འཆམ་ར་དྲི་མེད་རྒྱལ་མཚན་།
ཕྱི་ཟླ་༦ ཚེས་ ༦་གི་དགོང་མོར་རྡ་ས་བོད་གཞུང་ཟློས་གར་ཐང་ཆེན་དུ་མཛེས་མའི་འགྲན་སྡུར་མཐའ་མ་དེ་གནང་སོང་། སྐབས་དེའི་མཐོང་སྣང་དང་། ལོ་ཤས་ཀྱི་བྱུང་བ་ཁག་ལ་དཔྱད་དེ་སྐད་ཆ་འགའ་བཤད་འདོད་བྱུང་།
དེ་ཡང་བོད་ཀྱི་མཛེས་མའམ་མཛངས་མ་གོ་སྒྲིག་པའི་ངོས་ནས་དཀའ་ངལ་གང་མང་ཞིག་གདོང་ལ་ཟེད་དེ། བོད་ཀྱི་ལོ་རྒྱུས་ནང་བྱུང་རིམ་གྱི་གསར་གཏོད་ཅིག་གནང་ཡོད་པ་ནི་བསྔགས་འོས་ཀྱི་གནས་ཤིག་འདོད་ལ། དེ་ལས་ཀྱང་བུད་མེད་གཅིག་གི་ངོས་ནས་བསམས་ན། བཀའ་དྲིན་དྲན་དགོས་པ་ཞིག་རེད་སྙམ། དེ་བཞིན་རང་ངོས་ནས་ཀྱང་དང་པོ་འདིར་རྒྱབ་སྐྱོར་དང་། ཡིད་རངས་བྱ་མཁན་ཞིག་ཡིན་ཟེར་ན་ཆོག་པ་ཞིག་ཡིན། རེད་དེ་ལོ་ཤས་ནས་བཟུང་། གོ་སྒྲིག་ཞུ་སྟངས་དང་། སྡིངས་ཆའི་སྟེང་གི་རྣམ་པ་ལ་བལྟས་ན། ང་རང་ཟམ་གདོང་བླ་མར་ཡ་མཚན་ཞིག་སྐྱེས་བྱུང། དེ་ཡང་སྔོན་ཞིག་ཟམ་གདོང་བླ་མས་བྱ་འགུལ་འདིར་མི་འདོད་པའི་རྣམ་འགྱུར་བསྟན་ཡོད། འཛིན་སྟངས་འདིར་དཔྱད་དུས། ཁོང་གིས་གནས་ཚུལ་འདི་འདྲ་ཞིག་འབྱུང་ཡོང་བ་ཤེས་པས་ནས་བཤད་པ་ལོས་ཡིན་སྙམ་བྱུང་།
རང་ངོས་ནས་ལོ་ཤས་ཀྱི་མཛངས་མའམ་མཛེས་མ་དང་། ད་ལོའི་གོ་སྒྲིག་ཞུ་སྟངས། དེ་ལས་ཀྱང་སྡིངས་ཆའི་འགྱུར་བག་སོགས་ལ་བཞིགས་ན། ལས་འགུལ་འདི་ཡོད་པ་དང་མེད་པ་གཉིས་ལས་མེད་པས་ལོས་དགའ་བསམ་པ་ཞིག་བྱུང། གང་ཡིན་ཟེར་ན།
༡ ༽ འདིས་བོད་མི་རིགས་ཀྱི་བཟང་སྤྱོད་ལ་རྡོག་རོལ་བཏང་ནས་ཕྱི་ལུགས་ཀྱི་ངན་སྤྱོད་དག་ནང་འདྲེན་བྱེད་ཀྱིན་འདུག
༢༽འདིས་བོད་མི་རིགས་ཀྱི་སྐད་ཡིག་ལ་གོ་ཐོབ་མི་སྤྲད་པ། དེ་ཉིད་གཏོར་བཤིག་གཏོང་གིན་འདུག
༣ ༽ འདིས་རང་མི་རིགས་གཞུང་དང་མི་སྣ་ལ་ཆེ་མཐོང་དང་གོ་སྐབས་མི་སྤྲོད་པ། ཕྱི་མའི་དབང་ཤུགས་རང་མི་རིགས་ཀྱི་གཉའ་བར་འཇོག་བཞིན་འདུག
་་་་་་་་དེ་བཞིན་དོན་ཚན་གསུམ་པོ་དེ་ཞིབ་འགྲེལ་བྱས་ན།
༡ ༽ ལས་འགུལ་འདིས་བོད་མི་རིགས་ཀྱི་བཟང་སྤྱོད་ལ་འགན་ཁུར་ཀྱིན་མི་འདུག གང་ཡིན་ཟེར་ན། དེའི་ནང་འཛུལ་ཞུགས་བྱེད་པར་ནམ་རྒྱུན་གྱི་འཁྲེབ་ཏོ་དང་། ཆང་རག་སྤྱོད་མཁན། ད་དུང་ཚད་བརྒལ་གྱི་བག་མེད་བྱ་བར་ཞུགས་མཁན་སོགས་ལའང་གོ་སྐབས་ཐོབ་བཞིན་འདུག བྱ་འགུལ་འདི་ཚོས་མི་རིགས་ཀྱི་བཟང་སྤྱོད་དང་། རིག་གཞུང་གི་སྙིང་པོ་དག་ལ་གུས་བཀུར་མེད་པ། དཔལ་འབྱོར་མཁོ་སྒྲུབ་དང་། མིང་གྲགས་ཀྱི་དགོས་པ་ཁོ་ནར་བཀོལ་བ་ནི། ཕྱི་ལུགས་ཀྱི་སྲོལ་ངན་ནང་འདྲེན་བྱས་པ་ཁོ་ན་ཟད་པས། དེ་ནི་ཡོད་པ་ལས་ཀྱང་མེད་པས་དགའ་འོ།
༢ ༽ སྡིངས་ཆ་འདིར་ཞུགས་པར་བོད་ཀྱི་སྐད་ཡིག་གི་ཆུ་ཚད་གཏན་ནས་མེད་ཀྱང་འགྲིག་པ། དཔེར་ན། ཚོགས་པ་འདི་བརྒྱུད་ནས་བོད་སྐད་མི་ཤེས་པའི་བོད་ཀྱི་མཛེས་མའི་མིང་ཁྱེར་མཁན་བྱུང་བ་ལྟར་རེད་ལ། ད་ལོའི་མཛེས་མའི་གོ་སྒྲིག་གི་སྡིངས་ཆའི་སྟེང་ནས་བོད་ཡིག་འབྲུ་གཅིག་མཐོང་རྒྱུ་མི་འདུག་ལ། བོད་ཀྱི་གླུ་གཞས་སྣ་གཅིག་ཀྱང་གཏོང་མཁན་མི་འདུག གཞན་ཡང་བོད་ཀྱི་ཞབས་བྲོ་སྣ་གཅིག་ཀྱང་འཁྲབ་མཁན་སྐད་གཏོང་མི་འདུག། དེ་ལས་བརྒལ་ཏེ། རྒྱ་གར་གྱི་གླུ་གཞས་ཁག་བཞི་གཏོང་སོང་ལ། ཟློས་གར་འཁྲབ་མཁན་ཆ་ཚང་ཞིག་ཀྱང་གྲལ་སྒྲིག་བྱས་འདུག
ཅི་སྟེ་བོད་མི་དག་གཞས་དང་འཁྲབ་སྟོན་གྱི་གོ་སྐབས་འགའ་སྤྲད་ན་ཁོང་ཚོ་ལའང་རང་རང་གི་ལས་དཀའ་དེ་ལས་འཚོ་སྣོན་རག་པ་དང་། བོད་མི་རིགས་ཀྱི་རིག་གཞུང་ལའང་སྲུང་སྐྱོབ། ད་དུང་བོད་མི་ཞིག་གིས་ཅི་ཞིག་བྱེད་ཀྱིན་པའང་མཚོན་ཐུབ། ཡང་ཁག་ཅིག་གིས་ད་ལོ་ས་ཡོམ་བརྒྱབ་རྐྱེན་རེད་ཟེར་སྲིད་མོད། འོ་ན་བོད་མིས་གོ་སྒྲིག་བྱས་པའི་སྡིངས་ཆ་ནས་གླུ་གཞས་ཀྱི་སྤྲོ་ཚོགས་བྱེད་པ་འདི་གང་ལ་འཇོག
གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ལབ་སོང། གོ་སྒྲིག་འདི་ལ་མིས་ཁ་གཏོང་གིན་འདུག་ཀྱང་། ང་ཚོ་དེང་རབས་ཅན་རེད་བ། ང་ཚོས་ལོས་བྱེད། ཟེར་བ་སོགས་དབྱིན་སྐད་ནང་བཤད་ཞོར། རྡོག་སྣེ་མང་ཚོགས་ལ་གཡུག་ཀྱིན་འདུག་མོད། བོད་མི་རིགས་ཀྱི་རིག་གཞུང་དང་བཟང་སྤྱོད་དོར་ནས་དེང་རབས་ལ་སྤྱོད་ཁུལ་བྱས་ན། དེ་ནི་བོད་ཀྱི་ཆོས་རིག་ལ་གོ་རྟོགས་དང་ལ་ཞེན་མེད་པའི་མགོ་སྟོང་གི་ལས་ཞིག་ལས་ཅི་ཡང་མིན། རྒྱུ་མཚན་ནི། དཀའ་སྡུག་འདི་འདྲའི་འོག་ནས་བོད་མི་རིགས་འདི་ད་དུང་གསོན་གནས་ཐུབ་ཡོད་པ་ནི་བོད་ཀྱི་བཟང་སྤྱོད་དང་སྙིང་སྟོབས་རིག་གཞུང་དག་གིས་ཡིན་པས་སོ།
༣ ༽ གཟུ་དཔང་བ་སོགས་ཐམས་ཅད། ཕྱི་མི་རེད་འདུག་ལ། བོད་མི་རིགས་ཤིག་ཡིན་པའི་ཆ་ནས། བོད་ཀྱི་མཛེས་མའམ་མཛངས་མ་ཟེར་བའི་གོ་སྒྲིག་ཞིག་ཡིན་པའི་ཆ་ནས། བོད་གཞུང་གི་མཛད་གཙོ་ཞིག་གདན་དྲངས་མི་འདུག་ལ། ཨང་ཐོབ་སྤྲོད་མཁན་དང་། རྟགས་མ་ཕུལ་མཁན། དྲི་བ་འདྲི་མཁན་གྱི་གཟུ་དཔང་པ་སོགས་ཀྱང་ཕྱི་མི་ཁོ་ན་རེད་འདུག དེར་བརྟེན། དབྱིན་སྐད་མི་ཤེས་པའི་བུ་མོ་ཞིག་འདུག་པ་དེས་སྐད་བསྒྱུར་བརྒྱུད་ནས་གླེང་མོལ་བྱེད་དགོས་ཀྱིན་འདུག ཚུགས་ཐུབ་མེད་པའི་བྱེད་སྲོལ་འདི་ཚོ་ལ་བཞིག་དུས། བོད་ཀྱི་སྐད་ཡིག་ལས་མ་ཤེས་ན། བོད་ཀྱི་སྤྱི་ཚོགས་ནང་ལའང་གོ་སྐབས་མི་རག་པ་དང་། གོ་བརྡ་མི་འཕྲོད་པའི་དུས་ཚོད་སླེབས་ཟིན་འདུག
བོད་ཀྱི་མཛངས་མ་ཞིག་གདམ་པ་ལ། བོད་མི་ཞིག་གིས་གདམ་དགོས་པ་ནི་གནད་འགག་ཞིག་རེད། གང་ཡིན་ཟེར་ན། མཛངས་མའི་དོན་ནི་ཤེས་ཡོན་གྱི་ཆུ་ཚད་མཐོ་ཞིང་། ཡར་རབས་ཀྱི་གཤིས་རྒྱུད་ལྡན་པ་ཞིག་ལ་གོ་དགོས་སྙམ། བོད་ཀྱི་མཛངས་མ་དེ་ཉིད་རྒྱུས་ལོན་བྱེད་པར་བོད་མི་ཤེས་ཡོན་པ་ཞིག་གམ། ཆ་རྒྱུས་མཐོ་བ་ཞིག་མིན་ན། བོད་ཀྱི་ཡར་རབས་བཟང་སྤྱོད་དང་། ཤེས་ཡོན་ཀྱང་ཇི་བཞིན་དཔོག་ཐབས་མེད་པས་སོང།
ད་དུང་བློ་བཟང་དབང་རྒྱལ་གྱིས་འཁྲབ་སྟོན་འདིའི་ཐོག་མཐའ་བར་གསུམ་དུ་བོད་གོས་ཤིག་ཀྱང་གྱོན་མ་སོང་ལ། མཚམས་རེ་བོད་སྐད་རེ་ཉིས་ཤིག་བཤད་སོང་བ་དེས་བོད་མི་ཞིག་ཡིན་ནམ་སྙམ་པ་ལས་མི་འདུག
ཁོང་གིས། ལུས་ཀྱི་སྟངས་སྟབས་ཡོད་ཚད་ངོམ་ཞིང། ངག་གི་སྐད་སྒྲ་ཡོད་ཚད་ཕྱུང་ནས་ ༼kingfisher༽ ཀིང་ཕི་ཤར་ཟེར་བཞིན་དགའ་འབོད་དང་སྨོན་ཚིག་མང་པོ་ཞིག་སྐྱོར་སོང་ལ། དེ་ལས་ཀྱང་མཛད་སྒོ་འཇུག་གྲོལ་བ་དང་། ཁོང་གིས་ཚོར་ཤུགས་ཡོད་ཚད་ཀྱི་ཡང་ཡང་བོས་སོང་། སྐབས་དེའི་གནས་ཚུལ་དག་གིས་ངའི་སེམས་ལ་སྙིང་རྗེ་བསམ་པ་ཞིག་ཀྱང་ངང་གིས་དྲངས་སོང། མཛད་རིམ་དེའི་ཁྲོད་ཁོང་གིས། བོད་རྒྱལ་ཁབ་དང་མི་རིགས། ད་དུང་རང་མི་རིགས་ཀྱི་དབུ་ཁྲིད ༧གོང་ས་མཆོག་གི་མིང་ཙམ་ཡང་སྨོས་མ་སོང། ངས་དེ་ནི་རྒྱ་གར་གྱི་ཚོགས་པ་དེར་བརྒྱུད་ཁོང་འཚོ་གནས་ཐུབ་པ་དང་། འཕག་འཚག་རྒྱག་ས་ཞིག་རག་ཀྱིན་པ་ལས་ཡིན་ནམ་སྙམ།
མཛེས་མའི་འགྲན་བསྡུར་ཞུགས་མཁན་ཚོར་ཆ་རྐྱེན་འདི་འདྲ་ཞིག་ཚང་ཡོད་ན་སྙམ།
༡ ༽ བོད་མི་རིགས་ཁམས་གཙང་ཡིན་པ།
༢ ༽ བོད་ཀྱི་སྐད་ཡིག་ཐོག་རང་བཅར་འཕེལ་ངེས་ཡོད་པ་དང་། རྒྱལ་རབས་ལོ་རྒྱུས་ལ་གོ་རྟོགས་ལྡན་པ།
༣ ༽ སོང་ཟིན་མི་ཚེའི་ནང་བོད་ཀྱི་ཡ་རབས་བཟང་སྤྱོད་ལས་བརྒལ་བ་དང་ངན་བཤད་རིགས་མེད་པ།
༤ ༽ ལོ་ཚོད་དང་། གཟུགས་ཚད། རྣམ་པ་སོགས་ནས་ཀྱང་ཚད་དཀག་ངེས་ཅན་ཞིག་ཡོད་ན་དྲན།
་་ནམ་རྒྱུན་གྱི་འཁྲེབ་ཏོ་དང་། ཆང་རག་སྤྱོད་མཁན། ད་དུང་ཚད་བརྒལ་གྱི་བག་མེད་བྱ་བར་ཞུགས་མཁན་་་ སོགས་སྤྱི་ཚོགས་ནས་ཟུར་འབུད་མ་བྱས་པར། མི་ལ་མི་ཞིག་གི་རིན་ཐང་དང་འདྲ་མཉམ་གྱི་བསམ་ཚུལ་བཟུང་ནས་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ།
རྩོམ་འདིའི་ནང་། ཆ་རྐྱེན་དོན་ཚན་བཞི་བཤད་པ་དེ་ལས་སྒོ་རྒྱབ་ཤོག་ཟེར་ན་ཡག་གི་རེད། ཆ་རྐྱེན་ནན་པོ་མེད་ནའང་ཡོང་མཁན་མི་འདུག་ག བོད་ཀྱི་རིག་གནས་དང་སྐད་ཀྱི་སྐོར་ལ་སྐར་གྲངས་མང་ཞིག་བྱིན་ན་དེ་ལ་གནད་འགག་ཅིག་འདུག་སྙམ།
རྩོམ་འདིས་དངོས་ཡོད་གནས་ཚུལ་ཞིག་བཤད་འདུག
བོད་ཀྱི་མཛངས་མའི་ཚབ་ལ་བོད་ཀྱི་ཀིང་ཕིར་ཤར་ཐོགས་ཤོག ཡང་ན་བློ་བཟང་དབང་རྒྱལ་ཁོ་རང་ལ་ཀིང་ཕིར་ཤར་ཐོགས་ཤོག ཧཧཧ
༼ད་ལོའི་མཛེས་མའི་གོ་སྒྲིག་གི་སྡིངས་ཆའི་སྟེང་ནས་བོད་ཡིག་འབྲུ་གཅིག་མཐོང་རྒྱུ་མི་འདུག་ལ།༽ ཞེས་སྡུག་སྐད་རྒྱག་འོས་པ་རེད། ༼བོད་མི་རིགས་ཤིག་ཡིན་པའི་ཆ་ནས། བོད་ཀྱི་མཛེས་མའམ་མཛངས་མ་ཟེར་བའི་གོ་སྒྲིག་ཞིག་ཡིན་པའི་ཆ་ནས། བོད་གཞུང་གི་མཛད་གཙོ་ཞིག་གདན་དྲངས་མི་འདུག་ལ།༽
འདི་ནི་གླེན་རྟགས་ཞིག་རེད་དྲན།
བོད་ཀྱི་མཛེས་མ་ལ་མཛངས་མ་ཞེས་བཏགས་ན། ད་དུང་སྐྱོན་མཐོང་བགྱིད་མི་འདུག་གམ།
མཛངས་ཞེས་མཁས་པའི་དོན་ཡིན་ཀྱང་། །
བོད་སྐད་མི་ཤེས་མཛངས་མར་བརྫུ། །
མཛེས་ཞེས་སྤྱོད་གཟུགས་གཉིས་དགོས་ཀྱང་། །
སྤྱོད་གཟུགས་གཉིས་མེད་མཛེས་མར་འཛུལ། །
འཁྲེབ་ཏོ་བག་མེད་ཚད་བརྒལ་དང་། །
ཆང་རག་སྤྱོད་མཁན་མི་གྲལ་ནས། །
ཟུར་འབུད་མ་བྱས་སྡིངས་ཆའི་སྟེང་། །
རིན་ཐང་སྤྲད་པའང་བསྔགས་པར་འོས། །
བློ་བཟང་དབང་རྒྱལ་བསམ་ཕུག་དོན་ལྡན་ཤོག །
དུས་བབ་ཀྱི་མཆན་བུ་འདི་བཞིན་ཁ་བརྡའི་ནང་ལ་ཉིན་ཤས་གནས་ཚང་གཡར་རོགས་གནང་།
འཛམ་གླིང་འདིའི་ནང་གི་མི་ཟེར་བ་དེ་གལ་སྲོག་ཆགས་གལ་ཆེ་ཤོས་ཤིག་རེད། འོན་ཀྱང་། མིའི་འདོད་རྔམས་དེ་སྡུག་ཤོས་ཅིག་རེད། དེ་ལ་ཆོས་དང་འཛིག་རྟེན་ཡ་རབས་ཀྱི་ནང་སློབ་སྟོན་ནང་ལ་འདོད་ཆུང་ཆོག་ཤེས་བྱེད་དགོས་པའི་སློབ་སྟོན་གནང་ཟིན་པ་དང་ད་དུང་མུ་མཐུད་ནས་གནོངས་དགོས་རེད། དེ་གཉིས་དབྱེ་འབྱེད་བྱེད་ཤེས་དགོས།
དྲི་མེད་རྒྱལ་མཚན་ཁྱེད་བདེན་གི། རང་ཉིད་ནས་ཀྱང་དེ་སྔོན་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་གསར་གཏོད་རང་བཞིན་ལ་བསྔགས་བརྗོད་དང་ཡིད་སྨོན་བྱེད་མྱོང་ཡོད། ད་ཆ་ངའི་བསམ་ཚོད་ཀྱི་བོད་ཀྱི་མཛངས་མའི་འགྲན་སྡུར་ཞིག་གཏན་ནས་རེད་མིན་འདུག། ངས་ཁྱོན་ནས་རྟོགས་ཐུབ་ཀྱི་མིན་འདུག། ཨ་རོགས་བློ་བཟང་དབང་རྒྱལ། ཁྱེད་ཀྱིས་རང་བྱས་ལ་ཕྱིར་བལྟས་ཞིག་བྱས་ནས་མི་རིགས་འདིའི་ལས་དབང་ལ་བསམ་རོགས། ཕ་མེས་ཚོས་དུར་ས་ནས་ང་ཚོར་གཅེར་ནས་འདུག། ཁྱེད་ཀྱིས་གནོང་འགྱོད་མེད་པའི་བྱ་བ་ཞིག་བྱས་ན་དེ་ནི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་རེད། དེ་མིན་ན་ཁྱེད་རང་ལོ་རྒྱུས་ཀྱི་མི་སྣ་ནག་ཉེས་ཅན་ཞིག་རེད།
ནོར་བཅོས། གལ་གཅིག་ཐོལ་བ་དང་འཇིག་ལའང་ཛ་ལག་ཐོལ་པ་མཐོལ་ལོ་བཤགས།
Doers will do, talkers will talk.
བོད་མི་རིགས་ཀྱི་བཟང་སྤྱོད་སྔ་ས་ནས་བོར་ཟིན་པའི་འཆལ་སྤྱོད་པ་བློ་བཟང་དབང་རྒྱལ་སོགས་ལ་མཛེས་མ་འགྲན་ཞུགས་པ་ཚོས་ཡིད་ཟབ་མང་ཙམ་གནང་གལ་ཆེ།
བོད་ཀྱི་མཛངས་མའམ་མཛེས་མའི་སྡིངས་ཆ་འདི་གོ་སྒྲིག་གནང་བར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
འོན་ཀྱང་བློ་བཟང་དབང་རྒྱལ་ལ་དེ་ལྟ་བུའི་གོ་སྒྲིག་བྱ་བར་རྣམ་སྤྱོད་གང་ཡང་ལྡན་མིན་འདུག།
གཅིག་ནས་སྡིངས་ཆ་འདི་དག་དང་ལྷག་པར་གོ་སྒྲིག་ཞུ་སྟངས་སོགས་བོད་ཀྱི་ཐུན་མིན་ཁྱད་ཆོས་ཅི་ཡང་མངོན་ཐུབ་མིན་འདུག། མངོན་གནས་གོ་སྒྲིག་ཞུ་ཐུབ་ཙམ་རེད་ཤག།
བོད་ནང་གི་སྒྱུ་སྩལ་ཐོག་རིགས་གཅིག་མཁས་པ་ཚོས་གསུངས་པ་ཞིག་ངས་དྲན་སོང་༼བོད་ཀྱི་ཟློས་གར་དེང་དུས་དང་མཐུན་པའི་ཡར་རྒྱས་དང་འཛམ་གླིང་སྤྱི་མཐུན་ཞིག་འགྲོ་དགོས་ན་ང་ཚོས་ངེས་པར་དུ་ཕྱིའི་རྣམ་པ་འདིར་བོད་མི་རིགས་ཀྱི་ཁྱད་ཆོས་མངོན་ཐུབ་པ་དགོས།༽ཞེས་གསུངས།
བོད་ཀྱི་མཛངས་མ་ཡང་བསྐྱར་གོ་སྒྲིག་གནང་སྐབས་གང་ཅིའི་ཐད་ནས་བོད་མི་རིགས་ཀྱི་ཁྱད་ཆོས་མངོན་ཐུབ་ན་ང་ཧ་ཅང་དགའ་བ་ལ་ཨང།
དེ་མིན་ན་ནམ་ཡང་མཐོང་འདོད་མེད།
དེ་ལས་2010ཕྱི་ཟླ་6ཚེས་18ནས་8ཚེས་18་བར་བཀའ་བློན་ཁྲི་པའི་འོས་འཕེན་པར་དེབ་བསྐྱེལ་བྱེད་པར་ཕེབས་རོགས་གནང། དྲ་གྲོགས་རྣམས་ནས་ངེས་པར་དུ་སོ་སོའིགཉེན་ཉེ་དུ་རྣམས་ལ་ལན་ཡིན་གཅིག་བསྐྱལ་རོགས།
དེ་འདྲ་བྱུང་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས།་་་་་་་་་་་བོད་རྒྱལ་ལོ།།།།།།།།།།།།།།།།།།།།།།།།
སྐྱོན་གཅིག་གི་ཧྲིལ་གྱིས་དོར་བ་འདི་སུའི་ལུགས་རེད་གོ དགེ་འདུན་ཆོས་འཕེལ་གྱིས་གཅིག་གསུངས་ཡོད་ན་ཐང་།
ད་ང་ཚོས་འདི་ལྟར་བྱ། མཛངས་མའི་འགྲན་བསྡུར་འདི་བོད་ཀྱི་སྤྱི་ཚོགས་ལ་ཡོད་མེད་གཉིས་ཀྱི་ནང་ནས་ཡོད་ན་ལེགས་སོ་ཞེས་ངའི་འདོད་པ་ཡིན། ཡིན་ནའང་འགྲན་བསྡུར་སྐབས་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་གི་དྲི་མ་འཐུལ་འཐུལ་ཞིག་དགོས་སོ་ཞེས་ཀྱང་ངའི་འདོད་པའོ།་།
བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ངེས་པར་དགོས།
འདི་བློ་བཟང་ལགས་ངེརས་དགོས། གཞན་བློ་བཟང་དབང་རྒྱལ་རྒྱལ་གྱུར་ཅིག
བོད་ཀྱི་བུ་མོ་རྒྱལ་གྱུར་ཅིག་
བོད་ཀྱི་མཛེས་མིའི་འགྲན་བསྡུར་འདི་ནི་བོད་ཀྱི་ཆོས་སད་རིགས་གཞུང་ལ་རྨ་འབེབས་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་གཅིག་རེད་འདུག་ད་ནས་གཟུང་མཚམས་འཇོག་བྱས་ན་ཡག་ཤོས་རེད་བཀའ་བློན་ཁྲི་པས་གསུང་པ་དེ་རང་རེད་འདུག
ཁ་བས་རྡུལ་མང་བརྩིགས་པའི་བྷ་ཊ་ཡི་ལྗོངས་འདིར།།ཀུན་ཕན་དམངས་གཙོའི་ལམ་སྲོལ་རྣལ་མ་ཞིག་དགོས་ན།།འཛམ་གླིང་གོ་ལ་ཟླུམ་པོའི་ཞི་བདེ་ཡི་ཉི་མ།།རྒྱལ་མཆོག་ཕྱག་ན་པདྨོའི་གཞལ་གསུངས་ལ་ཉོན་དང་།།
ང་ཚོས་འདི་བཞིན་བློ་བཟང་དབང་རྒྱལ་ཞེས་པའི་མཛངས་མའི་འགྲན་སྡུར་བཀོད་སྒྲིག་པ་དེ་ལ་ལན་གསལ་བོ་ཞིག་སྐྱེལ་དགོས་པར་མཐོང་སོང་། གང་ཡིན་ཟེར་ན་ང་ཚོས་ཁོ་ལ་བོད་སྐད་མི་ཤེས་པའི་བོད་པའི་མཛངས་མ་དེ་ཚོ་ཁོ་རང་གི་མཛའ་མོར་རུང་ཡང་ང་ཚོའི་བོད་ཀྱི་མཛངས་མར་མི་རུང་བ་དེ་ཤེས་སུ་འཇུག་དགོས། གལ་སྲིད་དེ་ལྟར་མི་ཤེས་པར་ད་དུང་བོད་ཀྱི་རིག་གཞུང་གི་དྲི་མ་ཙམ་ཡང་མེད་པར་ཕྱི་སྐྱོན་ནང་འདྲེན་བྱེད་ཀྱི་ཡིན་ན་ང་ཚོས་ཚོགས་པ་ཞེད་སྣང་ཚ་བོ་དེ་དང་གཅིག་མཚུངས་ལྟ་བུར་བརྩི་དགོས་པ་དེ་ང་ཚོའི་ལས་འགན་རེད། མུ་མཐུད་དུ་ང་ཚོས་དེ་ལ་ངོ་རྒོལ་བྱེད་འོས་ལ་རིམ་པས་མི་མང་གི་ནང་དུ་ཁྱབ་བསྒྲགས་བྱས་ཏེ་རྗེས་ཕྱོགས་དེ་ལྟར་བཀོད་བསྒྲིགས་བྱེད་མཁན་དང་འཛུལ་ཞུགས་བྱེད་མཁན་གཉིས་ཀར་ཞེད་སྣང་འོང་བ་ཞིག་བཟོ་དགོས་ཀྱི་འདུག་མ་གཏོགས་ཁོང་ཚོས་བསམ་ཤེས་མི་བྱེད་པ་ཐག་ཆོད་རེད།
ཁ་ནས་མཛངས་མ་ཟེར་བཞིན་དགའ་སྙམ་ཞིག་བསྟན་ཀྱང། །
ཁོག་ན་ཤེས་ཡོན་མེད་པས་རང་མཚང་དེ་མངོན་སོང་། །
ལུས་གཟུགས་གཅེར་བུར་མངོན་པ་མཛེས་ཆོས་སུ་མཐོང་ཡང་། །
བོད་མིའི་སྲོལ་བཟང་ཉམས་པའི་ལག་དམར་ལས་མི་འདུག །
གྲོགས་པོ་ཚོ། སྤྱིར་མཛངས་མའི་འགྲན་བསྡུར་འདི་སྡུག་ཅག་རེད་ཅེས་རྒྱུ་མཚན་གང་གིས་བརྗོད། ལྷག་པར་བོད་ཀྱི་མཛངས་མའི་འགྲན་བསྡུར་འདི་ཡང་མི་ལེགས་པ་ཞིག་རེད་ཅེས་བརྗོད་མི་ཐུབ། གྲོགས་པོ་ཚོ། ཁྱེད་རྣམ་པས་བློ་བཟང་དབང་རྒྱལ་གྱིས་འགྲན་བསྡུར་འདིའི་བཀོད་སྒྲིག་ཀྱི་ཆ་ནས་མི་འགྲིག་པ་གླེང་བ་ནི་ངས་ཀྱང་འདོད། བོད་ཀྱི་མཛངས་མའི་འགྲན་བསྡུར་འདི་བློ་བཟང་དབང་རྒྱལ་གཅིག་པུ་ལས་བཀོད་འགྲིག་མི་ཆོག་པའི་རྒྱུ་མཚན་མེད་སྟབས། འཇོན་སྟངས་ཡོད་ན་མཛངས་མའི་འགྲན་བསྡུར་གསར་པ་ཞིག་བཀོད་འགྲིག་ཐོག་བོད་ཀྱི་རིག་གཞུང་གི་དྲི་མ་ཐུལ་ཐུལ་ཅན་ཞིག་ང་ཚོའི་མིག་ལམ་དུ་མངོན་ཐུབ་ན་བོད་མི་ཚང་མས་དགའ་མོས་དང་། བློ་བཟང་དབང་རྒྱལ་གྱིས་ཀྱང་གོ་སྒྲིག་གི་ཐང་བསྒྱུར་བཅོས་གཏོང་དགོས་ཐུག་གི་རེད། གཞན་སྐྱོན་གཅིག་གིས་ལིང་བསྐྱུར་བྱ་དགོས་ན་ནང་ཆོས་ཀྱང་བྱེད་སྟངས་མ་ཤེས་ན་ངན་སོང་དུ་སྐྱེ་བའི་རྒྱུ་བྱེད་ཅེས་བཀའ་བརྒྱུད་པའི་བླ་མ་ཞིག་གིས་གསུངས་འདུག ཡིན་ནའང་ང་ཚོས་ཆོས་སྤོང་དགོས་ཞེས་བཤད་གི་ཡོད་མ་རེད་པ། དེ་ཡིན་དགེ་སྐྱོན་གཉིས་ཀ་གླེང་རོགས། མིག་གཉིས་ཀས་བལྟ་རོགས། རྣ་བ་གཉིས་ཀས་ཉོན་རོགས།
བོོད་མི་རིགས་ལ་ཕན་པའི་དོན་གྱིས་མཛངས་མའི་འགྲན་སྡུར་བྱས་ན་ཡིན་ད་ཡིན་དགའ་བསུ་བྱེད་རྒྱུ་མ་ཟད་རོགས་པ་བྱེད་རྒྱུ་ཡིན། བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་བཀོད་ཆོག་པ་ཞིག་ཡོད་ན་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་ཀྱང་རྣ་བ་གཏད་དེ་ཉན་ཡོད་ནི་རེད། ང་ཚོས་ཀྱང་ཕན་ཆེན་པོ་མ་ཐོག་ནའང་རྩོམ་ཐ་ངེ་ཐུང་ངེ་རེ་ཡིན་ནའང་འབྲི་རྒྱུ་རེད། དེ་ལས་བཟློག་ནས་ངོ་ཚ་བྲལ་བའི་གཅེར་གཟུགས་འདི་ཚོ་བོད་མི་རིགས་ཀྱི་མཛངས་མའི་ཁྱད་ཆོས་ཤིག་ཕར་བཞག་ནས་བོད་མི་རིགས་ཀྱི་ངོ་བོ་དང་རང་བཞིན་ལ་སླད་བསྲེས་བ་མ་གཏོགས་མི་འདུག་པ་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་འདི་རེད། ང་ཚོ་འདིར་སྐྱབས་བཅོལ་དུ་འོང་ནས་གཞིས་ལུས་རྒྱ་ཆེའི་མི་མང་ཚོར་གནས་ཚུལ་ཡག་པོ་ཞིག་མིག་ལམ་དུ་བསྟར་མ་ཐུབ་ནའང་ངོ་ཚ་བྲལ་བའི་གཅེར་གཟུགས་འདི་ཚོ་ལེགས་སྐྱེས་ཕུལ་ན་བློ་ཕམ་གྱི་རང་བཞིན་ལས་ཅི་ཡང་ཡོད་ཀྱི་མ་རེད་བསམ་གྱི་འདུག ལྷག་པར་དུ་ང་ཚོའི་མེས་པོ་ཚོའི་རིང་ནས་བཟུང་ད་བར་ཆགས་འཇིག་གི་གནས་སྟངས་མང་པོ་བྱུང་ཡོད་ནའང་རང་དབང་གི་སྤྱི་ཚོགས་དང་འཁོར་ཡུག་ཞིག་ནས་ངོ་ཚ་མེད་པའི་ཁྱི་རྒན་ཞིག་གིས་བོད་མིའི་བཟང་སྤྱོད་ལ་གཅེས་སྤྲས་མི་བྱེད་པའི་ཁྱི་མོ་ཁ་ཤས་གར་སྟེགས་སུ་གཅེར་བུར་ཕུད་པ་ནི་རང་གཞན་ཀུན་ལ་ཕམ་ཁ་ལས་མེད་པས་རྗེས་ཕྱོགས་མི་ཡོང་བ་ཞིག་ང་ཚོའི་མི་མང་གིས་འབད་བརྩོན་བྱེད་རྒྱུ་ཡིན།
བསིལ་རླུང་མ་རེད་ཚ་རླུང་རེད།
ཁོག་ནས་མེ་ལྕེ་འབར་འབར་རེད།
ཁ་ནས་དུ་བ་ཐུལ་ཐུལ་རེད།
རྩེད་མོ་ཡིན།
ཉིད་ད་དུང་ལྗང་གུ་ནང་ན་བཞུགས་འདུག
ཚོད་ལྟ
ངོ་མ་རླུང་བསིལ་བོ་དེ་དགོས་ས་ཞིག་ལ་ཕོག་འདུག་ག་
བསིལ་རླུང་གི་དེ་ལ་རྒྱབ་སྐྱོར་ཡོད། ང་ཚོའི་བོད་མི་རིགས་འདིས་རྗེས་ལུས་ཀྱི་རྣམ་པ་ངོ་མ་དེ་ཧ་མ་གོ་བར་གཅེར་བུར་འགྲོ་བ་དེ་གནའ་སྔ་མོར་མེད་པ་ཞིག་ད་སྐབས་གསར་གཏོད་ལྟ་བུའི་ཚོར་སྣང་སྐྱིད་པོ་ཞིག་གིས་ང་ཚོའི་བོད་མི་རིགས་ཀྱི་ལྷན་སྐྱེས་ཀྱི་གཤིས་ཀ་ཡག་པོ་དེ་བཅོམ་འགྲོ་གི་ཡོད་ལ་ལྷག་པར་དུ་བོད་ཀྱི་རིག་གཞུང་གི་མིང་ཙམ་ཡང་མི་ཤེས་མཁན་དེ་ཚོའི་མིག་ལམ་ན་ངོ་ཚ་མེད་པར་ཆགས་པ་དེ་ཡར་རྒྱས་ཀྱི་རྣམ་པར་མཐོང་བ་ཡང་མི་རིགས་ཀྱི་དྲི་མ་ཙམ་ཡང་མེད་མཁན་དེ་ཚོ་ལན་པ་རེད།
བརྩོན་འགྲུས་ལགས། བོད་ཀྱི་རིག་གཞུང་གི་ཆ་ཤས་གལ་ཆེན་ཤོས་ཞིག་གི་ནང་ནས་བོད་ཡིག་འབྲི་དུས། ཤད་བེད་སྤྱོད་གནང་ས་མང་པོ་ཡོད་པ་དེ་དག་ཉིད་ནས་བེད་སྤྱོད་གནང་རོགས།
གྲོགས་པོ་མེ་ཏོག་དཀར་པོ་ལགས་བདེན་པ་རེད། ཐུགས་རྗེ་ཆེ་ངོ་མ་མེ་ཏོག་དཀར་པོ་ཟེར་ན་དེ་རེད། ང་ཚོའི་ཞན་ཆའི་ཐོག་ནས་གཅིག་གིས་གཅིག་ལ་ཕན་རོགས་ཐུབ་པ་དེ་མིག་མཐོང་ལག་ཟིན་ཡིན་པས་ཐུགས་རྗེ་ཆེ། རྗེས་ཕྱོགས་དེ་འདྲའི་རིགས་ལ་ལམ་སྟོན་གནང་རོགས་ཞུ་རྒྱུ་ཡིན།