མི་རིགས་རང་སྐྱོང་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མི་མཐུན་ཚེ། རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ། བབ་བསྟུན་བཅོས་བསྒྱུར་བགྱི་བའམ། ལག་ལེན་དུ་མི་བསྟར་རྒྱུའི་ཆོག་མཆན་ཞུས་ཆོག དེ་བཞིན་དུ་འབྲེལ་ཡོད་གོང་རིམ་ལས་ཁུངས་ཀྱིས་སྙན་ཞུ་འབྱོར་ནས་ཉི་མ་དྲུག་ཅུ་མ་འགྱངས་པར་ཡ་ལན་སྤྲོད་དགོས ”ཞེས་འཁོད་ཡོད།
ད་ལྟའི་གནས་སྟངས་དང་ཆ་རྐྱེན་འོག་ཏུ། རྒྱལ་ཁབ་གོང་རིམ་གྱི་ཡིད་མཐུན་ཆོག་མཆན་མེད་པར་སྲིད་གཞུང་འགན་ནུས་སྡེ་ཁག་ཅིག་གིས་འདི་འདྲའི་ཁྲིམས་ལུགས་ཀྱི་གཏན་འབེབས་དང་རྒྱབ་འགལ་ཏུ་གྱུར་པའི་སྒྱུར་བཅོས་བཏང་ཡོད་གཤིས། ང་ཚོས་འབོད་སྐུལ་ཞུ་རྒྱུར། རྒྱལ་ཡོངས་དམངས་ཆེན་དང་། ཞིང་ཆེན་དམངས་ཆེན། ཁུལ་དྲུག་གི་དམངས་ཆེན་གྱིས་མོས་མཐུན་མ་བྱས་གོང་། མི་རིགས་རང་སྐྱོང་ཁུལ་དྲུག་གིས་གཙོ་བར་བྱས་པའི་མི་རིགས་འདྲེས་སྡོད་ས་ཁུལ་ཏུ་ཁྲིམས་འགལ་གྱི་སྲིད་ཇུས་འདི་མཚམས་གཞག་དགོས། ཞིང་ཆེན་སློབ་གསོ་ཐེན་གྱིས་ཡང་དང་བསྐྱར་དུ་ནོར་འཁྲུལ་གྱི་ལས་མི་བསག་རྒྱུ་དང་། མེ་སྟག་ཆུང་ཆུང་གིས་ཡངས་པའི་སྤང་ལྗོངས་མི་བསྲེག་རྒྱུར་རེ་བ་བྱས་ནས་ཡོད།
དེ་མིན་གློ་རྡེག་ཏུ་སྤྱི་བསྒྲགས་བྱས་ནས། བོད་ཁུལ་མང་ཚོགས་ཀྱི་སློབ་གསོའི་དགོས་ངེས་དང་འཕེལ་རྒྱས་ཀྱི་ཁེ་ཕན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་ལུགས། ཁྲིམས་ཀྱི་སྒྲོམ་གཞི་དང་རྨང་གཞིའི་སྲིད་ཇུས་སྣང་མེད་དུ་བྱས་ཏེ། རྒྱལ་ཁབ་ཀྱི་སྙན་གྲགས་ལ་གནོད་བསྐྱལ་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་འགས་གཏོར་བྱས་པའི་བྱ་སྤྱོད་འདི་ནོར་འཁྲུལ་དུ་ཁས་བླངས་ནས་ངེས་པར་དུ་མཚམས་གཞག་དགོས།
༢༽ ཚན་རིག་ལ་བརྩི་འཇོག་དང་། ཆོས་ཉིད་གལ་ཆེན་དུ་ལྟ་བ་བཅས་ནི་དོན་དངོས་ཀྱི་རྐང་འཛུགས་ས་ཡིན་པས། བོད་རྒྱ་གཉིས་ཀྱི་སྐད་ཡིག་སློབ་ཚན་དང་སྐད་ཡིག་རིགས་ཀྱི་སློབ་ཁྲིད་ཁྲོད་དུ་བོད་ཀྱི་སྐད་ཡིག་ཀྱང་གཅིག་མཚུངས་ཀྱིས་བཀོལ་བ་དང་སྤེལ་བར་བྱ་བ་དང་།
མཚོ་སྔོན་ཀྱི་སྐད་གཉིས་སློབ་ཁྲིད་ཀྱི་འབྲས་བུ་དང་། འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སྒམ་ནན་གྱིས་ཞིབ་འཇུག་བྱ་དགོས། ཕྱོགས་ཡོངས་སུ་མི་རིགས་ཆེད་མཁས་པ་དང༌། སྤྱི་ཚོགས་ཀྱི་ལས་གནས་སོ་སོའི་སློབ་གསོའི་ལས་གཉེར་བ་། ད་དུང་ཁྱིམ་བདག་གི་བསམ་འཆར་བཅས་གཞི་ལ་བཞག་ནས། ད་ཡོད་ཀྱི་བྱ་བའི་གྲུབ་འབྲས་དང་རྨང་གཞིའི་སྟེང་སྐད་གཉིས་སློབ་གསོར་ལེགས་བཅོས་བྱ་བ་ཤུགས་སྣོན་བྱ་དགོས། སྐད་ཡིག་གཉིས་པ་ཡིན་པའི་རྒྱའི་སྐད་ཡིག་གི་ཆུ་ཚད་གོང་ནས་གོང་དུ་སྤེལ་བ་དང་། “སྐད་གཉིས་དགེ་རྒན”གསོ་སྐྱོང་བྱ་དགོས། བརྩི་བཀུར་དང་འགན་སྲུང་རྒྱུན་འཁྱོངས་བྱས་ནས་མི་རིགས་ཀྱི་སྐད་དང་ཡི་གེར་རྩིས་དངོས་རྫས་གསུམ་དང་། རོལ་དབྱངས། ལུས་རྩལ། མཛེས་རིས་སོགས་སློབ་ཁྲིད་བྱ་རྒྱུའི་སློབ་གསོའི་དབང་ཆ་ལག་ལེན་དུ་གདབ་པ་དང་། ཕྱོགས་ཡོངས་སུ་བོད་ཁུལ་གྱི་སློབ་གསོའི་གནས་རིམ་དང་ཆུ་ཚད་གོང་ནས་གོང་དུ་སྤེལ་དགོས།
“སློབ་མའི་རྒྱའི་སྐད་ཡིག་གི་ཆུ་ཚད་ཅུང་ཞན་པས”རྒྱའི་སྐད་ཡིག་གི་ཤེས་ཚད་མཐོ་རུ་བྱེད་པའི་ཐབས་ལམ་ནི། རྒྱའི་སྐད་ཡིག་གི་སློབ་ཁྲིད་བརྒྱུད་མངོན་འགྱུར་བྱ་དགོས་པ་ལས། ཚོད་ལྟ་ཁང་དང་རྩིས་རིག རི་མོ་འབྲི་བ། ལུས་རྩལ་ལས་འགུལ་སྤེལ་བ་སོགས་སྐད་ཡིག་སློབ་ཚན་མ་ཡིན་པའི་སློབ་ཚན་གྱིས་སྐད་ཡིག་གི་གནས་ཚད་མཐོར་འདེགས་གཏོང་མི་ཐུབ། སྐད་ཡིག་སློབ་ཚན་གྱི་འགན་ཁུར་ནི། རྒྱའི་སྐད་ཡིག་གི་ཆུ་ཚད་མཐོ་རུ་འདེགས་ཆེད་ཡིན་ལ། རིག་གཞུང་སློབ་ཁྲིད་ཀྱི་འོས་འགན་ནི་བྱང་ཆ་ཅན་གྱི་སྐད་ཡིག་བརྒྱུད་ནས། སླ་བོ་དང་ཕན་ནུས་ཡོད་པའི་ངང་ནས་རིག་གཞུང་གི་ཤེས་བྱ་དང་སློབ་གསོ་ཐོབ་རྒྱུ་དེའོ།།
མཚོ་སྔོན་ཞིང་ཆེན་དུ་གསར་དུ་བཙུགས་པའི་བོད་ཡིག་ཆ་ཚང་སློབ་འབྲིང་དུ་བསྡུ་ལེན་བགྱིས་པའི་སྐད་གཉིས་དགེ་རྒན་ལས་བོད་དགེ་ཁོ་ན་མ་གཏོགས། སློབ་ཚན་བཅུ་ཕྲག་ཅིག་གི་སྐད་གཉིས་དགེ་རྒན་དུ་བསྙད་པ་དེ་དག་གིས་རྒྱ་སྐད་ལས་བོད་སྐད་མི་ཤེས་པས། སློབ་བུ་དག་གིས་ཚན་རིག་གི་སློབ་ཚན་སྐོར་ཅི་ཡང་ཤེས་ཀྱིན་མི་འདུག་ཅེས་པ་དེ་ལྟར་རེད་པས། མིག་སྔར་གྱི་གནད་དོན་ཞིག་ཀྱང་རེད། (དེ་ལ་དྲི་བ་འདི་འདྲ་ཡོད་དེ། བོད་ཡིག་དགེ་རྒན་ལ་དགོས་ངེས་ཀྱི་ཆ་རྐྱེན་སྐད་གཉིས་དགོས་པ་དེ་ཡིན་ན། རྒྱ་སྐད་དགེ་རྒན་ལ་སྐད་གཉིས་ཀྱི་ཆ་རྐྱེན་མི་མཁོ་བ་ཅིའི་ཕྱིར། སྐད་ཡིག་གཅིག་གིས་སྐད་གཉིས་ཀྱི་འོས་འགན་སྒྲུབ་ཐུབ་བམ། འདི་ནི་འཛམ་གླིང་གི་ཤར་བགྲོད་ལམ་ལུགས་གང་ཞིག་ཡིན་ནམ)
རྒྱའི་སྐད་ཡིག་གི་ཆུ་ཚད་མཐོ་རུ་གདེག་པའི་སླད་དུ། ང་ཚོས་རིགས་གཉིས་སུ་དགར་ན་འོས་ཤིང་འཚམས་ཏེ། གཅིག་ནི་ཚན་རིག་གི་ཤེས་བྱ་དང་། གཉིས་ནི་ཚན་རིག་གི་ལྟ་ཚུལ་ལོ།། དེ་གཉིས་ཀྱི་ལྟ་སྟངས་བཀོལ་ནས་ཐག་གིས་གཅད་ན་འོས་ཏེ། སྐད་ཡིག་གི་ཚད་གཞི་ནི་ངེས་པར་དུ་སྐད་ཡིག་གི་སློབ་ཁྲིད་བརྒྱུད་ནས་ཐག་གིས་གཅད་ན་ལས། དེའི་སླད་དུ་ཤེས་བྱ་གཞན་ཞིག་བཀོལ་ན་ག་དུས་ཡིན་ཡང་ཡར་རྒྱས་སུ་འགྲོ་སྲིད་པའི་རེ་བ་མེད་པ་ཡིན་ནོ།།
༣༽ “མི་རིགས་སློབ་གྲྭར་མི་རིགས་སློབ་མས་རྒྱུགས་ལེན”གྱི་སློབ་བསྡུའི་གྲངས་འབོར་ངེས་པ་ཅན་དུ་བགྱིས་ཏེ། སྐད་གཉིས་སློབ་མའི་སློབ་རིམ་སྤར་བའི་བགྲོད་ལམ་དང་། ལས་ཞུགས་ཀྱི་ལམ་བུ་རྒྱ་ཆེ་རུ་བཏང་ནས་འོས་ཤིང་འཚམས་པའི་ངང་རྒྱ་སྐད་ཀྱི་ཁོར་ཡུག་ཏུ་ཞུགས་ཐུབ་པར་ཤུགས་སྣོན་བྱ་དགོས། སྐད་གཉིས་སློབ་གསོ་མྱངས་པའི་སློབ་མའི་སློབ་རིམ་སྤར་ན་ཡང་བགྲོད་ལམ་གུ་དོག་ཅིང་། ལས་ཞུགས་ཀྱི་ཁྱབ་ཁོངས་ཆུང་ཡང་། འདིའི་ཕྱོགས་སུ་སློབ་མར་འཁྲི་བའི་འགན་འཁྲི་ཅི་ཡང་མེད་པ་ཡིན་ནོ།། འདིའི་འགན་འཁྲི་ནི་སྲིད་གཞུང་གིས་མཐོ་རིམ་སློབ་མ་བསྡུ་བའི་སྲིད་ཇུས་ལ་ཡོད་པའོ།།
སྐད་གཉིས་སློབ་མའི་སློབ་རིམ་སྤར་བར་དཀའ་ངལ་ཆེ་བ་དང་། ལས་ཞུགས་ཀྱི་གནད་དོིན་ཐག་གིས་གཅད་བསམ་ན་ནང་སོག་དང་། ཡན་པེན། (ཡན་པེན་ཁྲོ་ཞན་རིགས་རང་སྐྱོང་ཁུལ། རྒྱ་ནག་གི་ཅི་ལིན་ཞིང་ཆེན་གྱི་ཁུལ་ཞིག རྒྱལ་ས་ཅེ་ལན་ཡན་ཅེ་གྲོང་ཁྱེར། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ། ༤༢.༧༠༠མི་འབོར་ཁྲི་༢༢༠ འདི་སྒྱུར་མཁན་གྱི་མཆན་ཡིན། )ཞིན་ཅང་། བོད་ལྗོངས་སོགས་ཀྱི་ལེགས་འགྲུབ་ཀྱི་ཉམས་མྱོང་དང་། དམངས་ཚོགས་མགུ་བའི་ལས་ཀ་དག་ནང་འདྲེན་བྱས་ན་འོས།
༤༽ མི་རིགས་སྐད་ཡིག་གི་སློབ་ཁྲིད་མཐོར་འདེགས་བྱ་བ་ཁས་ལེན་བྱས་ནས་ཡོད་པ་དག་ལག་ལེན་དུ་བཏབ་ནས། སྐད་གཉིས་བཅོས་སྒྱུར་ཐད་ལ་བཅངས་པའི་མི་རྣམས་ཀྱི་སེམས་ཁྲལ་གྱི་ཁུར་བོ་གཙང་བསལ་བྱ་དགོས། “གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་རྒྱུན་བསྲིངས་ནས་ཆ་རྐྱེན་དང་། སྤུས་ཚད་མཐོ་རུ་གཏོང་དགོས”ཞེས་པའི་བང་ཡེ་པོ་ཡི་སྐད་ཆ་འདི་འདྲ་བ་ནི་མི་མང་གིས་ནམ་ཞར་དུ་ཐོས་མྱོང་ཡོད་པ་ཅན་ཡིན་པས། སུན་སྣང་སྐྱེས་པའི་ཚད་དུ་བསླེབས་ཡོད།
ང་ཚོས་དངོས་སུ་བརྒྱུད་ནས་མཐོང་འོང་བ་ཞིག་ནི་ཞིང་ཆེན་གྱིས་མཚུངས་དཔེ་གཉིས་མཉམ་དུ་བགྲོད་ཐུབ་ཅིང་། སྐད་གཉིས་སློབ་གསོར་དམིགས་པའི་ལམ་གཉིས་ལུགས་གཅིག་གི་སློབ་གསོའི་སྲིད་ཇུས་ཤིག་བཏོན། དེ་ནི་ལོ་རབས་བརྒྱད་ཅུ་བའི་ནང་རེད། སློབ་གསོ་དེས་དམིགས་ས་ནི་ཟི་ལིང་དང་། མཚོ་ཤར་གྱི་མི་རིགས་འདྲེས་སྡོད་ཀྱི་ས་གནས་སློབ་གྲྭ་དག་གོ། ས་ཁུལ་དེ་དག་ཏུ་རྒྱ་སྐད་སློབ་ཁྲིད་ལག་བསྟར་བྱས་པ་དང་། མི་རིགས་ཀྱི་སྐད་ཡིག་ཆིག་རྐྱང་ངང་བཞག་པ་རེད། རང་སྐྱོང་ཁུལ་དྲུག་ཏུ་སྐད་གཉིས་སློབ་གསོ་ལག་བསྟར་གྱིས་སློབ་ཁྲིད་ཀྱི་སྐད་ཡིག་བོད་སྐད་བྱས་པ་དང་། རྒྱའི་སྐད་ཡིག་ཆིག་རྐྱང་ཡིན་པའི་སྐད་གཉིས་སློབ་གསོ་གཏན་འབེབས་བྱས་ཏེ། ལོ་ངོ་སུམ་ཅུའི་འཕེལ་རྒྱས་ཀྱི་རྗེས་སུ་ཡ་རྫི་རྫོང་ལས་གཞན་པའི་མཚོ་ཤར་མཉམ་འདྲེས་ཀྱི་ས་ཁུལ་ཁག་ཏུ་སྐད་གཉིས་སློབ་གསོ་ཞེས་པ་རྒྱ་མཚོའི་ཀློང་གི་ཁ་བ་བཞིན་དུ་གྱུར་ཏོ།། རྒྱུ་མཚན་ནི་མི་རིགས་སྐད་ཡིག་གི་དགེ་རྒན་ཞེས་པ་ནི་བཀོད་སྒྲིག་བྱས་མི་འདུག་ཅེས་བསྙད་ན་རྫུན་དུ་མི་འགྲོ་བ་དེའོ།།
དེ་བས། རྒྱ་བོད་ཧོར་གསུམ་དང་ཁ་ཆེ་སོགས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་སློབ་གསོ་ཞེས་པའང་ཕྱི་རྫིག་ནང་སྟོང་གི་སར་ལྷུང་ཡོད་པའོ།། དེ་བས་སྐད་ཡིག་ཆིག་རྐྱང་བའི་སློབ་གསོ་ལ་སྐད་གཉིས་སློབ་གསོ་ཞེས་བསྙད་པ་ནི་སློབ་ཁྲིད་ཀྱི་སྐད་དེ་རྒྱ་སྐད་འབའ་ཞིག་ཏུ་བསྒྱུར་རྒྱུའི་ཐོག་མའི་ཁ་གཡར་དང་ཁག་དཀྲི་ས་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པས། དོན་དངོས་ཀྱི་ལོ་རྒྱས་འདི་ནི་ཞིང་ཆེན་ཡོངས་སུ་མཐོང་ན་མི་འདོད་པའི་དོན་ངན་ཞིག་དང་། ནོར་འཁྲུལ་ངོས་ལེན་བྱ་དགོས་སའང་ཡིན་ནོ།།
ད་ལྟ། ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་གིས་རྒྱ་སྐད་རྒྱ་ཁྱབ་ཏུ་སྤེལ་ན་བསམ་པའི་འདོད་བློ་ཤུགས་ཆེ་བས། ས་ཁུལ་འདི་དག་ཏུ་(མཚོ་ཤར་དང་། མཚོ་ནུབ་ཀྱི་གྲོང་དང་གྲོང་བརྡལ་དང་ཞིང་ཕྱུགས་ལས་ཀྱི་ས་ཁུལ་འགའ་ཞིག་ཀྱང་འདུས་ཡོད)མི་རིགས་སྐད་ཡིག་གི་སློབ་ཁྲིད་མཐོང་ཡང་མ་མཐོང་བའི་ཟོལ་དུ་བྱས་ནས་རྩ་མེད་དུ་བཟོ་བའི་སྦྱོར་བ་བརྩམས་དང་རྩོམ་བཞིན་པ་ཡིན་ན། སྐད་ཡིག་འདྲ་མཉམ་ཞེས་པའི་ཁྲིམས་ལུགས་ཀྱི་ཚིག་དུམ་དེ་བེད་མེད་དུ་བཏང་བ་མ་ཡིན་ནམ།
ཞིང་ཆེན་སློབ་གསོ་ཐིན་གྱིས་ཁ་བཤད་དོན་གནས་ཀྱི་ངང་ནས་སྔོན་གྱི་དམ་བཅའ་གང་ཡིན་པ་ལག་ལེན་དུ་གདབ་རྒྱུ་དང་། བསམ་འཆར་འདི་འབྱོར་བའི་ཉི་མ་དྲུག་ཅུའི་ནང་ཟི་ལིང་དང་མཚོ་ཤར་ས་ཁུལ་ཏུ་མི་རིགས་སྐད་ཡིག་གི་དགེ་རྒན་བཀོད་སྒྲིག་བྱ་རྒྱུ་དང་། “སྐད་ཡིག་གཅིག་གིས་སྐད་ཡིག་གཅིག་རྨེག་མེད་དུ་བཟོ་འདོད་མ་ཡིན་”པའི་བདེན་དཔང་ཁ་གསལ་གཏིང་གསལ་བྱེད་དགོས་པ་མ་ཟད། བོད་མི་དམངས་དང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡིད་ཆེས་བསྐྲུན་རྒྱུར་རེ་བ་ཤུགས་དྲག་པོ་བྱེད་བཞིན་པའོ།།
ཤུགས་དྲག་པོས་འབོད་སྐུལ་ཞུ་རྒྱུར།
རིག་གནས་གསར་བརྗེའི་མཇུག་གི་དྲང་ལྡོག་གི་ཉམས་མྱོང་དང་བསླབ་བྱ་ལ་ཕྱིར་རྟོག་བྱས་ཏེ། རྒྱ་རིགས་དང་གྲངས་ཉུང་མི་རིགས་སོ་སོས་ཕན་ཚུན་ལ་དཀྱེལ་ཡངས་དང་བརྩི་བཀུར། སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བརྒྱུད་ནས་མི་རིགས་བར་གྱི་འབྲེལ་ལམ་ཡུན་བརྟན་དུ་གཏང་རྒྱུ།
༼རང་སྐྱོང་ཁྲིམས་ལུགས༽ཀྱི་དོན་ཚན་ཞེ་དགུར། “མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་མི་རིགས་ལས་བྱེད་པས་ཕན་ཚུན་གྱི་སྐད་དང་ཡི་གེ་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་དང་སློབ་གསོ་གཏོང་དགོས། རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད། ཆབས་ཅིག་རྒྱལ་ཁབ་ཀྱི་ཐུན་མོང་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་སྤྱི་སྐད་དང་ཚད་ལྡན་ཡི་གེ་སློབ་སྦྱོང་བྱ་དགོས”ཞེས་གཏན་འབེབས་བྱས་ཡོད།
ང་ཚོ་རྒན་ཡོལ་བ་རྣམས་ལོ་ན་གཞོན་དུས་སུ། བོད་རིགས་ས་ཁུལ་གྱི་རྒྱ་རིགས་ལས་བྱེད་པ་ཕལ་ཆེ་བས་བོད་སྐད་ཤེས་པ་ནི་དོན་དངོས་ཡིན་མོད། རིག་གསར་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་ཐོས་པ་བྱ་རྒྱུར་བཀག་འགོག་བྱས་ཡོད་མོད། ཏང་གི་ཚོགས་ཆེན་ཐེངས་གསུམ་པའི་རྗེས་སུ་ནོར་འཁྲུལ་ངོས་ལེན་བྱས་ཡོད། ཡིན་ནའང་། ཚད་བརྒལ་གྱི་འགྱུར་བ་ཐེབས་བཞིན་པའི་དུས་འདི་འདྲ་ལ་གྲངས་ཉུང་མི་རིགས་ཀྱིས་རྒྱའི་སྐད་ཡིག་བསླབ་དགོས་པ་རྒྱུན་ལྡན་རེད་མོད། རྒྱ་རིགས་ལས་བྱེད་མང་བོས་བོད་ཡིག་ཤེས་རྒྱུ་ཕར་ཞོག བོད་རང་གི་ལས་བྱེད་པས་ཀྱང་བོད་སྐད་ཡིག་བཀོལ་སྤྱོད་མི་བྱེད་ལ། མི་རིགས་རང་སྐྱོང་གི་སྡེ་ཁག་ཏུའང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ཤིན་ཏུ་དཀོན་པའི་ཚད་དུ་ཡོད། ད་དུང་མི་རིགས་སྐད་ཡིག་གི་ཤེས་ལྡན་མི་སྣ་དག་ཅི་ཡང་མ་ཡིན་པའི་ཚད་དུ་ལྷུང་ཡོད། དེ་བས་མི་རིགས་རང་སྐྱོིང་ས་ཁུལ་གྱི་མི་རིགས་བར་ལ་བག་ཆགས་ངན་པ་བཞག་དང་འཇོག་གིན་ཡོད། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ནོར་འཁྲུལ་འདི་ངོས་ལེན་དང་ཡོ་བསྲང་བྱས་ཏེ། སློབ་གསོའི་འཆར་གཞི་འདི་ཕྱིར་འཐེན་བྱ་རྒྱུར་རེ་བ་ནན་མོ་ཞུས་པ་ཡིན།
༢༽ བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བ་ནི་སྐད་ཡིག་མང་བའི་རིག་གནས་འཆམ་མཐུན་མཉམ་གནས་དང་། མིའི་རིགས་ཀྱི་ཤེས་རིག་གི་སྲུང་འཛིན་གྱི་དགོས་པ་ཡོད་རྐྱེན་གུ་ཡངས་དགོངས་བཞེས་གནང་རོགས། བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ཆུ་ལས་རིང་ལ་བརྗོད་བྱ་མཚོ་ལ་ཟབ་རྐྱེན་འདིས་གཟི་བརྗིད་ལྡན་པའི་མི་རིགས་ཤིག་གི་ཤེས་རིག་བཏེགས་ནས་ཡོད་པར་མ་ཟད། རྒྱ་གར་ནག་གི་ཤེས་རིག་གི་དཔལ་ཡོན་ཡང་སྲྲུང་འཛིན་བྱས་ཡོད་པས་སྐད་ཡིག་འདིའི་ཚབ་གང་དང་ཅི་ཡིས་ཀྱང་བྱ་མི་ཐུབ། བོད་ཀྱི་སྐད་ཡིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གཞུང་སྙི་མོའི་སྟོབས་ཤུགས་དགུང་ལ་འདེགས་བྱེད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་སྤྱིའི་གཅིག་གྱུར་གྱི་ཨང་རིམ་ཡོད་པའི་སྐད་ཡིག་གཅིག་ཀྱང་ཡིན། བོད་ཙམ་མ་ཡིན་པར་བོད་ཀྱི་སྐད་ཡིག་གི་དགོས་མཁོ་ནི་ཕྱོགས་མཐའི་རྒྱལ་ཁབ་ཁག་གི་ནང་དུའང་འབྲེལ་བ་དམ་ཟབ་ཀྱིས་ཆགས་ནས་ཡོད་པས་རྒྱལ་ནང་གི་གནད་དོན་ཙམ་ཞིག་ནི་མ་ཡིན་ནོ།།
དེང་སྐབས་སྐད་ཡིག་དང་རིག་གནས་སྣ་མང་ཅན་དང་སྣ་འཛོམས་ཅན་དུ་གྱུར་དང་འགྱུར་བཞིན་པས་འཛམ་གླིང་མི་མང་གི་མིག་གི་ལོངས་སྤྱོད་ཀྱི་སྐྱེད་ཚལ་ལྟ་བུ་ཞིག་ཏུ་གྲུབ་ཡོད། དེ་དང་མཉམ་དུ་བགྲང་བྱ་གཉིས་ཙམ་འཁོར་ཟིན་ནའང་། ༣.༡༤དང་༧.༥དོན་རྐྱེན་གྱི་མེ་རོ་ད་དུང་བོད་མི་རིགས་ཀྱི་མཐའ་ན་ཤི་མེད་པས། མི་མང་གི་སྐྲག་སྣང་འཚུབ་སྣང་དུས་གཅིག་གིས་གླེང་བཞིན་པ་ནི། ཀྲུང་དབྱང་གིས་བོད་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་སྲིད་དམ། བོད་ཀྱི་ལས་བྱེད་དང་། མི་དམངས། སློབ་མ། རིག་གནས་དང་ཆོས་ལུགས། སྐད་ཡིག་བཅས་ལ་བཟུང་བའི་རྣམ་འགྱུར་ལ་འགྱུར་བ་གཏོང་སྲིད་དམ་སོགས་བློ་དོགས་ཚབས་ཆེན་བྱེད་པའི་སྐབས་འདི་འདྲ་ལ། བོད་ཀྱི་སྐད་ཡིག་དེ་སློབ་ཁྲིད་སྐད་ཡིག་ཏུ་བཀོལ་མི་ཆོག་ཅེས་བསྒྲགས་ཚེ་ཟང་ཟིང་མི་བཟོ་བའི་ངེས་པ་མེད་པས། བདེ་འཇགས་དང་འཆམ་མཐུན་ལ་ཕན་པ་ལས་གནོད་པ་བསྐྱལ་ཡོད།
༣༽ སློབ་གསོ་དང་མི་རིགས་ལས་དོན་སྡེ་ཁག་མ་ཡིན་པའི་འབྲེལ་ཡོད་ལས་ཁུངས་གཞན་དག་གིས་སྐད་གཉིས་སློབ་གསོའི་གནད་དོན་ལ་ཞིབ་འཇུག་དང་བགྲོ་གླེང་གཏིང་ཟབ་བྱ་རྒྱུ་དང་། དེའི་མཚུངས་སུ་སྐད་དང་ཡི་གེ་གནད་དོན་དེ་ཆབ་སྲིད་ཀྱི་ཉེར་ལེན་དུ་མི་འགྲོ་བའི་ཆེད་སྔོན་འགོག་དང་གཞི་རྟེན་འཚོལ་དགོས།
མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནི་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་ཀྱི་སྒྲིག་འཛུགས་ཆེ་ཤོས་ཤིག་ཡིན་སྟབས། བོད་རྒྱ་དང་མི་རིགས་གཞན་གྱི་ཆེད་མཁས་པ་དང་། སློབ་གསོའི་ལས་དོན་པ། སྤྱི་ཚོགས་ལས་ཀ་བ་བཅས་རྩ་འཛུགས་ཀྱིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་གཏན་འབེབས་ལ་ཞིབ་འཇུག་མ་ནོར་བ་བྱེད་དགོས། བོད་ཁུལ་གྱི་སློབ་གསོའི་ཉམས་མྱོང་ཡོད་པའི་རྒན་ཡོལ་གཞུང་ལས་པ་རྩ་འཛུགས་ཀྱིས་སྐད་གཉིས་སློབ་གསོའི་ཕྱོགས་སུ་སྔར་ལས་ལྷག་པའི་དབྱེ་ཞིབ་གོ་བསྡུར་གནང་དགོས།
བརྟུན་པ་ཆེར་བསྐྱེད་ཀྱིས་བོད་རྒྱ་སྐད་གཉིས་སློབ་གསོའི་ཞིབ་འཇུག་གྲོས་བསྡུར་འདུ་ཚོགས་བསྡུ་རྒྱུ་དང་། སྐད་གཉིས་སློབ་གསོ་སྒྱུར་བཅོས་ཐད་ཀྱི་སྙན་ཞུ་དང་དཔྱད་རྩོམ་བསྡུ་རྒྱུ། (ཕྱིའི་རྒྱལ་ཁབ་ཀྱི་སྐད་གཉིས་སློབ་གསོའི་ཉམས་མྱོང་དང་རྒྱལ་ནང་གི་མཐའ་མཚམས་དང་ནང་སོག ཞིན་ཅང༌། བོད་རང་སྐྱོང་ལྗོངས། ཀོས་ཀྲུག ཡུན་ནན་སོགས་ཀྱི་ཉམས་མྱོང་ཡང་འདུས་དགོས།)
བསམ་པ་རྣམ་དག་དང་ཁ་ཞེ་གཉིས་མེད་ཀྱིས་བསམ་འཆར་གྱི་གྲོས་འགོ་བཙུགས་ཏེ། བོད་རིགས་ལས་བྱེད་དང་། དམངས་ཚོགས། དགེ་སློབ་བཅས་ཀྱི་ཐལ་དྲགས་པའི་བསམ་འཆར་ལ་སྔོན་འགོག་དང་། མཇུག་འབྲས་མི་ལེགས་པ་འབྱུང་བར་བཀག་འགོག་བྱ་དགོས།
རིགས་སོ་སོའི་སྤུན་ཟླ་རྣམ་པས་རྒྱང་རིང་གི་དོན་ལ་བསམ་ནས་ཡུན་རིང་གི་འཆར་གཞི་འཛུགས་པ་དང་། དཀྱེལ་ཡངས་བབ་བརླིང་དང་། དཀྲོག་གཏམ་མི་སྒྲོག་པ་དང་། མི་ཉན་པ། མི་བཤད་པ་བཅས་ཀྱི་རྩ་དོན་སྙིང་ལ་བཅངས་ནས་ཁ་ཡོད་ལག་ཡོད་ཀྱིས་སློབ་གསོར་ཕན་ནུས་བསྒྲུབ་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བབ་བརླིང་བརྟན་གསུམ་ཡོང་བར་བརྟུན་པ་བསྐྱེད་དགོས།
ཞེས་ཟི་ལིང་གི་གཞུང་འཛིན་དང་། སློབ་གསོའི་ལས་དོན་གཉེར་བའི་རྒན་ཡོལ་བ་སྐོར་ཞིག་གིས།
༢༠༡༠ ལོའི་ཟླ ༡༠ ཚེས ༢༤ ལ།
འབུལ་ཡུལ།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ།
རྒྱལ་ཡོངས་དམངས་ཆེན་མི་རིགས་ཆོས་དོན་ཨུ་ཡོན་ལྷན་ཁང་།
རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་།
ཞིང་ཆེན་རྒྱུན་ལས་ཁག ཞིང་ཆེན་དམངས་ཆེན།
ཞིང་ཆེན་སྲིད་གཞུང་།
ཞིང་ཆེན་སྲིད་གྲོས་དང་འབྲེལ་ཡོད་སྡེ་ཁག
ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ།
ཞིང་ཆེན་མི་རིགས་ཆོས་དོན་ཨུ་ཡོན་ལྷན་ཁང་།
ཁུལ་དྲུག་གི་ཏང་ཨུ། དམངས་ཆེན། སྲིད་གཞུང་། སྲིད་གྲོས་དང་ཁུལ་དྲུག་གི་སློབ་གསོ་ཅུའུ།
ཐུགས་རྗེ་ཆེ་རྟ་ནག་ལགས།
ཁྱེད་ཀྱི་དྲིན་ལས་རྩོམ་འདི་ཚང་མ་བཀླགས་པ་ཡིན། སྐད་ཡིག་གི་གནད་དོན་སྐོར་འདི་ཧ་ཅང་གཏིང་ཟབ་པ་ཞིག་རེད་འདུག ད་དུང་ང་ཚོས་ཡིག་ཆ་སྣ་ཚོགས་འཚོལ་བ་དང་ཞིབ་འཇུག་བྱེད་དགོས་པ་འདུག
དགེ་འདུན་རབ་གསལ་ལགས་ཀྱིས་གསུངས་པ་བདེན། རྟ་ནག་པས་གང་མགྱོགས་ཅི་མྱུར་གྱིས་བོད་བསྒྱུར་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ད་ནི་སྨྱུག་འཛིན་པ་ཚོས་ད་རེས་ཀྱི་དོན་གནད་འདི་དང་འབྲེལ་ནས་འདིའི་སྐོར་ལ་ཞིབ་འཇུག་གཏིང་ཟབ་དང་། བྱུང་ན། མི་ལོ་ལྔ་བཅུའི་རིང་གི་གནས་བབ་ལ་བསྐྱར་ཞྀབ་སྙན་ཐོ་ལྟ་བུ་རེ་འདོན་སྤེལ་ཐུབ་པ་ཡིན་ན། ཡིག་ཚགས་རྩ་ཆེན་པོ་ཞིག་ཆགས་པར་མཐོང་། འདིའི་སྐོར་ནས་དགེ་འདུན་རབ་གསལ་གཙོས་པའི་གཞོན་སྐྱེས་མཁས་པ་ཚོས་ཐུགས་བསམ་རེ་བཞེས་གནང་རོགས།
རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་བོད་བསྒྱུར་བྱས་པ་ཐུགས་རྗེ་ཆེ་། གོང་གི་ཡིག་སྒྱུར་འདི་ཐེངས་གཅིག་བཀླགས་པས་གཏིང་ཟབ་པའི་དོན་དངོས་དག་ཡིད་ལ་འཆར་བྱུང་། ཉིན་ཤས་གོང་ནས་རྨ་ལྷོ་དང་། མཚོ་ལྷོ། མགོ་ལོག པེ་ཅིང་སོགས་ཀྱི་སློབ་གྲྭ་མི་ཉུང་བ་ཞིག་གིས་སྐད་གཉིས་སློབ་གསོའི་སྐོར་ལ་ངོ་རྒོལ་གྱི་རྣམ་པ་རྒྱ་ཆེན་པོ་བྱས་བ་ཀུན་གྱིས་ཤེས་གསལ་རེད་། དེ་དང་ཆབས་ཅིག་ཏུ་མཚོ་སྔོན་གྱི་ལས་བྱེད་རྒན་ཡོལ་སྐོར་ཞིག་གིས་གོང་རིམ་ལ་སྙན་ཞུ་ཕུལ་ཡོད་པ་དེའོ་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་སྨྱུག་འཇི༹ན་པ་གང་མང་ཞིག་གིས་རང་རང་གི་ལྟ་ཚུལ་དག་དྲ་ངོས་དག་ལ་བཀོད་པ་དང་། ལྷག་པར་དུ་ནོར་གླིང་བོད་ཀྱི་རིག་གནས་མཐོ་རིམ་སློབ་གྲྭའི་མིང་ཐོག་ནས་མཚོ་སྔོན་གྱི་འབྲེལ་ཡོད་སྐད་ཡིག་སློབ་གསོ་སྡེ་ཚན་ཁག་ལ་གཏིང་ཟབ་ཅིང་དོན་སྙིང་ལྡན་པའི་སྙན་ཞུ་ཞིག་ཕུལ་བ་དེ་དུས་ཐོག་ཏུ་སྨིན་པ་ཞིག་རེད་། ཁ་སང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་མཇ༹ད་སྒོའི་སྐབས་ཆོས་དོན་བཀའ་བློན་གྱིས་བཀའ་བློན་ཁྲི་བའི་ཚབས་བྱས་ཏེ་བོད་ནང་གི་སྐད་གཉིས་སློབ་གསོའི་སྐོར་ལ་གནད་དུ་འཁེལ་བའི་བཀའ་སློབ་ཅིག་གནང་མ་སོང་། དེ་མཚུངས་སུ་བཙན་བྱོལ་བོད་གཞུང་དང་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནས་ཀྱང་འདིའི་སྐོར་ལ་དགོངས་ཚུལ་ཅི་ཡང་མེད་པར་འབག་གཟུགས་སུ་གནས་ཡོད་པ་ནི་ཤིན་ཏུ་བློ་ཕངས་ཞིག་རེད་ཨང་།