བོད། ལྷ་ཀླུ་གཉན་གསུམ་
———————
པན་ཆེན་ལགས། རིན་པོ་ཆེ། སྐུ་ཉིད་བོད་མི་རིགས་དང་ཁ་གྱེས་དེ་མི་ལོ་ཉི་ཤུ་ཏག་ཏག་འགོར་བའི་ཉིན་མོ་འདིར། ད་དུང་། ཉིད་ཀྱིས་ཞབས་རྗེས་གསེར་གྱི་རི་མོ་བོད་ཡུལ་ན་གསལ་ལེར་ཡོད་ལ། ཞབས་རྗེས་རེ་རེ་ལ་ཡིད་སྨོན་དང་གུས་བརྩི་བྱེད་མཁན་གྱི་མི་རིགས་འདིས་ཀྱང་། མི་ལོ་ཉི་ཤུའི་རྗེས་ཀྱི་དེ་རིང་སྐུ་ཉིད་སེམས་ཁོང་རུས་པའི་གཏིང་ནས་དྲན་བཞིན་ ཡོད་ལགས། དྲན་པ་དེ་ཡང་མགོ་སྔ་དང་ཡོད་ལ། རྒྱུ་མཚན་དང་གནས་ལུགས་ལྡན་པ་ཡིན།
པན་ཆེན་ལགས། རིན་པོ་ཆེ། སྐུ་ཉིད་ཁོ་ན་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་མངོན་འདོད་ངོ་མ་བློ་སྟོབས་ ཆེན་པོའི་རྒྱའི་སྲིད་གཞུང་གི་མི་སྐད་མི་གོ་བའི་དཔོན་ངན་དེ་དག་ལ་གནས་ལུགས་ ཞུ་མཁན་དང་། བདེན་པའི་འབོད་སྒྲ་སྒྲོག་མཁན་དུ་གྱུར་བའི་ཉིན་མོ་དེ་ནས་བཟུང་། སྐུ་ཉིད་ཁོ་ན་རལ་གྲི་རྣོན་པོ་ཞིག་གི་ཁ་རུ་དབའ་མངར་ཞུམ་མེད་ཀྱིས་རང་གི་མི་ རིགས་ཀྱི་བདེན་པ་དབྱངས་སུ་གྱེར་འཕོད་མཁན་དུ་གྱུར་བ་ཡིན་ལ། བོད་མི་རིགས་ཀྱི་རིག་གཞུང་དེ་ཡང་ཁ་ནང་གི་བཤད་ཤེས་པ་ཞིག་ལས་ལག་ལེན་དངོས་ཀྱི་ ར་སྤྲོད་བྱེད་དགོས་པར་གཏིང་སྐུལ་བྱེད་མཁན་དུ་གྱུར་བ་ཡིན། འོན་ཀྱང་། ཡིད་འཕངས་པ་ནས་མིག་ཆུ་ཤོར་དགོས་པ་ཞིག་ནི། བསོད་ནམ་དམན་པའི་སྐུ་ཉིད་ཀྱི་མཐའ་སྐོར་གྱི་གཅན་གཟན་ལས་ཀྱང་གདུག་རྩུབ་ཅན་ གྱིས་སྲིད་གཞུང་ངན་པ་དེས། སྐུ་ཉིད་ཀྱི་ཚེ་སྲོག་དེ་ཡང་རང་དབང་ངང་འཚོ་རུ་བཅུགས་མེད།
པན་ཆེན་ལགས། རིན་པོ་ཆེ་མཇུག་འབྲས་དེ་ཡི་ཉེར་ལེན་གྱིས་དེ་རིང་ཡང་ང་ཚོའི་སེམས་ཁོང་དུ་ནམ་ ཡང་གསོས་ཐབས་མེད་པའི་རྨ་ཁ་ཞིག་བཟོས་ཡོད་པ་མ་ཟད། ཐ་ན་སྐུ་ཉིད་ཀྱི་ཡང་སྲིད་དེ་ཡང་བོད་མི་རིགས་ཀྱི་མིག་མདུན་ནས་གློ་བུར་དུ་ ཁྲིད་དེ་ཤི་གསོན་གང་ཡང་མི་ཤེས་པའི་གནས་ཤིག་ལ་བསྐྱལ་ཡོད་པ་འདིས་ཀྱང་། དེ་རིང་གི་ཉིན་མ་འདི་ནི་བོད་མི་རིགས་ཀྱི་སེམས་ཁོང་དུ་མུན་ནག་གི་ཉིན་མོ་ཞིག་ དུ་བཏང་ཡོད་པ་རེད།
པན་ཆེན་ལགས། རིན་པོ་ཆེ་ལགས། དོན་དངོས་སུ་དེ་རིང་ཡང་འདི་ནས་ངེད་ཅག་གི་ཁྱེད་རང་གླེང་བཞིན་ཡོད་ལ། གླེང་མཁན་ང་ཚོས་ཀྱང་སྐུ་ཉིད་ཀྱི་མཛད་པ་འཕྲིན་ལས་མཐའ་དག་གི་ཟུར་ཞིག་ལས་མཐོང་ བའི་མིག་ཟུང་མེད་སྟབས། ལོ་རེ་ལ་དུས་ཚིགས་ཤིག་ལ་སྒུག་ནས་འཆར་ཅན་གྱི་གཏམ་བཤད་རེ་གནང་དེ་མི་ལོ་འདི་ དག་གར་སོང་ཆ་མེད་དུ་གྱུར་བ་རེད་ལ། དེ་རིང་ཡང་དེ་ལྟར་འཆར་ཅན་གྱི་ལས་གཞི་དེ་ཉིད་རྒྱུན་སྐྱོང་བྱེད་ཀྱི་ཡོད་པ་ལས། བོད་མི་རིགས་ལ་དོན་དངོས་ཐོག་སྐུ་ཉིད་དགོས་ཀྱི་ཡོད་པའི་འབད་བརྩོན་ལྷོད་གཡེང་ མེད་པ་ཞིག་བྱེད་ཐུབ་ཀྱི་མེད་པ་འདི་ནི། སྐབས་རེར་བདག་གི་སེམས་ཁོང་དུ་ཡང་ཐེ་ཚོམ་གྱི་དྲི་གཞི་ཞིག་སྐྱེ་ནས་འོང་གི་ འདུག་ལགས།
པན་ཆེན་ལགས། རིན་པོ་ཆེ་ལགས། ཆོས་ལུགས་པ་དག་གིས་སྐུ་ཉིད་མགོན་པོ་འོད་དཔག་སྐུ་ངོས་ཡིན་པར་ཡིད་ཆེས་བྱེད་ལ། མི་རིགས་རང་ལུགས་པ་དག་གིས་སྐུ་ཉིད་ནི་བོད་མི་རིགས་ཀྱི་དབའ་བོ་ཞིག་ཡིན་པར་ ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་ལགས། དོན་དངོས་ཐོག གནམ་འོག་འདི་ན་དྲང་བདེན་ལ་དགའ་བའི་སྐྱེ་བོ་དམ་པ་ཁྱེད་ཉིད་བཞུད་རྗེས་ཀྱི་ ཞབས་རྗེས་རེ་རེ་ལ་ཉིན་མཚན་མེད་པར་སྙེགས་མཁན་ནི་དངོས་ནས་དཀོན་པོ་ཆགས་ཡོད་པ་ དེར་སྐུ་ཉིད་ལ་ཐུགས་ཕམ་ཡོང་གི་འདུག་གམ་ལགས། ལྷག་པར་དུ་སྐུ་ཉིད་ཀྱིས་བོད་མི་རིགས་ལ{ངའི་མི་ཚེ་ནང་དུ་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་དག་ལ་གནོད་པའི་ལས་ཀ་ཕྲ་མོ་ཙམ་ཡང་མི་འཇོག་པའི་དམ་བཅའ་བཞག་ཡོད་}ཅེས་ པ་ལྟར་ཤ་གསེང་རུས་གསེང་ནས་གཅེས་འཛིན་བྱེད་མཁན་ནི་བྱུང་གི་མེད་པ་ལྟ་བུ་ཞིག་ ཆགས་ཀྱི་ཡོད་པ་ཡིན་དུས། དེ་རིང་གི་ཉིན་མོ་འདི་ལ་ཉིད་ཀྱིས་ཡང་སྲིད་དེ་ཉིད་འཁྲུངས་ནས་མི་ལོ་ཉི་ཤུ་ འགྲོ་བཞིན་ཡོད་ན་ཡང་། ངེད་ཅག་གིས་ཤི་གསོན་ཙམ་ཡང་རྩར་གཅོད་མི་ཐུབ་པའི་གནས་སྐབས་འདི་ནི་ང་ཚོའི་སྐུ་ ཉིད་ལ་བཅིངས་པའི་ཡིད་ཆེས་དང་སྟོབས་ཤུགས་ཀྱི་མ་འདང་བར་དགོངས་ཀྱི་ཡོད་དམ་ལགས།
པན་ཆེན་ལགས། རིན་པོ་ཆེ་ལགས། ད་ལྟ་དངོས་ནས་དྲང་གནས་ཀྱི་བོད་མི་དག་ལ་སྐུ་ཉིད་ལྟ་བའི་རླབས་ཆེན་གྱི་སྐྱེ་ བུ་དེ་ཡི་ཞབས་རྗེས་འགྲེང་མཁན་ཞིག་གི་དགོས་མཁོ་ཆེན་པོ་འདུག་ལགས།
ངའི་མི་ཚེ་ནང་དུ་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་དག་ལ་གནོད་པའི་ལས་ཀ་ཕྲ་མོ་ཙམ་ཡང་མི་འཇོག་པའི་དམ་བཅའ་བཞག་ཡོད་
འདིས་ཚབ་དུ་གཤམ་གྱི་འདི་འཇོག་རོགས་ཞུ་ལགས།
ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་་རིགས་ཀྱི་བུ་རབས་ཚ་བརྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད