སྨྲ་སྲུང་།
—-བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་མིང་བྱང་འོག་གི་འཁྲབ་སྟོན་དག་ལ་བལྟས་རྗེས།
རྟོག་སྣང་ངོས་ཀྱི་ཤེལ་དམ་དཀར་པོ་མཛངས་མའི་རྣམ་ཤེས་ཡིན་ཆོག་ལ།།
བྲང་ཁོག་དཀྱིལ་གྱི་སྙིང་ཤ་དམར་པོ་མཛངས་མའི་རྣམ་ཤེས་ཡིན་སྲིད་མོད།།
མཛངས་མའི་རྣམ་ཤེས་དཀར་དམར་གང་ཡིན་ད་དུང་ཡིད་ཐག་མ་ཆོད་པས།།
མཛངས་མའི་རྣམ་ཤེས་སྟོང་གི་འགུགས་ཤུགས་སུ་དང་གང་གི་ཡིད་ལ་སིམ།།
དམུ་ཐག་ནག་པོ་གནམ་ནས་དཔྱང་པ་མཛངས་མའི་ཐབས་ཇུས་ཡིན་ཡང་སྲིད།།
རྩ་རླུང་འཕྲུལ་འཁོར་དཀྲུག་ནས་རྡེབ་པ་མཛངས་མའི་གཡོ་སྒྱུ་ཡིན་ཡང་རུང་།།
ཧམ་པ་སྟོང་གིས་སླུ་བྲིད་ཞགས་པ་མཛངས་མའི་མིག་མདའ་ཡིན་ཡང་ཆོག །
མཛངས་མའི་རྣམ་ཤེས་གྱ་གྱུར་གཡོ་བས་བྱེ་རླུང་དྲག་ཆར་ཅི་ཡང་འཐོར།།
འཇིག་རྟེན་ཁམས་འདིར་མཛེས་མ་མ་གཏོགས་མཛེས་ཕོ་མེད་པ་ཅི་ཡིས་ནོངས།།
ཆགས་རྒན་ཞིག་གིས་ཐ་སྙད་སྤྱད་པས་ད་བར་མཛེས་མའི་མིང་གིས་བསྙད།།
ཆགས་མོ་ཞིག་གིས་མཛེས་ཕོ་བསམ་ཡང་ད་བར་ཁ་ནས་མ་ཐོན་པས།།
འཇིག་རྟེན་མཛེས་མ་ཡག་རབས་མ་གཏོགས་མཛེས་ཕོའི་ལོ་རྒྱུས་མེད་པར་གྱུར།།
དེང་གི་དུས་འདིར་ཁྱད་ཆོས་གང་ཡང་ཟུར་འདོན་དགེ་མཚན་ངོམ་ས་ཡོད།།
དེའི་ཕྱིར་རང་རང་ཁྱད་ཆོས་ངོམ་ནས་མིང་དང་གཟི་བརྗིད་འཚོལ་ཡང་ཆོག །
འོན་ཀྱང་མཛངས་མའི་མིང་གི་ཆོས་འདི་སུ་ལ་གཡོག་གཡོག་མ་ཡིན་པས།།
གཅེར་བུར་བུད་པའི་གདོང་འབག་ཙམ་ལ་མཛངས་མ་ཞེས་པ་བཞད་མོའི་གནས།།
མཛེས་པའི་མཛེས་ཚུལ་ཕྱི་ཙམ་མིན་ཞིང་ནང་གི་མཛངས་མ་གཙིགས་ཆེ་བས།།
མཛངས་མ་ཞེས་པ་ཤ་པགས་ཙམ་གྱིས་ཆོག་ཀྱང་རུང་བ་ག་ལ་ཡིན།།
སྒེག་དང་འཕྱོ་བའི་རྣམ་འགྱུར་ཞིག་གིས་དེ་བས་མཛངས་མ་ཡོང་ཐབས་མེད།།
མཛངས་མའི་རིན་ཐང་མེད་པའི་མཛངས་མས་སྤྱི་ཚོགས་གར་སྟེགས་ཆུང་དུ་བྱས།།
དུས་དང་མཐུན་པའི་ལས་འཆར་ཡིན་སྐད་མཛངས་མའི་འགྲན་བསྡུར་སྐོང་བར་འབོད།།
ཕྱི་ནང་གཉིས་ཀ་སྟོང་བ་ཡིན་པའི་ཧམ་ཆེན་འགའ་ཡིས་སྒེག་ཅིང་བསྐྱོད།།
བོད་སྐད་བོད་ཡིག་ཁ་ནས་འཁྱོལ་བཞིན་མཛངས་མའི་རྣམ་འགྱུར་སྟོན་ཚུལ་བྱེད།།
བོད་ཀྱི་ཤེས་རིག་འོད་ཀྱིས་སྟོང་བའི་དབྱིན་ཇི་འགའ་ཡིས་ལེགས་ཉེས་འབྱེད།།
དཔྱད་འདེམས་མཁན་པོས་བོད་སྐོར་མི་ཤེས་བོད་ཀྱི་མཛངས་མ་ཇི་ལྟར་ཤེས།།
འགན་འཛིན་གཙོ་བོས་དབྱིན་སྐད་སྒྲ་དེས་བོད་ཀྱི་རིག་གཞུང་ཁྱད་བསད་བྱེད།།
བོད་ཀྱི་ལེགས་བྱང་མི་ཤེས་མཁན་འགས་བོད་ཀྱི་མཛངས་མའི་བསྒྲགས་གཏམ་འདིས།།
བོད་ཀྱི་མཚན་བྱང་གནམ་ལ་འཕྱར་ནས་སྒོར་གྱི་བབ་བརྩེགས་འཚོལ་བ་ཙམ།།
བོད་ཀྱི་བྱམས་སེམས་སྙིང་ལ་ཡོད་ན་མ་ཡུམ་བོད་ཀྱི་མཛངས་མ་ཡིན།།
བོད་ཀྱི་སྤྱོད་བཟང་རྒྱུད་ལ་ཡོད་ན་བོད་ཀྱི་མཛངས་མའི་མིང་བྱང་འོས།།
བོད་ཀྱི་ཤེས་རིག་ཡིད་ལ་ཡོད་ན་མཛངས་མ་བརྗོད་ཀྱང་འགལ་བ་ཅི།།
ཡ་རབས་བོད་ཀྱི་བཟང་སྤྱོད་མངའ་ན་བསིལ་ལྗོངས་མཛངས་མའི་དབུ་རྒྱན་འོས།།
མཛེས་སྡུག་ཡིད་འོང་རྣམ་འགྱུར་ལེགས་ན་མཛེས་མ་བརྗོད་ཀྱང་ཆོག་པར་ངེས།།
སྒྱུ་རྩལ་སྒེག་འགྲོས་ཚད་མཐོར་སོན་ན་མཛེས་མ་མཛེས་མ་བསམ་ཡང་ཆོག །
དཀར་གསལ་ཞལ་རས་མཛེས་སྡུག་ལྡན་ན་མཛེས་མ་ཟེར་ནས་འབོད་ཀྱང་རུང།།
སྐུ་གཟུགས་དྲང་གཤིས་ཡིད་འོང་གང་ལ་མཛེས་མའི་མིང་འདོགས་འོས་ཀྱང་འོས།།
གར་སྟེགས་སྟེང་གི་རྒྱག་ལྷུག་འདི་ཚོ་མཛེས་མ་མཛངས་མ་གང་ཡང་མིན།།
ནུ་མ་འོང་འགོ་གཡུག་ཙམ་ཤེས་འདི་བོད་ཀྱི་ཤེས་རིག་གང་ཡང་མིན།།
སྦྲག་སྐད་ཉམས་སྐད་ཕྱི་སྐད་བསྲེས་འདི་མཛངས་མའི་ཡོན་ཏན་གང་མིན།།
ལྗིིད་ཚད་མཐོ་བའི་མཛངས་མའི་མིང་འདི་འདི་ཚོར་འོས་བབ་གཏན་ནས་མེད།།
༢༠༡༣/༣/༢/ལ་མེ་སོར་ནས་རྦང་ལོར་འགྲོ་སྐབས་མེ་འཁོར་ནང་དུ་བྲིས།