ཧྥན་སེ་སི་བྷེ་ཀུན་“Francis Bacon”གྱི་<<ལྷུག་རྩོམ་ཕྱོགས་བསྡུས་>&g”ལས།
ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།
དོན་གྱིས་རང་ལ་གཞེན་སྐུལ་འདེབས་མཁན་གྱི་གྲོགས་པོ་ཞིག་མེད་པའི་དབང་དུ་བཏང་ཡང་། མི་རྣམས་ཀྱིས་སྐད་ཆའི་བརྗེ་རེས་ལ་བརྟེན་ནས་ཤེས་རྒྱ་བསྐྱེད་ཐུབ་པ་ཡིན། དེ་ཡང་སྔོན་པུར་ཤེ་ཡའི་རྒྱལ་པོ་༢༣ཐེ་མེ་སུ་ཁྲོ་ཁུ་ལེ་སུ་ཡིས་“སྐད་ཆ་ནི་འཚེབ་འདྲུབ་མས་མཛེས་རྩལ་ལས་བྱུང་བའི་གོན་པ་ལྟེབ་རྩེག་མ་རྒྱབ་པར་གྱང་ངོས་སུ་བཀལ་བའི་སྣང་བརྙན་དེ་ཡོད་ཚད་ཀྱིས་གསལ་བོར་མཐོང་ཐུབ་པ་དང་འདྲ་ལ། བསམ་བློ་ནི་དེ་ལྟར་མ་ཡིན་པར་ཁོག་ཏུ་སྦས་ཞིང་ལྟེབ་རྩེག་རྒྱབ་ནས་ཡོད་” ཅེས་གསུངས།
མི་ཞིག་ལ་མཚོན་ན། བསམ་ཚུལ་གང་ཞིག་སེམས་པའི་ནང་དུ་བཅུག་ནས་ན་ཟུག་འབྱིན་པ་ལས་ཐ་ན་འདྲ་སྐུ་ཞིག་ལ་བཤད་པས་ཀྱང་ཕན་པ་ཆེན་པོ་འབྱུང་བ་ཡིན། གྷི་རི་སུ་ཡི་མཚན་ཉིད་རིག་པ་བ་༢༤ཧེ་རཱ་ཁུ་ལེ་ཏྲོས་སུ་ཡིས་ལྷག་བསམ་ཟོལ་མེད་ཀྱི་ཁ་ཏ་བསླབ་བྱ་ཞིག་གྲོགས་པོ་ལས་བྱུང་བར་སྤྱི་ཡོངས་ཀྱི་ཆ་ནས་བརྟག་དོན་འདི་ལྟར་“ཆེས་མཆོག་ཏུ་གྱུར་བ་ནི་སྐམ་འོད་ཡིན་”ཟེར། དེ་ལྟ་བུའི་འོད་ཅིག་མི་བུ་ཞིག་ལ་ཐོབ་པ་དེ་ནི་མི་ཞིག་སོ་སོ་ལ་སེམས་གཏིང་ནས་དུངས་པ་དང་རང་ལྟ་མཆོག་འཛིན་བྱེད་པ་ལས་ཀྱང་ཆེས་དྭངས་གཙང་དང་བླ་མེད་ཅིག་ཡིན།
དེ་བས་ཤ་ཚ་བའི་གྲོགས་པོའི་ཁ་ཏ་དང་མི་ཞིག་གི་བསམ་བློ་གཉིས་བར་ལ་ཧེ་བག་ཆེན་པོ་ཡོད།་གང་ལྟར་གྲོགས་པོའི་མཛའ་སེམས་ཀྱི་བསླབ་བྱ་དེས་སྤྲེལ་ལད་དང་ངོ་བསྟོད་སོགས་ཀྱི་སྐྱོན་དག་ཡོ་བསྲང་བྱ་ཐུབ། ཕྱོགས་གཉིས་ཀྱི་ཆ་ནས་གྲོགས་ཕན་ཚུན་བར་ཁ་ཏ་བསླབ་བྱ་བཏོན་ཆོག་པ་སྟེ། གཅིག་ནི་ཀུན་སྤྱོད་ཀྱི་ཕྱོགས་དང་། གཞན་དེ་ནི་ལས་དོན་གྱི་ཕྱོགས་སོ། ཕྱོགས་སྔ་མའི་ཐད་ནས་གླེང་ན། གྲོགས་པོའི་རྣམ་དག་བསླབ་བྱ་དེ་ནི་སེམས་པའི་འཕྲོད་བསྟེན་ཀྱི་སྨན་ཆེས་བླ་མེད་ཅིག་ཡིན། ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་སྐྱེས་བུ་མང་ཆེ་ཤོས་ཤིག་གིས་ཆེས་གནད་འགག་གི་དུས་སུ་གྲོགས་པོའི་ཁ་ཏ་གོ་རྟོགས་མ་ཐུབ་པས། འགྱོད་ཅིང་འཆི་བའི་གནས་སྟངས་ལྷག་པ་རེད། སྤྱིར་ན་མི་ཚོས་སོ་སོར་གདམས་པ་བྱེད་ཆོག་མོད། འོན་ཀྱང་གྲོགས་པོའི་ཁ་ཏ་ཟོལ་མེད་དེ་ལས་མཆོག་གྱུར་ཅིག་གང་ཡང་མེད་དོ།
དེ་མིན་ཧང་སངས་བའི་གནད་དོན་ཞིག་ལ་སྤྱི་ཚོགས་ནང་དུ་གོ་གནས་ཅན་གྱི་མི་ཚོས་ཁུངས་ལུང་མེད་པའི་ནོར་འཁྲུལ་སྣ་མང་ཤོར་ཞིང་ཁོ་ཚོའི་རླུང་རྟ་དང་སྙན་གྲགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པས་གྲོགས་པོ་ཞིག་གིས་བཤད་དགོས་པའི་གནས་ཚུལ་ཡང་ལྷག་པར་བརྗོད། དེར་བརྟེན། ༢༥ཇེམ་སུ་ཡིས་དེ་ཚོར་ལབ་དོན་“མེ་ལོང་ངོས་སུ་ལན་རེར་བལྟས་ཀྱང་།། མཇུག་མཐར་སོ་སོའི་གཟུགས་བརྙན་བརྗེད་སོང་།།”ཞེས་པ་ལྟར་ཡིན།
ལས་དོན་གྱི་ཐད་ནས་བཤད་ན། མི་ལ་ལས་མིག་ཟུང་གཉིས་ཀྱིས་མཐོང་བ་དེ་མིག་ཟུང་གཅིག་གིས་མཐོང་བ་ལས་ལྷག་པའི་ངེས་པ་མེད་པའམ། རྩེད་འགྲན་པ་ཚོས་དུས་རྟག་ཏུ་མཐོང་བ་དེ་གཅིག་གིས་མཐོང་བ་ལས་ལྷག་པའི་ངེས་པ་མེད་པའམ། ཡང་ན་ཁྲོ་བའི་དབང་དུ་སོང་བའི་མི་ཞིག་ཁུ་སིམ་པོར་སྡོད་པའི་མི་ཞིག་ལས་གྲུང་པོ་མ་ཡིན་པའི་ངེས་པ་མེད་པའམ། ཡང་ན་རྫས་མདའ་དེ་རང་གི་ཕྲག་ལ་ཕབ་སྟེ་འཇོག་པའམ་ཡང་ན་སྟེགས་ལ་བཞག་པ་གཉིས་འཕངས་བའི་ཕོག་པ་ལ་དེ་གཉིས་འདྲ་མཚུངས་ཡིན་པར་འདོད། དེ་ལྟར་དུ་གྲོགས་ཀྱི་རོགས་རམ་ཡོད་མེད་གང་ལྟར་ཡང་འབྲས་བུ་འདྲ་མཚུངས་ཡིན་པར་འདོད། ཡིན་ནའང་སྐད་ཆ་འདི་ནི་དོན་གྱིས་ཆེས་ང་རྒྱལ་དང་ཁེངས་རློམ་ཆེ་བའི་བླུན་པོའི་བཤད་སྟངས་ཤིག་ཡིན།
འདི་འདྲའི་ལྟ་ཚུལ་ལ་བརྟག་དུས། མི་ལ་ལ་ཞིག་ནི་ཅུང་ཙམ་གྱིས་སོང་ནས་མི་ཀ་བ་འདྲི་བ་དང་ཡང་ཅུང་ཙམ་གྱིས་སོང་ནས་མི་ཁ་བ་་དྲི་བར་འདྲི་བར་དགའ་བའི་ཕྱོགས་དུམ་བུ་གཉིས་བྱུང་གི་ཡོད། འདི་ནི་ཅི་ཡང་མི་འདྲི་བར་སྡོད་པ་ལས་བཟང་མོད། འོན་ཀྱང་གཟབ་ནན་མ་བྱས་ན་གནས་ཚུལ་འདི་ལྟ་བུའི་འོག་ཏུ་ཉེན་ཁ་ཡང་རྣམ་པ་གཉིས་འབྱུང་རྒྱུ་ཡོད། གཅིག་ནི་འདི་འདྲའི་ཡར་འདྲི་མར་འདྲི་མང་བོ་ལས་བྱུང་བའི་བསམ་འཆར་མང་ཤོས་ཤིག་ཁེག་ཐེག་མི་ཐུབ་པའི་ལྟ་ཚུལ་ཞིག་ཡིན་སྲིད་སྟེ། ཁ་ཏ་ཆེས་མཆོག་གྱུར་ནི་རང་རྒྱུད་དྲང་ཞིང་བློ་སེམས་དཀར་པའི་གྲོགས་པོའི་མཛའ་སེམས་ཁོ་ན་ལས་འབྱུང་བ་ཡིན། དེ་ལས་གཞན། འདི་འདྲའི་ཡོང་ཁུངས་སྣ་ཚོགས་ཅན་གྱི་བསམ་ཚུལ་ལ་ཕན་ཚུན་ནང་འགལ་ཡོད་སྲིད་པས། ཁྱོད་ལ་ཡིད་གཉིས་ཐེ་ཚོམ་དང་། ཅི་བྱ་གཏོལ་མེད་བཟོས་ཡོང་།
དཔེ་མཚོན་ཙམ་ཞུས་ན། ཁྱོད་ཀྱིས་སྨན་པ་བསྟེན་པ་ལ། སྨན་པ་འདིས་ཁྱོད་ཀྱི་ནད་གཞི་འདི་སེལ་ཐུབ་ཀྱང་ཁྱོད་ཀྱི་ལུས་ཕུང་གི་གནས་ཚུལ་མི་ཤེས་པའི་ཕྱིར་ན། མཐར་དེའི་སྨན་འཐུང་བས་ནད་དེ་བཅོས་ཐུབ་ཡང་། ནད་གཞི་གཞན་ཞིག་གསར་དུ་བསྐྱེད་པ་བཞིན། དེ་བས། ཡིད་རྟོན་ཆོག་པའི་ཁ་ཏ་བསླབ་བྱ་ཡང་ཁྱོད་ཀྱི་ལས་དོན་ལ་རྒྱུས་མངའ་ཆེ་བའི་གྲོགས་པོ་ཁོ་ན་ལས་འབྱུང་དགོས།
མཛའ་སེམས་ཀྱི་དགེ་མཚན་གོང་དུ་བསྟན་པ་འདི་ལས་ལྷག་པའི་མང་པོ་ཡོད་དེ། སེ་འབྲུའི་ནང་སྙིང་བཞིན་དུ་བགྲང་གིས་མི་ལང་། གལ་ཏེ་ངེས་པར་བཤད་དགོས་ན་འདི་ལྟར་བཤད་ཆོག་ཏེ། ཁྱོད་ཀྱིས་མི་ཞིག་གི་མི་ཚེའི་ཁྲོད་ནས་བྱ་བ་གང་དག་རང་ཁོ་ནས་སྒྲུབ་མི་ཐུབ་པར་གཞིགས་དང་། མཛའ་སེམས་ཀྱི་རིན་ཐང་དེ་ལས་གསལ་པོར་རྟོགས་པར་འགྱུར། དེ་བས་གནའ་མིས་བཤད་དོན་ལ་“གྲོགས་པོ་ནི་མི་ཡི་བདག་གཉིས་པ་ཡིན་ཟེར།” དོན་དངོས་སུ་སྐད་ཆ་འདིའི་འདུ་ཚད་ད་དུང་ཡང་འདང་མེད་དེ། གྲོགས་པོའི་ཕན་ནུས་ནི་འདི་འདྲའི་“བདག་” གཉིས་པ་ལས་ཀྱང་གཟི་བརྗིད་དང་རིན་ཐང་ལྡན།
མི་ཚེ་ནི་ཚད་ཡོད་ཅིག་ཡིན་པས། བྱ་བ་ཇི་འདྲའི་མང་པོ་ཞིག་ནི་མིས་བསྒྲུབས་མ་ཚར་བར་གཤེགས་ཏེ་འགྲོ་དགོས། གལ་ཏེ་མཛའ་གཅུགས་སེམས་ཀྱི་སྙིང་གཏམ་འཆད་སའི་གྲོགས་ཤིག་ཡོད་ན། ཁོས་ཁྱོད་ཀྱིས་མ་ཚར་བའི་བྱ་བ་དེ་ཁུར་དུ་ལེན་ཐུབ། དེ་བས་ན་གྲོགས་བཟང་པོ་ཞིག་ཡོད་པས་དོན་གྱིས་ཁྱོད་ལ་ཡང་བསྐྱར་ཚེ་སྲོག་གསར་བ་ཞིག་ཐོབ་པ་དང་ཀུན་ནས་མཚུངས། ཡང་མི་ཚེའི་ཁྲོད་ཀྱི་བྱ་བ་ཇི་འདྲའི་མང་བོ་ཞིག་ནི་རང་ཉིད་དངོས་སུ་སོང་ནས་གདོང་གཏད་དེ་སྒྲུབ་མི་བདེ་བ་ཡིན། དཔེར་ན། རང་བསྟོད་རང་བསྔགས་ཀྱི་མི་སྙན་པ་མི་འོང་བའི་ཆེད་དུ། རང་གིས་རང་ཉིད་ཀྱི་མཛད་རྗེས་གླེང་བར་མི་རིགས་ལ། མི་ཡི་རང་བཀུར་བརྩིས་མཐོང་གི་སྟབས་ཀྱིས་གནས་ཚུལ་མང་བོ་ཞིག་གི་འོག་ཏུ་རང་མགོ་རང་གིས་སྨད་ནས་གཞན་ལ་ཞུ་བ་བྱེད་ཐབས་དེ་བས་ཀྱང་མེད་པ་ཡིན། འོན་ཀྱང་གལ་ཏེ་རང་ལ་ཡིད་རྟོན་འཕེར་ཞིང་བློ་སེམས་དཀར་བའི་གྲོགས་པོ་ཞིག་ཡོད་ན། བྱ་བ་འདི་དག་གྲལ་འགྲིག་པོའི་སྒོ་ནས་སྒྲུབ་ཐུབ།
ཡང་དཔེར་ན། བུ་ཕྲུག་གི་མདུན་ནས་ཁྱོད་ཀྱིས་ཕ་ཞིག་གི་ཐོབ་ཐང་འཛིན་དགོས་ལ། ཆུང་མ་ཡི་མདུན་ནས་ཁྱོད་ཀྱིས་ཁྱོ་ག་ཞིག་གི་ངོ་སོ་ལ་འདང་རྒྱག་དགོས། དེ་མ་ཟད་དགྲ་བོའི་མདུན་ནས་ཁྱོད་ཀྱིས་རང་གི་བརྩིས་མཐོང་ལ་སྲུང་སྐྱོབ་བྱེད་དགོས། ཡིན་ཡང་ཕུང་པོ་གསུམ་པའི་ཚུལ་གྱི་གྲོགས་པོ་ཞིག་གིས་འདི་དག་ཐམས་ཅད་སྣང་མེད་དུ་བསྐྱུར་ཏེ། དོན་དག་ཉིད་ལ་དམིགས་ནས་དངོས་ཐོག་བདེན་འཚོལ་གྱིས་ཁྱོད་ཀྱི་ཆེད་དུ་བདེན་དོན་དྲང་བཞག་བྱེད་ཐུབ།
གྲོགས་པོའི་མཛའ་སེམས་ནི་མི་ཚེ་ལ་མཚོན་ན་ཇི་འདྲའི་གལ་ཆེན་པོ་ཞིག་ཡིན་པ་འདི་ལས་ཀྱང་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གསལ་ལེར་རྟོགས་ཐུབ། དེའི་དགེ་མཚན་ནི་བགྲང་ཐབས་མེད་པའམ་རྫོགས་ཐབས་བྲལ་བ་ཞིག་ཡིན། མདོར་ན། མི་ཞིག་དཀའ་ཁག་ལ་འཕྲད་དུས། གལ་ཏེ་ཁོ་ལ་དུས་རྒྱུན་ཡིད་རྟོན་རུང་བའི་གྲོགས་པོ་ཞིག་མེད་ན། དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་མི་ཐུབ་པས་བྱ་བ་ཐམས་ཅད་ལེགས་འགྲུབ་མི་ཡོང་ལ། མཐར་ཡིད་ཐང་ཆད་དེ་འཚོ་གནས་ལ་སྙིང་བོ་མེད་པར་ཆགས་པ་ལྟ་བུའོ།
ཞབས་མཆན།
༡ ཨེ་པེ་མེ་ནེ་ཌིས་སུ(Epimenides)ནི་དུས་རབས་༦་པའི་སྐབས་ཀྱི་ནུབ་ཕྱོགས་པའི་ཚན་རིག་ལྟ་གྲུབ་སྨྲ་བ་དང་སྙན་ངག་པ་ཅིག་ཡིན།
༢ ནའོ་མཱ་(Numa)(715-673BC)ནི་རོ་མཎ་གྱི་རྒྱལ་པོ་གཉིས་པ་ཡིན་ལ་ཆོས་སྲིད་གཉིས་ཀྱི་ཐད་ནས་བྱས་རྗེས་ཅན་གྱི་མི་སྣ་རླབས་ཆེན་ཞིག་ཡིན།
༣ ཨེམ་པེ་ཌོ་ཁུ་ལེ་སུ(Empedocles)ནི་གྷི་རིག་གི་མཚན་ཉིད་རིག་པའི་ལྟ་གྲུབ་སྨྲ་བ་ཐ་མ་དེ་ཡིན། ཁོས་བརྩམས་ཆོས་ལ་<<སྡིག་བཤགས>><<Purifications>> དང་<<འབྱུང་བ་བཞི>><<The Four Elements>> སོགས་མང་ངོ།
༤ ཨེ་པོ་ལོ་ཎཱོ་སུ(Apollonius)ནི་(262BC-190BC)གྷི་རིག་གི་དབྱིབས་རྩིས་རིག་པ། གནམ་རིག་པ་མཁས་ཅན། བརྟག་ཐབས་རིག་པ། ཐ་སྙད་རིག་པ་སོགས་མདོར་ན་གནའ་བོའི་བསམ་བློ་བ་གྲགས་ཅན་ཞིག་ཡིན།
༥ སུལ་ལཱ་(Sulla)ནི་རོ་མཎ་གསར་བརྗེ་དུས་སྐབས་ཀྱི་འཐབ་འཛིང་བ་ཆེན་མོ་སྟེ་མཐར་གྲོང་ཁྱེར་དེའི་སྦྱིན་བདག་ཏུ་གྱུར།
༦ ཕོམ་ཕེན་(Pompey)(106BC-48BC)ནི་རོ་མཎ་གྱི་དམག་སྤྱི་ཆེན་མོ་དང་ཆབ་སྲིད་སྣེ་ཁྲིད་པ་ཞིག་གོ
༧ ཇོས་ལེའུ་སི་ཀཱེ་སཱར་(Julius Caesar)(100BC-44BC)ནི་རོ་མཎ་དབང་དུ་བསྡུ་མཁན་གྱི་ཆབ་སྲིད་པ། དམག་སྤྱི་ཆེན་མོ་དང་སྲིད་དབང་སྒེར་འཛིན་པ་བཅས་ཡིན།
༨ ཌེ་སེ་མུས་སི་བྷ་རུས་ཌུས་སུ་རི་(Decimus Brutus)(85-81BC)ནི་དུས་རབས་༡པོའི་སྐབས་སུ་རོ་མཎ་གྱི་སྲིད་དོན་མཁས་ཅན་ཞིག་དང་ཐ་ན་ཇོས་ལེའུ་སི་ཀཱེ་སཱར་གྱི་ལྐོག་གསོད་དོན་རྐྱེན་ལ་ངན་སྐུལ་བསླབ་བྱ་རྒྱག་མཁན་ཞིག་རེད།
༩ ཀེལ་ཧྥོར་ནེ་ཡཱ་(Calphurnia)ནི་ཇོས་ལེའུ་སི་ཀཱེ་སཱར་ཡི་སྐྱེད་སྨན་གསུམ་པ་དེ་ཡིན། མོའི་ཁྱོ་ག་གཞན་གྱིས་བསླུ་བྲིད་འོག་ལྐོག་གསོད་བྱས་རྗེས་མི་ཚེ་གང་པོར་ཁེར་རྐྱང་དུ་སྡོད་མཁན་གྱི་བུད་མེད་སྙིང་སྟོབས་ཅན་ཞིག་ཡིན།
༡༠ ཨན་ཌོ་ནེ་སུ་(Antonius)ནི་གནའ་བོའི་རོ་མཎ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་ལྡན་པའི་སྐུ་དྲག་ཁྱིམ་ཚང་ཞིག་མིང་ཡིན།
༡༡ ཨ་གྷི་སི་ཁྲུ་སུ་(Augustus)ནི་རོ་མཎ་གྱི་རྒྱལ་པོ་ཐོག་མ་དེ་ཡིན། ཁོས་(27BCནས་14AD)བར་དུ་རྒྱལ་ཁབ་དེར་དབང་སྒྱུར་བྱས།
༡༢ ཨ་གྷི་རེ་པཱ་(Agrippa)ནི་རོ་མཎ་གྱི་ཆབ་སྲིད་པ་དང་། དམག་སྤྱི་ཆེན་མོ། ལྷག་དོན་དུ་ཨར་ལས་འཆར་འགོད་པ་སྙན་གྲགས་ཅན་ཞིག་ཡིན། ཁོས་སྒྱུ་རྩལ་གྱི་འཆར་འགོད་ལས་བྱུང་བའི་མཛེས་སྡུག་ལྡན་པའི་ཁང་བརྩེགས་རེ་རེའི་རོ་མཎ་གྱི་ཐུན་མོང་མ་ཡིན་ལོ་རྒྱུས་ཀྱི་ཁྱད་ཆོས་མཚོན་ཡོད།
༡༣ ལྗོས་ལེ་(Julia)ནི་རོ་མཎ་རྒྱལ་པོ་དང་པོའི་བུ་མོ་དང་གཉིས་པའི་ཆུང་མ་ཡིན།
༡༤ མའེ་ཁུ་ནེ་སུ་(Maecenas)ནི་རོ་མཎ་རྒྱལ་པོ་དང་པོ་ཡི་ཆབ་སྲིད་ལམ་སྟོན་པའམ་མནའ་མཐུན་གྲོགས་པོ་ཞིག་ཡིན་པ་མ་ཟད། སྐབས་དེ་དུས་ཀྱི་མི་རབས་གསར་བའི་སྙན་ངག་མཁན་ཚོར་མཚོན་ན་མི་སྣ་གནད་ཅན་ཞིག་ཆགས་ཡོད།
༡༥ ཏྲེ་པེ་རུས་སི་ཀཱེ་སཱར་(Tiberius Caesar)(42BC-37AD)ནི་རོ་མཎ་གྱི་གོང་མ་གཉིས་པ་ཡིན།
༡༦ སེ་ཇེ་ནུས་སི་(Sejanus)(20BC-31AD)རོ་མཎ་གྱི་རྒྱལ་རབས་གཉིས་པའི་དམིགས་ཡུལ་ལྡན་པའི་དམག་དཔུང་དང་། ཡིད་ཆེས་བྱེད་སའི་གྲོགས་པོ་ཅིག་ཡིན།
༡༧ སེབ་ཁྲི་མུས་སི་(Septimius)(145AD-211AD)ནི་རོ་མཎ་གྱི་རྒྱལ་རབས་ཉེར་གཉིས་པ་ཡིན།
༡༨ པུ་ལེ་ཁྲི་མུས་སི་(Plautianus)ནི་སེབ་ཁྲི་མུས་སི་ཝེ་རུས་སི་ཡི་རླབས་ཆེན་གྱི་གྲོགས་པོ་དང་འཛིན་སྐྱོང་སྡེ་ཚན་གྱི་མི་སྣ་གལ་ཆེན་ཞིག
༡༩ ཀོ་མེ་ནེའུ་སི་(Comineus)ནི་ཧྥ་རན་སིའི་ལོ་རྒྱུས་སྨྲ་བ་ཞིག
༢༠ ཌོ་ཁུ་ཆཱར་ལིས་སུ་དང་༢༡ལོས་སུ་གཉིས་ནི་ཀོ་མེ་ནེའུ་སི་ཡི་སྦྱིན་བདག་ཆེན་པོ་གཉིས་ཡིན།
༢༢ པེ་ཐཱ་གྷོ་རེ་སུ་(Pythagoras)ནི་གྷི་རིག་གི་རླབས་ཆེན་གྱི་ལྟ་གྲུབ་སྨྲ་བ་ཞིག་སྟེ། ཁོས་རོལ་མོའི་བསྟན་བཅོས་དང་སྐར་རྩིས་རིག་པ། དབྱིབས་རྩིས་རིག་པ་སོགས་ཀྱི་ཐད་ལ་ཐུན་མོང་མ་ཡིན་པའི་བྱས་རྗེས་བཞག
༢༣ ཐེ་མེ་སུ་ཁྲོ་ཁུ་ལེ་(Themistocles)(524BC-459BC)ནི་སྐུ་དྲག་དང་མི་དྲག་གི་རིགས་རྒྱུད་ལས་མཆེད་པའི་དམག་སྤྱི་ཆེན་པོའམ་ཆབ་སྲིད་པ་ཞིག་མ་ཡིན་པར་གྲོས་ཚོགས་འོག་མའི་རྒྱབ་སྐྱོར་ཐོབ་མཁན་གྱི་མང་གཙོ་རྩོད་ལེན་པ་ཞིག་ཡིན།
༢༤ ཧེ་རཱ་ཁུ་ཐེ་ཏྲོས་སུ་(Heraclitus)ནི་གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་ཞིག་དང་། ཁོའི་གྲུབ་མཐའ་ནི་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་སྐད་ཅིག་མི་སྡོད་པར་འགྱུར་བའི་རང་བཞིན་ཅན་དུ་འདོད།
༢༥ སྐུ་ཞབས་ཇེམ་སི(St.James)ནི་ཡེ་ཤུའི་གསུང་རབ་གསར་མ་ལས་བསྟན་དོན་ལྟར། ཁོ་ནི་ཡེ་ཤུའི་སྟོན་པའི་ཕུ་བོ་ཡིན་པར་འདོད།