ཀ་རེ་ཀོ་རེའི་ཚུལ་འཆོས་སྤངས་ཏེ།།
ཁ་སེམས་འགལ་བའི་བྱ་སྤྱོད་བཞག་ནས།།
ག་གུག་མེད་པར་དྲང་བོར་བརྗོད་ན།།
ང་རང་ཁྱེད་ལ་སྔོན་ནས་དགའ་ཡོད།།
ཅ་ཅོའི་གཏམ་ལ་རྣ་བ་མ་བླགས།།
ཆ་ལུགས་ངན་ལ་བརྙས་སྨད་མ་བྱེད།།
ཇ་རིན་ཆང་རིན་སྤྲད་རྒྱུ་མེད་རུང་།།
ཉ་ཉོག་མེད་པའི་སེམས་པ་བསྟན་ཡོད།།
ཏ་ཐ་ག་ཏའི་བསྟན་ལ་སྦྱངས་རུང་།།
ཐ་ཆད་ང་ཡི་སེམས་པ་མ་དུལ།།
ད་ལྟ་མཛངས་མ་ཁྱེད་དང་ཕྲད་པས།།
ན་གཞོན་ལུས་སེམས་གཉིས་ཀ་དུལ་སོང་།།
པ་ལོ་རྒྱ་ལྕང་རླུང་གིས་སྐྱོད་བཞིན།།
ཕ་རོལ་ཚུར་རོལ་གར་སྟབས་སྒྱུར་དུས།།
བ་སོའི་མདངས་ལྡན་ཞལ་རས་དེ་ཡིས།།
མ་སྐྱེས་ཨ་མ་ཁྱེད་ཉིད་མཛེས་སོང་།།
ཙ་གེ་ཙི་གེའི་དོན་རྣམས་བཞག་སྟེ།།
ཚ་བའི་དཀྱིལ་ནས་ཁྱེད་དང་འགྲོགས་དུས།།
ཛ་ལང་བྲལ་བའི་གཤིས་ཀ་དེ་ཡིས།།
ཝཱ་ཎའི་དྲོད་ཚད་ཆུང་ དུ་བཏང་བྱུང་།།
ཞྭ་མོ་ཅི་ཡང་མགོ་ལ་མཛེས་འདུག །
ཟ་སྟངས་སྤྱོད་སྟངས་ཀུན་ཀྱང་ལེགས་འདུག །
འར་འུར་མེད་པར་དྲང་པོར་བརྗོད་ན།།
ཡ་རབས་ཁྱེད་ལ་ཡོད་ཚད་རན་འདུག །
ར་བ་འདི་ལ་ཁྱེད་ཉིད་རྒྱན་ཡིན།།
ལ་དང་ལུང་གི་མེ་ཏོག་ཁྱེད་ཡིན།།
ཤ་ཚའི་གཏམ་ཡང་འཆད་ས་ཁྱེད་དང་།།
ས་མཐའི་གྲོགས་ཀྱང་ཁྱེད་ལས་གཞན་སུ།།
ཧ་ཅང་ཐལ་ན་བཟོད་གསོལ་ངས་ཞུ།།
ཨ་མའི་བུ་དེས་ནངས་པར་ཆ་ཞོག །
ཧ་ཅང་འཐད་ན་ཁྱེད་ལ་ཕུལ་ཆོག །
ཨ་མའི་བུ་ངའི་བརྕེ་བའི་འཕྲིན་ཡིན།།
ཨི་ཁུང་མེད་སར་བུ་ག་བཏོད་པའི།།
ཨུ་ཚུགས་ལས་དེ་ཁོ་བོས་མི་བྱེད།།
ཨེན་ཙམ་འདུག་ན་དགྱེས་བཞེས་གནོངས་དང་།།
ཨོ་ལོས་སེམས་པ་གཙང་མས་འདེགས་ཡོད།།
གངས་བུའི་མཆན་གཉིས་པོ་འདི་བཏགས་ས་ནོར་འདུག
བདེན་ཡ། མེ་ལོང་མ་ལས། མཚོན་ཆ་མེད་པར་བུད་མེད་དག །འགྲོ་བ་གསུམ་པོ་དག་ལས་རྒྱལ། །ཞེས་བྲིས་ཡོད་པ་མིན་ནམ།
ཀ་རྩོམ་སྙན་ཆ་ཅན་ཞིག་བྲིས་གནང་འདུག །
ཁ་ཁོག་སེམས་གཏིང་གི་སྐད་ཆ་བཤད་འདུག །
ག་ལེར་བུ་མོ་དེས་ཐུགས་བསམ་བཞེས་ཏེ། །
ང་རྒྱལ་མེད་པར་དགའ་དགའ་གནང་ན་རེད། །
ཀ་ར་བུ་རམ་འདྲ་བའི་མངར་ཁ་དང་། ཁ་ཤ་མཁུར་ཚོས་འཇེབས་པའི་ཞིམ་ཁ་དང་།
ག་བུར་ཞུན་མ་ལྟ་བུའི་བརླ་ཤ་དང་། ང་ཚོ་ཚང་མ་དགའ་བའི་སྟུ་ཤ་ལ།
ཅ་རེ་ཅོ་རེ་བཤད་མི་མང་མོད་ཀྱང་། ཆ་ལུགས་དམར་སེར་དཀྲི་བའི་མགོ་རིལ་དང་།
ཇ་ཤ་ཧམ་ཟ་བྱེད་པའི་ཕོ་ཧྲེང་སོགས། ཉ་མོ་ཆུ་ལ་སྲེད་བཞིན་འཁོར་ལ་བལྟོས།
ཀ་རྩོམ་ཚིག་བཅད་འགའ་ལ་ཡིག་ནོར་མང་།། ཁ་ཚིག་མཐོ་ལ་རང་མཐོང་ཆེ་བ་འདྲ།། ག་ལེར་བསམ་ན་སྙིང་བོ་མི་འདུག་པས།།
ང་ཡིས་ཅོ་ཅོ་ཁྱེད་ལ་རྩོད་མི་རྒྱག ། ཅ་ཅོ་མ་སྒྲོགས་ཅོ་ཅོ་ཚེ་རིང་པོ།། ཆ་ལུགས་གང་ཡིན་རྩད་གཅོད་བྱེད་འདོད་ན།། ཇ་ཁ་ཆང་ཁ་འགྲིམས་ཞོར་ཝཱ་ཎར་ཤོག ། ཉ་དང་ཉུང་མ་དབྱེ་བ་ལྡོམ་བུས་འབྱེད།།