ཉི་མ་འཚོ་དང་གསལ་ལེ་རྒྱལ་གཉིས་ཀས་མཉམ་དུ་བྲིས།
————
(འདི་ནི་རྒད་པོ་ཞིག་གིས་རང་གི་བུ་མོ་ཁྲིད་ནས་དགོན་པར་མག་པ་སློང་དུ་སོང་བའི་དངོས་སྒྲུང་ཞིག་ལ་གཞི་བཅོལ་ནས་བྲིས།)
གཅིག
ཨ་ཁུ་པདྨས་རང་གི་བུ་མོ་གཉིས་ཀ་ཁྲིད་ནས་ཞོགས་པ་སྔ་མོར་དགོན་པར་སླེབས་སོང་། ཚོགས་ཚོགས་བཞིན་པའི་གོ་སྐབས་དེ་དམ་འཛིན་བྱས་ནས་སླེབས་སོང་། ཁོ་ཚོས་ཚོགས་ཆེན་འདུ་ཁང་གི་སྒོ་ནས་རྐྱང་ཕྱག་གསུམ་རེ་འཚལ་རྗེས་ག་ལེར་ནང་དུ་འཛུལ། ཕ་རྒན་པུས་བཙུག་གིས་གྲལ་མཐར་བསྡད་ཅིང་དེའི་གཡས་ནས་བུ་མོ་ཆེ་བ་དང་གཡོན་ནས་བུ་མོ་ཆུང་བ་བསྡད། ཁོ་ཚོས་ལག་པ་ཐལ་མོ་སྦྱར་ཞིང་མིག་ཟུང་ཤུགས་ཀྱིས་བཙུམ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་སྟངས་དེ་ནི། ཆོས་སྒོར་ཞུགས་པའི་དགེ་འདུན་པ་ཚོར་རང་ཉིད་ལ་ཞུ་དག་ཐེངས་གཅིག་བྱེད་རོགས་ཞེས་ཞུ་བ་བྱེད་པ་དང་འདྲ།
འགྲོ་བ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ་་་་་་་་་། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།
ཚོགས་ གྲོལ་ནས་གྲྭ་མང་ཡར་བཞེངས་མ་ཐག་ཨ་ཁུ་པདྨ་འཚབ་འཚུབ་ཀྱིས་ཡར་ལངས་ནས། སྐུ་མཁྱེན། ང་ལ་ཞུ་རྒྱུ་ཞིག་ཡོད། ཁྱོད་ཚོའི་ནང་ལ་གྲྭ་བ་བྱེད་འདོད་མེད་མཁན་དེ་འདྲ་ཡོད་ན་ངེད་ཚང་ལ་མག་པར་ཡོང་ རོགས། བུ་མོ་འདི་གཉིས་ཀའི་གང་དགོས་ན་འགྲིག་གི་རེད། མག་པ་གཉིས་ཡོད་ནའང་ཆོག ངའི་བུ་མོ་འདི་གཉིས་ལ་མག་པ་བོད་པ་རེ་དགོས་ཀྱི་འདུག་ཅེས་དབུགས་ཐེངས་གཅིག་ གིས་བཤད་རྗེས་ལྕེ་སྣར་ཞིག་བྱས་ཤིང་། ཡང་བསྐྱར་གྲྭ་མང་གི་ནང་ལ་མིག་བཤེར་བྱེད་བཞིན་སྐྱབས་སུ་མཆིས། ངའི་མིང་ལ་བདྨ་ཟེར་ཞེས་བ་ན། བུ་མོ་ཆེ་བོས་གྲྭ་མང་གི་ནང་དུ་བལྟས་ཏེ་འཛུམ་ཙམ་བྱེད་ལ་བུ་མོ་ཆུང་བས་མགོ་སྒུར་ནས་བསྡད། གྲྭ་མང་གིས་མཁན་པོའི་ཕྱོགས་སུ་བལྟས་བ་ན་མཁན་པོས་སྤྱན་ཟུང་བཙུམས་ཏེ་ཞལ་ངོར་དགོད་རྒྱུ་ཞིག་ཤར་ནས་བསྡད་འདུག ནམ་རྒྱུན་ཡིན་ན་ཚོགས་གྲོལ་མ་ཐག་གྲྭ་མང་འུར་སྒྲ་དང་བཅས་གཅིག་ལས་གཅིག་མགྱོགས་ ཀྱིས་སྒོའི་ཕྱི་རུ་སུ་ཐོན་ལ་ལྟ་བཞིན་ཡོད་ནའང་། ཉིན་དེར་སྒོར་འབུད་ཐུབ་མཁན་གཅིག་ཀྱང་མི་འདུག སྣ་ཚུལ་མ་བདེ་བ་དེ་མཐོང་བ་དང་ཨ་ཁུ་པདྨས་ཀྱང་། སྐྱབས་འཇུག་ཞུས་ཟིན། ད་འགྲོ། ད་འགྲོ། ཟེར་བཞིན་བུ་མོ་གཉིས་ཀ་ཁྲིད་ནས་འདུ་ཁང་གི་ཕྱི་རུ་ཕྱིན་སོང་།
ཚོགས་གྲོལ་རྗེས་གྲྭ་བ་ལ་ལ་གད་མོ་དགོད་བཞིན་རྒད་པོ་དེ་འདྲའི་བླུན་པོ་ཞིག་ཅེས་སྨད་པ་བྱེད་ལ། ཡང་ཁ་ཤས་ཀྱིས་ཁོ་རང་རྒད་པོ་དྲང་མོ་ཞིག་རེད་ཅེས་བསྟོད་པ་བྱེད། ཡིན་ནའང་ཁོ་ཚོའི་རྩོད་གཞི་ངོ་མ་ནི་ཨ་ཁུ་པདྨ་བླུན་པོ་ཞིག་ཡིན་མིན་དེ་མ་ཡིན་པར། བུ་མོ་གཉིས་ཀྱིས་ཕ་རྒན་དང་མཉམ་དུ་དགོན་པར་ཡོང་བའི་ངོས་ལེན་ཇི་ལྟར་བྱས་ཚུལ་དེ་རེད། དེ་ནི་རྩོད་གཞི་རེད་ལ་དཔྱད་གཞིའང་རེད། སྦྱིན་པས་བཤད་ན་བུ་མོ་ཆེ་བ་དེས་ཚུལ་ཁྲིམས་ལ་ཡག་པོ་བལྟས་སོང་ཟེར་ལ། ཚུལ་ཁྲིམས་ཀྱིས་བཤད་ན་མོས་སྦྱིན་པ་ཁོ་ནར་མིག་ཅེར་ནས་བསྡད་འདུག་ཟེར། ལ་ལས་དེ་ནི་གོ་སྐབས་ཤིག་རེད་ཟེར་ལ། ཡང་ཁ་ཤས་ཀྱི་དེ་ནི་བར་ཆད་ཅིག་རེད་ཟེར། ཕ་རྒན་གྱི་གསུང་བརྩིས་བ་དེས་བུ་མོ་འདི་གཉིས་རང་གི་ཕ་མར་བརྩི་བཀུར་ལྡན་པ་མཚོན་ཞིང་ཡ་རབས་ཀྱི་གཤིས་ཀ་ལྡན་པས་རེད་ཟེར་ལ། ཁ་ཤས་ཀྱིས་དུས་རབས་ཉེར་གཅིག་པའི་ལས་སྟངས་ཤིག་མ་རེད། དེ་ནི་རང་ཉིད་ལ་ཤེས་ཡོན་མེད་པས་རེད་ཟེར། དེ་དག་ལ་མཁན་པོས་སྤྱི་བསྡོམས་བརྒྱབས་ཏེ་བཤད་རྒྱུར། མ་མོ་སྟོང་ལ་ཁྲོམ་གཅིག་གིས་འགྲིག་འགྲོ་བ་ནང་བཞིན་བུ་མོ་མང་བོར་བུ་གཅིག་གིས་འགྲིག་གི་རེད། དེ་ལ་ཁྱོད་ཚོ་གྲྭ་བ་ཚོས་སེམས་ཁུར་ཁྱོན་ནས་བྱེད་དགོས་བ་མ་རེད་ཟེར།
གང་ལྟར་ཉིན་འདི་འགའི་རིང་ཨ་ཁུ་པདྨ་དང་ཁོང་གི་ཞི་མོ་གཉིས་དགོན་པ་འདིའི་གསར་འགྱུར་ཡིན་ལ། མི་མངོན་པའི་དབྱངས་ན་ཡེ་ཤེས་ཀྱི་སྤྱན་ཟུང་ཅེར་བའི་ཆོས་སྐྱོང་སྲུང་མ་དེས་ཡོད་ཚད་མཐོང་ཞིང་ཐམས་ཅད་ཐོས་ཏེ་རིག་པ་སྒྲིམ་གྱིན་ཡོད།
ཚུལ་ཁྲིམས་ཀྱིས་མིག་གཉིས་བཙུམ་ནས་ཅི་ཞིག་སྒོམ་བཞིན་འདུག སྦྱིན་པས་བཤད་ན་ཁོས་ཚེ་རིང་མཚོ་མོ་སྒོམ་པ་རེད་ཟེར་ལ། ཁོ་རང་ཉིད་ཀྱིས་བཤད་ན་མི་སྡུག་པ་སྒོམ་བཞིན་ཡོད་ཟེར། ཁོའི་ཐོད་པ་དང་སྐེ་ཁུག་བཅས་ན་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བཞིན་འདུག དེ་ནི་ཕལ་ཆེར་མི་སྡུག་པའི་སྒོམ་ཤུགས་ཆེ་དྲག་པའམ་ཡང་ན། འདོད་ལྷའི་མདའ་མོ་ཞིག་མ་བསམ་ས་ནས་ཁོང་གི་ལུས་ཐོག་གང་རུང་ལ་ཟུག་པ་མིན་ནམ་བསམ། གློ་བུར་དུ་མི་སྡུག་པ་སྒོམ་དགོས་དོན་དེའང་དྲི་བ་ཞིག་ཡིན་མོད། དེ་བས་ཀྱང་གཟབ་དགོས་ས་ཞིག་ཡོད་པ་ནི་དོན་གྱིས་ཁོས་མི་སྡུག་པ་སྒོམ་བཞིན་ཡོད་མེད་དེ་རེད།
ཉིན་དེ་ནས་བཟུང་གྲྭ་བ་ལ་ལས་དགོན་པའི་སྒྲིག་གཞི་ལ་སྔར་སྲོལ་ལྟར་གུས་རྩི་མི་བྱེད། ད་དུང་ཁ་ལ་འབྱར་བའི་སྐད་ཆ་ཚིག་འགའ་ལ་འགྱུར་བ་ཐེབས་སོང་། ཐབ་གཡོག་ལ་མི་རྒྱུགས། ཆུ་གླིང༼མྭ་ཧྭེ༽མི་འཚོ། ཞིང་ལས་མི་བྱེད། འདིར་དཔེ་ཆར་བལྟ་རུ་ཡོང་བ་ཡིན། དཔེ་ཆར་བལྟ་མི་ཐུབ་ན་ཨ་ཁུ་པདྨ་ཚང་ལ་མག་པར་འགྲོ་ཡི་ཡིན་ཟེར། ལ་ལ་ཀུ་རེ་དང་ཁ་ཤས་བདེན་པ་རེད།
གཉིས།
ཁོ་ཚོ་ཚང་མ་ནང་དུ་འཛོམས་ཏེ་ཨ་ཁུ་པདྨས་རང་གི་ཆུང་མར་ཁ་བརྡ་བྱེད་པའི་ཞོར་ལ་ཚིག་ཟུར་གྱིས་བུ་མོ་གཉིས་ལ་བརྡ་བརྒྱབས། གྲྭ་ལོག་དེ་ཚོས་ལས་འབྲས་ལ་བསམ་བློ་གཏོང་ཤེས་ཀི་རེད་ལ་བརྩེ་བའང་ཕན་ཚུན་འགྲོགས་ནས་ཡུན་གྱིས་ཡོང་གི་རེད། འཇིག་རྟེན་པའི་འགྲོ་སྟངས་འདུག་སྟངས་ཀྱི་ཕྱོགས་ནས་ང་རང་གིས་ད་དུང་ལམ་སྟོན་བྱེད་ཐུབ་ཀི་རེད། སྟོན་པའི་གསུང་ལ་ཐོས་བསམ་སྒོམ་གསུམ་བྱེད་ཐུབ་ན་དགོན་པར་བསྡད་ན་ཡག་པོ་ཞེ་དྲག་རེད་དེ། དེ་མ་འཇོན་ན་དགོན་པའི་གླིང་རྫི་བྱེད་པ་ལས་འུ་ཚང་གི་མག་པ་བྱས་ན་ཡག་གི་རེད། གཅིག་ནས་མི་རིགས་ལ་ཕན་གྱི་རེད་ལ་གཉིས་ནས་དགོན་པའི་གོར་ཟ་དགོས་བ་མ་རེད། མ་རྩ་བརྟན་པོ་བཟོས་རྗེས་སྟོང་བཤགས་བྱ་ཆོག་གི་རེད། ང་ཡང་དེ་ག་ནང་བཞིན་སྔོན་མ་གྲྭ་བ་རེད་ཅེས་བ་ན། རྒན་མོས་ཞི་མོ་གཉིས་ལ་བལྟས་ཏེ་འཛུམ་ཙམ་བྱེད།
གསུམ།
བསྟན་འཛིན་ཆོས་སྒྲོན་གྱིས་སྐད་ཆའི་སྒྲ་ཁ་ནང་ནས་འདོན་བཞིན་གདངས་སྣ་ནང་ནས་དྲང་སྟེ། ‘‘ཨ་ཅག། ང་རང་ཚོའི་པ་ལགས། དཔེ་ཨུ་ཚུགས་ཚ་བོ་འདུག གྲྭ་བ་ལ་སྒོར་མོ་ནི་མེད། འཚོ་བའི་ཉམས་མྱོང་ནི་མེད། ཐ་ན་འདོད་བདེ་ལའང་རོལ་ཤེས་མིན་སུས་ཤེས། དཔེ་ཁ་མཚར་རེད། ཡུན་རིང་པོར་འགྲོགས་ན་བརྩེ་བ་ཡོང་གི་རེད་ཡིན་ན་ཅིག དཔེ་འདྲ་བོ་ཞི་བོ་བཤད་ཀི་འདུག’’ཅེས་བ་ན། ཚེ་རིང་མཚོ་མོའི་རྨི་ལམ་གྱི་དབུ་འཁྱུད་འཁྱོག་སོང་། མོས་བསམ་བློ་གཏོང་གིན་གཏོང་གིན་སེམས་ཁམས་རང་བཞིན་གྱིས་འཁྲུགས་སོང་། ཐ་ན་ཨ་ཕས་བཤད་པའི་བདེན་བདེན་འདྲ་བའི་སྐད་ཆ་དེ་དག་ཀྱང་དོག་གཞིར་གྱུར། ཡིན་ནའང་ཉལ་ཁའི་གཏམ་ལངས་ཁ་ན་མི་འདུག། སྐྱ་རེངས་ཤར་དུས། རྨི་ལམ་རབ་རིབ་ནས་འཕྲད་པའི་གྲྭ་སྦྱིན་པའི་གཤིས་ཀ་དང་བརྩེ་སེམས་ཀྱིས་མདང་ནུབ་ཀྱི་སེམས་ཁམས་རྨང་ནས་བཅོམ་ཟིན་པ་མ་ཟད། གྲྭ་ལོག་ལས་ལྷག་པའི་ཁྱོ་ག་ཞིག་གང་ནས་བཙལ་ཡང་རྙེད་ཐབས་མེད་པ་ལྟ་བུའི་གཏན་ཚིགས་ཤིག་རྙེད་འདུག། ནམ་གསལ་མ་གསལ་ནས་སྒེའུ་ཁུང་གི་ཕྱི་རོལ་དུ་ཅེར་འདུག ཕལ་ཆེར་དགོན་པའི་ཕྱོགས་སུ་བལྟ་བཞིན་པ་འདྲ།
བཞི།
ཚེས་བརྒྱད་ཉིན་ཚེ་རིང་མཚོ་མོ་ཡང་བསྐྱར་དགོན་པར་སླེབས་སོང་། མོས་སྟོན་པའི་སྐུ་མདུན་ནས་དད་སེམས་རྩེ་གཅིག་གིས་གསོལ་བ་སྨོན་ལམ་བཏབ་སོང་། ཕལ་ཆེར་གྲྭ་བ་ཞིག་ཅིས་ཀྱང་ང་ལ་མག་པར་གནང་རོགས་ཞེས་ཞུ་བ་བྱེད་བཞིན་པ་འདྲ། དགོན་པའི་ཕྱི་ལོག་ན་བསྟན་འཛིན་སྒྲོལ་མས་ཨ་ཅེར་སྒུག་ནས་བསྡད་འདུག མོའི་གཡས་གཡོན་ན་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་གྲྭ་བ་དག་མཐོང་ན་མོ་ལ་སྣང་དོག་གང་ཡང་མི་འདུག ལྷག་པར་དུ་ཚེ་རིང་མཚོ་མོ་དགོན་པའི་ཕྱི་རུ་ཐོན་མ་ཐག་མོས་ཧ་ཅང་ནན་ཏན་གྱི་སྒོ་ནས། ཁྱོད་ཀྱིས་སྨོན་ལམ་ག་རེ་བརྒྱབས་ཡིན། ངས་ཨ་ཕར་ཕོག་ཐུག་གཏོང་རྒྱུ་ཡིན་པ་ཤེས་མོད། ཡིན་ནའང་དགོན་པ་ནས་གྲྭ་བ་ཞིག་ཁྲིད་ནས་འགྲོ་ཐུབ་ས་མ་རེད། ཨ་ཅེ་ཁྱེད་རང་དངོས་གནས་ལྐུགས་པ་རང་རེད་ཟེར།
ལྔ།
སྦྱིན་ པ་གར་སོང་ཆ་མེད་དུ་གྱུར་བའི་གསར་འགྱུར་དེས་དགོན་པ་ཟང་ཟིང་དུ་གྱུར་སོང་། ལ་ལས་ཡང་བོད་པ་གཅིག་གིས་ཇེ་ཉུང་དུ་ཕྱིན་སོང་ཟེར་ལ་ཁ་ཤས་ཀྱིས་དེ་ནི་བོད་པ་ གཅིག་གིས་ཇེ་མང་དུ་འགྲོ་རྒྱུ་ཡིན་པའི་རྟགས་རེད་ཟེར། ཁ་ཅིག་གིས་དགེ་བསྐོས་ཀྱིས་ཁོང་ལ་ཉེས་ཆད་བཏང་བ་ལྕི་དྲག་སོང་། མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཟེར་བ་བཞིན་སྒྲིག་འགལ་ཐེངས་གཅིག་བྱས་པ་ལ་ཉེས་ཆད་དེ་འདྲ་གཏོང་དོན་མེད་ཟེར། ཡང་འགའ་ཤས་ཀྱིས་དཔེ་ཆར་གཏན་ནས་མི་དགའ་བའི་རིགས་རང་འགུལ་གྱིས་ཐོན་སོང་ན་ཡག་ ཤོས་རེད་ཟེར། གསར་འགྱུར་འདི་ཐོས་མ་ཐག་ཚུལ་ཁྲིམས་ཀྱིས་ཡང་བསྐྱར་མི་སྡུག་པ་སྒོམ་པའི་འགོ་བཙུགས་སོང་། ད་དུང་ཁོའི་ལུས་ཀྱི་བ་སྤུ་ཚང་མ་གྱེན་དུ་ལང་ཞིང་བ་སྤུའི་བུ་ག་རེ་རེ་ན་རྔུལ་ཆུ་བཞུར་བཞིན་འདུག
དྲུག
ཨ་ཁུ་བདྨ་ཚང་གིས་གཉེན་སྟོན་ལ་གྲ་སྒྲིག་བྱེད་བཞིན་འདུག མཁན་པོས་བརྟེན་འབྲེལ་གྱི་དོད་དུ་ཁ་བཏགས་ཤིག་དང་འཁོར་བའི་གདམས་ངག་མང་བོ་བསྐུར་སོང་ཟེར། ད་དུང་རྒན་པོ་ཚོས་བཤད་ན་གདམས་ངག་དེ་དག་འཚོ་བའི་ཉམས་མྱོང་ལས་བྱུང་བའི་གདམས་ངག་ཏག་ཏག་རེད་ལ། དེ་ནི་མཁན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཡིན་པའི་རྟགས་ཀྱང་རེད་ཟེར། ངོ་མ་བཤད་ན་ཁོང་ནི་ཐམས་ཅད་མཁྱེན་པ་ཞིག་ཡིན་མིན་མི་ཤེས་ཏེ། རིགས་རྒྱུད་སྤེལ་བར་བུ་མོ་བརྒྱ་ལ་བུ་གཅིག་གིས་འགྲིག་གི་རེད་གསུང་མཁན་དེ་རེད།
གླང་རྫིའི་དོར་མ་ཞིག་ལ་སྐ་རགས་སེར་བོ་བཅིངས་བའི་ཕོ་གསར་ཞིག་གིས་སྐྱབས་གནས་དཀོན་ མཆོག་གསུམ་ལ་མཆོད་པ་འབུལ་ཞེས་ངག་ཐོག་ནས་ཟས་མཆོད་མང་བོ་ཞིག་སྐྱོར་རྗེས། ཡ། ད་ཡིན་ད། ད་ཟོ། ད་འཐུང་། ཡ། ད་ཡིན་ད་ཞེས་མགྲོན་པོར་ཟས་མགྲོན་དང་ཆང་མགྲོན་བྱེད་བཞིན་ཁོང་གི་རྐང་སྣམ་ཁ་ནས་ཡར་ལ་ཡང་ཡང་འཐེན། རྔུལ་ཆུས་ཡོངས་སུ་བརླན་པར་གྱུར་བའི་གཟན་ཤབ་ཞིག་སྒོའི་ཕྱི་རོལ་ན་ཉི་མར་སྐམ་ ནས་བཞག་འདུག་པ་དེ་ད་སོ་མ་ཁོའི་རྒྱབ་ནས་བཀོག་པ་ལོས་ཡིན་འདོད། ཨ་ཁུ་བདྨའི་གདོང་ལའང་འཛུམ་ཞིག་ལངས་ནས་ད་ཡིན་དྭ་ཞེས་མགྲོན་པོ་ཚོར་ཟ་མ་འདྲེན་བཞིན་འདུག སྣང་བརྙན་འདི་དག་མཐོང་ནས་ཚེ་རིང་མཚོ་མོ་ངུ་བཞིན་འདུག་ལ་བསྟན་འཛིན་སྒྲོལ་མ་དགོད་ཀྱིན་འདུག
དམྱལ་བ་བོ་འདིས་ཅིག་ལ་ཁྲིད་ཁྲིད་ནས་གློ་བུར་དུ་མཚམས་བཞག་སོང་། སྦྱིན་པ་དང་པོར་བལ་ཡུལ་དུ་ཡོད་པའི་སྒོ་མང་བཟོ་གྲྭའི་ནང་དུ་ལས་ཀ་བྱེད་དུ་སོང་སྟེ་ལོ་གཉིས་དང་ཕྱེད་ཀར་བསྡད། དེ་ནས་ཉི་མ་གཅིག་ཚེ་རིང་མཚོ་མོ་ཡང་བོར་བརླག་ཏུ་གྱུར། ལོ་གཅིག་གི་རྗེས་སུ་སྦྱིན་པ་དང་ཚེ་རིང་མཚོ་མོ་གཉིས་ཀྱིས་བྱིས་པ་སྙིང་རྗེ་བོ་ཞིག་ཁྱེར་ནས་ལྷོ་ཕྱོགས་སུ་ཐོན། ཕ་ཡུལ་གཅིག་པའི་གྲྭ་པ་དག་གིས་ཁོ་རང་དགོན་པའི་གྲྭ་ཤག་ཏུ་བོས་ནས་བུ་སྐྱེ་བར་རྟེན་འབྲེལ་གསོལ་སྟོན་བཤམས། དགོང་མོ་དེར་སྦྱིན་པ་གྲྭ་ཤག་ནས་ཉལ་བ་དང་ཚེ་མཚོ་གཞིས་ཆགས་སུ་ཕྱིན། སང་ཞོགས་ཚེ་མཚོ་མ་བུ་གཉིས་སྦྱིན་པའི་སར་ཡོང་སྟེ་དགོན་པར་སྐུ་འགྱེད་ཕྲན་བུ་ཞིག་བཏང་སྟེ་གྲྭ་ཚང་ད་དུང་བརྗེད་མེད་པའི་དཔང་རྟགས་འདྲ་ཞིག་བསྟན། དེ་ནས་སྦྱིན་པ་དང་ཚེ་མཚོ་གཉིས་ཀྱིས་གཞིས་གྲོང་གསུམ་པ་ནས་ཟ་ཁང་ཆུང་ཆུང་ཞིག་བཟུང་། ཕ་ཡུལ་གཅིག་པའི་གྲྭ་པ་ཚོ་ནམ་རྒྱུན་དེ་རུ་སོང་སྟེ་སྦྱིན་པའི་ཟ་ཁང་གི་ཟ་མའི་བྲོ་བ་ཞིམ་པོ་དེར་རོལ། མཐའ་མར་བསྟན་འཛིན་སྒྲོལ་མ་ཡང་སྦྱིན་པའི་གྲོགས་པོ་ཕ་ཡུལ་གཅིག་པ་ཞིག་དང་མཉམ་དུ་རྡ་སར་བྲོས་ཏེ་ནོར་གླིང་ནས་ལྷ་བྲིས་དང་ཚེམས་པོ་སྦྱངས་ནས་བསྡད། འདི་འདྲའི་རིང་པོ་ཞིག་བྲིས་ཡོད་ཀྱི་བཟང་གི་ཡ། ཨ་ཨ་ངའི་ལག་པ་འདི། ཡ་ད་གསར་བུ་ཚོའི་གཅིག་གིས་ཕྲིས་དང་།
སྒྲུང་སྙན་པོ་ཞིག་བྲིས་འདུག བཟང་གི་ཡ ད་དུང་འབྲི་རོགས་གནང་།
ཡི་ཞི་རྒྱ་བ། ཡ་ཡུད་སྙན་པོ་འདྲ་བོ་ཞིག་བྲིས་འདུག་ཡ།
མི་གཉིས་ཀྱིས་འབད་བརྩོན་བྱས་ཀྱང་དེ་ཙམ་ཞིག་རེད་འདུག ཡིག་ནོར་ཡང་རེ་ཟུང་འདུག
ཨོའོ་་་་དེ་འདྲའི་སྙན་པ་ལ།་་་་་ཡིན་ནའང་དེ་དངོས་སྒྲུང་ཡིན་མིན་ལ་ཐེ་ཚོམ་འདུག།
ཨ་ཤི་རེ་གོ།
དེ་དུས་ང་འཚོགས་ན་ཅིག་ཡོད་ན།
ད་འཚམས་སྲིད་ཚོང་བྱས་ནས༼ཧའུ་རོ་ཧན་ཊ༽ཞིག་ཉོས་ཚར་ཡོད།།
ཨ་ལག་ཚང་གི་སྒྲུང་འདྲ་ཞིག་ངས་བཤད་ཀོ།
སྔོན་མ་ཞིག་ལ་ང་དང་ལས་རོགས་གཅིག་པའི་གྲྭ་བ་ཞིག་ཡོད། གྲྭ་བ་ཁོང་ཉམ་ཆུང་ཤེས་ཡོན་ཡག་པོ་ཡོད་ཙང་མི་གཞན་གྱིས་མཐོང་ཆེན་གནང་གི་རེད། འདྲེ་རྒན་ཞིག་གིས་བསླུས་པ་ཡིན་ནམ་གང་ལྟར་ངའི་སེམས་ནང་གི་གྲྭ་བ་ཁོང་ང་ཚོའི་ལས་གནས་ནས་སློབ་གྲྭ་གཞན་ཞིག་ལ་གནས་སྤོར་གནང་སོང་། ཅང་མ་མགོ་བར་མི་ཉན་པའི་གཏམ་ངན་འདི་འདྲ་གོ་བྱུང་། གྲྭ་བ་ཁོང་སློབ་དགེ་བུ་མོ་ཞིག་དང་དགའ་བོ་ཆགས་ནས་སློབ་གྲྭར་འདུག་མ་བཟོད་པས་བྲོས་སོང་ནི་རེད་ཟེར།
ཉིན་གཅིག་ལ་ངེད་གཉིས་བལ་ཡུལ་མཆོད་རྟེན་འགྲམ་ཞིག་ནས་ཐུག་བྱུང་་་་་་ངེད་གཉིས་ཟ་ཁང་ཐོག་ཀ་ཞིག་ལ་ཆུ་གྲང་མོ་འཐུང་བ་ཕྱིན་ནས་དར་མོར་ཁ་བརྡ་བྱས། ངས་ཁོང་ལ་གྲྭ་བ་ལོག་ཚུལ་ག་འདྲ་ཡིན་ཞེས་དྲིས་པ་ཡིན། ཁོས་་་་རྟག་པར་སློབ་དགེ་བུ་མོ་མོ་རང་ངའི་ནང་ལ་ཡོང་ནས་བརྩེ་མོའི་ཟོལ་གྱིས་དགའ་བོ་སྒྲིག་འདོད་ཡོད་ཚུལ་ལུང་བ་གང་བཤད་བྱུང་ཟེར། དེ་ནས་ཅང་མ་སོང་བར་ངེད་གཉིས་ལྐོག་ནས་དགའ་བོ་བྱས་ཏེ་བསྡད་པ་ཡིན་ཟེར། རིམ་གྱིས་མོ་རང་གི་ཁྱོ་གས་ཧ་གོ་ནས་ངེད་གཉིས་ལ་དཀའ་ངལ་ཆེན་པོ་སྤྲོད་ཀྱིན་འདུག་པས་སློབ་གྲྭར་འདུག་ཐུབ་མ་སོང་ཟེར་ནས་ངོ་གདོང་ཅུང་དམར་བོར་གྱུར་སོང་། ངས་ཁོང་ལ་ཁྱོ་ག་ཡོད་པའི་མོ་ཏོག་ཅིག་དང་འགྲོགས་ནས་ཡོང་གི་མ་རེད་དེ་ལས་བུ་མོ་གཞན་ཞིག་བཙལ་ན་རྙོག་དྲ་ཡོང་གི་མ་རེད་ཅེས་བཤད་པ་ཡིན། ཁོས་་་་ངེད་གཉིས་མ་ཤི་བར་མཉམ་འདུག་བྱེད་རྒྱུའི་དམ་བཅའ་བཞག་ཚར་ཡོད་ཟེར། ད་རུང་ཁོང་གིས་་་་་་བརྩེ་དུང་གི་ཆེད་དུ་རང་སྲོག་གཅོད་དགོས་རུང་མི་སྐྲག་ཚུལ་་་་་ཡེ་ཤེས་ལྷ་མོ་དང་མགར་བ་སྟོབས་རྒྱུའི་ལོ་རྒྱུས་དང་སྦྱར་ནས་བརྩེ་དུང་གལ་ཆེ་ཚུལ་ཐུང་ཐུང་ཞིག་བཤད་བྱུང་།
འདི་འདྲ་ཞིག་རེད་འདུག
ཡིག་ནོར་འདི་དག་གང་ལ་བསྐྱལ་དགོས་སམ།
འདི་ལ་རྩོམ་པ་པོ་ཞིག་གི་མིང་ཐོགས་སམ།
དྲ་གྲོགས་ཚོ།
ཞབས་འདྲེན་རེད
སྒྲུང་ཡག་པོ་ཞིག་བྲིས་འདུག ལྷག་པར་དུ་འདིལྟར་མཉམ་དུ་བྲིས་ན་རྒྱུན་བསྲིངས་བར་ཕན་གྱི་རེད་བསམ། ད་བར་བོད་ཡིག་གཡུགས་བཞག་མཁན་དང་བོད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་གྲངས་ལ་སྡུར་ཚད་ཅིག་བླངས་ན་གཡུགས་བཞག་མཁན་མང་གི་རེད། ལྷག་པར་དུ་ཟ་ལེ་རྒྱལ་གྱི་ཌོར་ལར་གཡུགས་ནས་བོད་ཡིག་ལ་འཐམ་པ་འདི་བསྟོད་བསྔགས་བྱེད་དགོས་པ་ཞིག་ལས་ཞབས་འདྲེན་ཞིག་ག་ལ་ཡིན། ཁྱེད་གཉིས་ཀྱི་ངོ་སོ་ཡར་ལ་བསྟོད། ཨ་ཁུའི་པདྨའི་སྐུ་ཚེ་རིང་། བུ་མོ་གཉིས་བདེ་སྐྱིད་ལྡན་པར་ཤོག གྲྭ་ལོག་དེའི་བསམ་དོན་འགྲུབ་པར་ཤོག ཚང་མར་བཀྲ་ཤིས་བདེ་ལེགས་ཡོད་དཱ།
དངོས་སྒྲུང་ཡིན་མིན་གང་ཤེས་སྟེ། གང་ལྟར་སྒྲུང་སྙན་པོ་ཞེ་པོ་ཞིག་བྲིས་འདུག ད་དུང་ཨ་ཁུ་ཀླུ་མྱོན་ཚང་ནས་འཇུག་བསྡུ་ཡག་པོ་གནང་འདུག དོན་ངོ་མར། བོད་ཀྱི་རིག་གཞུང་ཐོར་རྒྱུའི་རྩ་བ་དེ་གྲྭ་བཙུན་བྱེད་མཁན་མང་བའི་སྐྱོན་གྱིས་རེད། འདི་ལྟར་ང་ཚོས་གྲྭ་བཙུན་འཇུག་རྒྱུ་ཉུང་དུ་བཏང་ནས་སྐྱ་བོའི་རིགས་ལ་ཤེན་ཡོན་གོང་ཐོར་གཏོང་ཐབས་གནང་ན། བཙན་བྱོལ་འདིར་བོད་མིའི་མི་འབོར་འབུམ་བཞི་ལྔ་ཞིག་གཏན་གཏན་གྱི་འཕེལ་རྒྱས་འགྲོ་ངེས་རེད། དེང་སྐབས་སྐྱ་སེར་ཁྱད་མེད་ལ་ཤེས་ཡོན་ནི་སྤྲོད་ཆོག་ཆོག་འདུག དཔེར་ན་ཝཱ་ན་མཐོ་སློབ་དང་དྷ་སའི་རིགས་སློབ་ལྟ་བུས་སྐྱ་བོའི་རིགས་ལ་ནང་ཆོས་ཀྱི་གོ་རྟོགས་གོང་འཕེལ་གཏོང་བཞིན་པ་ལྟབུ་བཞིན་ནོ། གདན་ས་སེར་འབྲས་དགའ་གསུམ་དང་རྒྱུད་གྲྭ་སྟོད་སྨད། དེ་བཞིན་སྙིང་མ། ས་སྐྱ། བོན་པོ། བཀའ་རྒྱུད་བཅས་ཀྱི་ཆོས་གྲྭ་ཚོར་སྡོམས་གྲྭ་བཙུན་ཉུང་མཐར་ཁྲི་ལྔ་ཡས་ཡས་ཞིག་ཡོད་ཐག་གཅོད་རེད། དེ་ཚོས་བོད་མོ་རེ་ཟླ་བོར་ལན། ཕྲུ་གུ་ཉུང་མཐར་གསུམ་རེ་ཡོད་པའི་རྩིས་རྒྱབ་ན་གང་འདྲ་འདུག འདི་ནི་བཙན་བྱོལ་གཅིག་པུའི་སྐད་ཆ་ཡིན། ད་དུང་བོད་ནང་དུ་བསམ་བློ་གཏོང་དགོས་དགོས་པ་རེད། འདིའི་ཐད་བསམ་ཚུལ་བཤོད་དང་དྲ་གྲོགས་རྣམས།
དངོས་གནས་སྙན་མོ་བྲིས་འདུག
༼གྲྭ་བཙུན་ཉུང་མཐར་ཁྲི་ལྔ་ཡས་མས་ཞིག་ཡོད་ཐག་གཅོད་རེད། ༽ སྐད་ཆ་འདི་ལ་ཡ་མཚན་སྐྱེས་བྱུང། རྒྱ་གར་ན་གྲྭ་བཙུན་འདི་འདྲ་ཞིག་ཡོད་པ་བོད་གཞུང་གི་མི་འབོར་ཞིབ་གཤེར་ཁོངས་སུ་མི་འདུག ད་ཕལ་ཆེར་སྨྱོ་གྲབས་་ཡོད་ཚོད་འདུག
འོ་གློ་བུར་དུ་སྒྲུང་འདི་འདྲ་ཞིག་ག་འདྲས་སླེབས་པ་རེད། ཟླ་ཚེས་ལ་བལྟས་ནས་སྔ་མོ་ཞིག་ནས་བཞག་འདུག འོ་ཡ་ཡ་དེ་སྔོན་ང་རྒྱ་གར་ལ་སོང་བའི་སྐབས་སུ་ཁ་བརྡ་ནང་དུ་བཞག་པ་འདྲ་འདུག དགོན་པ་ནས་མག་པ་ཁྲིད་མཁན་ཡོད་སྲིད་མོད། རྒད་པོ་ཞིག་གི་ཚོགས་ཡོངས་ལ་དེ་འདྲ་ལབ་ཐུབ་མཁན་དུས་རབས་འདིའི་ནང་དུ་སླེབས་ཐུབ་རྒྱུ་མ་རེད། ཚིག་སྦྱོར་ལ་བལྟས་ན་ཉི་མ་མཚོ་ཟེར་བ་དེས་བྲིས་པ་ཡིན་པ་འདྲ་འདུག གསལ་ལེ་རྒྱ་དེའི་བར་དུ་འཚངས་ནས་བསྡད་འདུག
སྒྲུང་བྲིས་པའི་ཚིག་སྦྱོར་དང་སྒྲིག་གཞི་ཡག་པོ་འདུག འོན་ཀྱང་མཇུ་བསྡུ་སྟངས་ཅུང་ཟད་བསྡུ་ཆེ་འདུག
ཁ་བརྡ་ལ་རྩོམ་གྱི་མུ་གེ་ཤོར་སོང་ཨེ་རེད། རྩོམ་འདི་ལོ་གཅིག་ལྷ་གི་གོང་ནས་མཐོང་སོང་། འདིར་བསྐྱར་དུ་གཏོང་དགོས་དོན་ཅི།