སེང་མགུལ་སྨན་བླས་བསྒྱུར།
རྩོམ་པ་པོའི་སྙིང་སྟོབས་དང་བརྩོན་པ་ལ་གུས་བའོ།
ཐེ་བྷེ་ཐ[Thebeth]ཞེས་འབོད་པའི་ཡུལ་དེའི་འཚོ་བ་དང་གྲོང་སྡེ་སོགས་ལ་མན་གོ་ཁན་[Mangu khan]གྱི་དམག་འཁྲུག་བསླེབས་ནས་ཁྱོན་ཀུན་གཏོར་བཤིག་གི་ཐང་མར་བརྡལ་བ་ནི་རྒྱང་ཐག་རིང་བའི་ཉིན་ཉི་ཤུའི་འགྲུལ་བཞུད་ཁྲོད་ནས་མཐོང་རྒྱུ་འདུག་ལ། ད་དུང་། བདག་མེད་སེམས་ཅད་དང་དུས་རྒྱུན་དུ་ཡུལ་སྐོར་བ་དང་ཚོང་པ་ཚོའི་དོགས་ཟོན་གྱི་གཞིར་གྱུར་བའི་མཚན་མོའི་སྟག་གི་འཇིགས་པ་སོགས་ཀྱང་གནས་དེར་མཐོང་མེད་དུ་གྱུར་འདུག སྤྱིར་ཚོང་བ་དང་ཡུལ་སྐོར་བ་ཚོས་ཡུལ་དེ་གའི་མཚན་མོའི་སྡོད་གནས་དག་ནས་རང་ཉིད་གཅིག་པུ་ལ་བདག་སྐྱོང་དང་མཁོ་ཆས་སྦྱར་བ་ཙམ་མིན་པར་རྟ་ཡང་སྟག་གི་ཧམ་ཟ་མི་བྱ་ཕྱིར་སྲོང་སྐྱོབ་དང་དོགས་ཟོན་བྱ་དགོས་པ་ཞིག་ཆགས་ནས། ཕྱི་དྲོ་བསླེབས་དུས་ཁོང་ཚོས་མཐའ་ཁོར་གྱི་ཕྱོགས་བཞི་ནས་སྨྱུག་མ་མང་པོ་མཉམ་དུ་བསྡམས་ནས་མེ་སྦར་བ་དང་སྨྱུག་མ་རློན་པའི་ཚིགས་བཀད་པའི་སྒྲ་ཆེན་པོ་དག་ལེ་དབར་གསུམ་གྱི་མཚམས་ནས་གོ་ཐུབ་པས། འཇིགས་སུ་རུང་བའི་བདག་མེད་ཀྱི་གཅན་གཟན་མང་པོར་ཞེད་སྣང་བསྐུལ་ནས་ཡུལ་དེར་སྡོད་མི་ཐུབ་པ་བཟོས། ཡུལ་འདི་དང་ལྷག་པར་གཙང་འགྲམ་གྱི་ཁོ་ར་ཁོར་ཡུག་ཀུན་ལ་རིང་ཚད་ལ་འདོམ་བཅུ་དང་སྤོམ་ཚད་ལ་ལག་མཐིལ་གྱི་ཚད་གསུམ་ཅན་གྱི་སྨྱུག་མ་མང་པོ་བསྐྱེས་འདུག་ལ་སྨྱུག་མ་དེ་དག་གི་ཚིགས་ལ་ལག་མཐིལ་གསུམ་གྱི་ཞིང་ཚད་ལྡན་འདུག
ཁོང་ཚོས་ཕྱི་རོལ་གྱི་གཅན་གཟན་སོགས་ཀྱི་འུར་སྒྲས་རྟ་ཤོར་བར་དོགས་པའི་སྔོན་འགྲོ་ལས་ངེས་པར་དུ་རྟ་ལ་ལྕགས་སྒྲོག་བརྒྱབ་པ་དང་ཆབས་ཅིག་རང་ཉིད་ལའང་ཉེན་ཁ་མི་འབྱུང་བའི་གྲ་སྒྲིག་བྱས། ཡིན་ནའང་། ཕྱུག་བདག་མང་པོ་ཞིག་གིས་དོགས་ཟོན་གྱི་བྱ་བའི་གནད་འདི་ལྟ་བུར་སྣང་མེད་དུ་ཤོར་ནས་སྒོ་ཕྱུག་མང་པོ་བརླག་འགྲོ་བཞིན་མཆིས།
ངས་མི་མེད་ལུང་སྟོང་རྒྱུད་ནས་ཉིན་ཉི་ཤུའི་རིང་བསྐྱོད་པའི་མཚམས་སུ་གནས་ཚང་ཞིག་རྙེད་མ་སོང་ལ་ཕལ་ཆེར་ཉིན་གསུམ་དང་བཞིའི་རིང་ལ་ཟས་ཁམ་གང་ཡང་རག་མ་སོང་། མཇུག་མཐར་རི་རྩེ་མང་པོས་ཕྲེང་བསྒྲིགས་ཤིང་སྟེང་ན་བྲག་རྡོ་ཆེན་པོ་ལྷུན་གྱིས་བགྱིད་པའི་ཕྱོགས་ཀྱི་རྫོང་ཁག་ཁ་ཤས་ཤིག་ཡོད་པ་དེའི་ཕྱོགས་སུ་འབྱོར་བ་དང་། དེ་ནས་རིམ་གྱིས་ཞིང་བཏབ་པའི་རྫོང་ཁག་གི་སྡོད་གནས་ཤིག་ཏུ་འཛུལ་བ་ན། གནས་དེ་ནི་ཡུན་རིང་མི་འགོར་བར་གཅན་གཟན་གྱི་ཉེན་ཁ་འབྱུང་སའི་གནས་ཤིག་རེད།
[མཆན–འདིར་བསྟན་པའི་བོད་ཀྱི་ས་ཆ་དེ་ནི་ད་ལྟའི་དུས་ཀྱི་རྒྱ་ནག་ཤར་ཕྱོགས་ཀྱི་སི་ཁྲོན(Szechwan)་དང་ཡོན་ནན་(Yunnan)ཞིང་ཆེན་གཉིས་ཀྱི་ནང་རེད། མར་ཁོ་ཕོ་ལོ་བོད་དུ་སྐྱོད་དུས་ཤར་ཕྱོགས་ཀྱི་ཐག་རིང་པོའི་མཚམས་སུ་རྒྱ་བསྐྱེད་ཅིང་། དེ་ནི་མོང་གོལ་(Mongol)རྒྱལ་རྒྱུད་ཀྱི་སྟོབས་ཤུགས་འོག་ཡོད།]
ཡུལ་དེའི་ཕྱོགས་མང་པོའི་མི་མང་ཁྲོད་མི་སྣ་ཁྱད་པར་ཅན་དུ་མས་ལྷ་ལ་དད་མོས་ཀྱིས་བུད་མེད་གཞོན་ནུ་དག་ལ་ལུས་འབྲེལ་གྱི་ཞེན་པ་ལོག་ཅིང་གང་ཐུབ་ཅི་ནུས་ཀྱིས་ཕོ་རྐྱང་དུ་བསྡད་པའི་ལུགས་སྲོལ་ངན་པ་ཞིག་གནས་དེར་དར་འདུག་ནའང་། དེ་ལས་ལྡོག་སྟེ་སྔོན་ཡི་དམ་གྱི་ལྷ་ལ་དམ་ཚིག་མ་ཕུལ་གོང་ཉེ་བར་མཁོ་བའི་འཁྲིག་སྦྱོར་གྱི་བྱ་བ་བྱུང་བ་དང་། ཁོང་ཚོའི་དམ་བཅའ་དེ་ནི་རང་ཉིད་ཀྱི་ཡི་དམ་དགྱེས་པའི་ཕྱིར་དང་ཡང་གཅིག་བཤད་ན་བུད་མེད་ནི་ནམ་ཡང་ནུས་མེད་དང་རོགས་ཟླར་མི་དོ་བའི་ཡིད་ཆེས་ཤིག་སེམས་སུ་ཉར་ཡོད། སྐྱེས་པ་ཚོས་ཚད་འཇལ་བའི་བུ་མོའི་མཛེས་པ་དང་ལྷག་པར་གདོད་མའི་མི་དེ་ཚོའི་ཐུན་མོང་གི་བསམ་བློའི་འཁྱེར་ཕྱོགས་གཞིར་བཞག་ན། ཚོང་པ་དཔུང་སྡེ་རེ་གནས་དེར་འབྱོར་ཞིང་མཚན་མོར་གུར་ཕུགས་ནས་ཞག་ཏུ་སྡོད་པའི་སྐབས་དེར། གནས་ལ་འགྲོ་རན་པའི་བུ་མོའི་ཨ་མས་སོ་སོའི་བུ་མོ་ཁྲིད་ནས་རྒྱུས་མེད་ཀྱི་ཚོང་པ་སུ་ཞིག་རང་གི་བུ་མོར་འདོད་པ་ཡོད་པའི་རེ་སྐུལ་དང་བཅས་ཁྱིམ་མཚེས་ལྟར་ཆགས་པའི་དུས་ཡུན་རིང་པོར་ཁོང་ཚོར་གནས་དེའི་སྤྱི་ཚོགས་ལོངས་སྤྱོད་བྱེད་དུ་བཅུག་པ་དང་། སྐབས་དེར་མོ་གཙོག་རྣམས་ལྷག་ནས་བློ་ཕམ་ཁོང་ཁྲོའི་གནས་སུ་བསྐྱལ་ཞིང་། མཛེས་མ་དག་རང་རང་གི་དགའ་བོས་གཉེར་ནས་ལྗོངས་རྒྱུར་ཁྲིད་པ་དང་དེ་ནས་ཕྱིར་རང་ཁྱིམ་དུ་བསྐྱལ་བ་ལས་ཁོང་ཚོ་དང་ལྷན་དུ་ས་ཐག་རིང་པོར་སྐྱོད་པའི་སྲོལ་མི་འདུག དེ་ན་བུ་མོ་ཚོེར་རེ་ལྟོས་ཆེན་པོ་ཞིག་ཡོད་པ་ནི་ཁྱོ་གས་རིན་གོང་ཆུང་བའི་དྲན་རྟེན་དང་རྒྱན་ཆ་སྣ་མང་རེ་ཉོས་ཤིང་ཕྱིར་རང་ཁྱིམ་དུ་ལོག་ནས་ལེགས་སྐྱེས་སུ་སྤྲོེད་དགོས་པ་མ་ཟད། མོས་ཀྱང་ལུས་ཡོངས་རྫོགས་རྒྱན་ཆས་བརྒྱན་ནས་ཆུང་མ་འཚོལ་མཁན་གྱི་ཕོ་གསར་གཞོན་ནུ་ཚོ་དང་ལྷན་དུ་བརྩི་མཐོང་ཆེན་པོའི་ངང་རླབས་ཆེན་གྱི་སྐྱེས་པ་རྣམས་ཡིད་དབང་འཕྲོག་པར་བྱེད། དེ་བཞིན་གཉེན་སྒྲིག་མཛད་སྒོའི་སྐབས་ལའང་ཁོ་མོ་ཚོས་ཡོད་ཚད་མང་ཚོགས་ལ་སྟོན་པ་དང་། ཁྱོ་གའི་འདྲེན་བྱེད་ཀྱི་ཡུལ་ན་མོའི་མཛེས་སྡུག་ནི་ལྷས་སྦྱིན་པར་ར་སྤྲོད་དང་ཆ་འཇོག་བྱེད། གཉེན་སྒྲིག་ཐེངས་གཅིག་བྱས་པའི་བུད་མེད་ལ་སུ་ཡིས་ཐེ་གཏོགས་མི་བྱེད་ལ་དེ་ནི་ནམ་ཡང་གཏོར་མེད་ཀྱི་སྒྲིག་གཞི་ཞིག་གོ
ལྷ་ལ་དད་མོས་ཅན་ཀྱི་མི་དེ་ཚོ་ཤིང་ཏོག་གི་རིགས་དང་གསོ་བྱ་སོགས་ལ་བརྟེན་ནས་འཚོ་ཞིང་། ཁོ་ཚོས་མང་ཚོགས་ཀྱི་ལག་ནས་ཉེས་པ་མེད་མདོག་གིས་འཕྲོག་བཅོམ་བྱས་པ་དེས་འཇིག་རྟེན་འདིའི་སྟེང་ཁོ་ཚོ་ནི་ཡ་ང་སྙིང་རྗེ་མེད་ལ་སླུ་བྲིད་ཀྱིས་ཡོངས་སུ་ཁེངས་པའི་ཆེས་ཚབས་ཆེན་གྱི་ཇག་པ་ཞིག་ཆགས་ཡོད།
གནས་དེའི་གླ་དང་གླ་རྩིའི་དྲི་མ་ནི་ཕྱོགས་ཀུན་ལ་ཁྱབ་ཞིང་མཐོང་རྒྱུ་ཡོད་པ་དང་། བཤད་སྲོལ་ལ་གླ་རྩི་ནི་གླའི་ལྟེ་ཁུང་དུ་ཁྲག་དྲོན་མོས་ཁེངས་པའི་ཁུག་མ་ཞིག་ཏུ་ཡོད་ལ་དེ་ཡང་ཟླ་རེར་ཐེངས་གཅིག་རེ་རང་བཞིན་གྱིས་ལྟུང་གི་ཡོད། ཁྱི་དང་ལྷན་དུ་འཚོ་བའི་ཡུལ་མི་དེ་ཚོས་གླ་དང་གླ་རྩི་ལ་རྒོ་རྡི་རེ(gudderi)འབོད།
མན་ཙེའི་(Manzi)རྒྱལ་མཚམས་ཁག་ཏུ་གནས་བའི་ཐེ་བྷེ་ཐེ་(Thebeth)ཞིང་ཆེན་དེ་ལ་གཞན་དང་ཐུན་མིན་གྱི་སྐད་རིགས་ཡ་མཚན་ཞིག་འདུག ཡུལ་དེའི་མི་མང་ཚོར་ཕྱི་ནང་བརྗེ་སྤོད་ཀྱི་ལྭ་བའི་རིགས་མེད་ལ་དུས་རྒྱུན་དུ་གྱོན་པ་ནི་གོ་ལྭ་གཅིག་པུ་རེད། ད་དུང་ཁོ་ཚོར་ལྕགས་སྒོར་བེད་སྤྱོད་མེད་པ་མ་ཟད་རླབས་ཆེ་བའི་ཁན་(Great khan)གྱི་ཤོག་སྒོར་ཡང་བཀོལ་ས་མེད།
བསམ་གཞིགས་ཁྲོད་ཀྱི་ཐེ་བྷེ་ཐ།
ཐེ་བྷེ་ཐ་ནི་རྫོང་ཁག་དང་གྲོང་འཁྱེར་མང་པོ་ཚུད་པའི་རྒྱལ་གཞིས་བརྒྱད་དུ་མ་གྱུར་གོང་ཧ་ཅང་གི་སྟོགས་འབྱོར་ཆེ་བའི་རྒྱལ་ཁབ་ཞིག་ཡིན་ལ་གནས་དེ་ན་གཙང་བོ་དང་། མཚོ་མོ། རི་བོ་སོགས་མང་དུ་མཆིས་པ་མ་ཟད། གཙང་བོ་དག་ལས་གསེར་རྡུལ་གྲངས་མེད་རྙེད་རྒྱུ་ཡོད། ཁོ་ཚོས་སྒོར་མོའི་ཚབ་ཏུ་བེད་སྤྱོད་བྱེད་པ་ནི་བྱུ་རུ་ཁོ་ན་མིན་ལ་བྱུ་རུ་ནི་བུད་མེད་ཚོའི་སྐེ་རྒྱན་དང་ལྷ་སྐུའི་ཕྲ་རྒྱན་སོགས་རེད། ད་དུང་། ཁོ་ཚོས་རས་ཁྲ་ཡག་པོ་དང་གོས་ཆེན་བཟོ་བ་མ་ཟད་ང་ཚོའི་རྒྱལ་ཁབ་ལ་མ་བསླེབས་པའི་སྨན་རྫས་ཀྱང་བཟོ་བསྐྲུན་བྱེད་ཀྱི་འདུག
ཡུལ་དེའི་མང་ཚོགས་ཀྱི་ཁྲོད་ན་ཆེས་ནུས་རྩལ་ལྡན་པའི་སྔགས་པ་མང་པོ་ཞིག་ཡོད་ལ་ཁོ་ཚོས་ཆེས་ཐུན་མོང་མ་ཡིན་པའི་གདོན་འདྲེའི་སྒྱུ་རྩལ་འཁྲབ་སྟོན་བྱེད་པ་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པ་དང་། ད་དུང་། འཚུབ་མ་དང་འབྲུག་སྒྲ། གློག་འོད་སོགས་ཡ་མཚན་པའི་ཤུགས་རྐྱེན་གཞན་མང་པོ་སྟོན་གྱི་འདུག
ཁོང་ཚོ་ནི་གནས་སྟངས་སྐྱོ་བོའི་རིགས་ཤིག་ཡིན་པས་རྟེའུ་དང་བོངས་ཚད་མཉམ་པའི་གསོ་ཁྱི་ཉར་ནས་འབྲོང་དང་གླང་། སྟོབས་ཆེ་བའི་བདག་མེད་གཅན་གཟན་གྱི་རིགས་མང་པོ་རྔོན་གྱི་ཡོད། དེ་མིན་ཡུལ་དེ་ནི་ལུས་རྩལ་བཟང་ཞིང་འཕུར་རྩལ་ཁྱད་དུ་འཕགས་པའི་བྱ་གླག་དང་ཁྲ་སོགས་ཀྱི་འཚར་ལོངས་ཀྱི་ཁྱིམ་གཞི་ཞིག་ཀྱང་རེད།
ཐེ་བྷེ་ཐའི་(Thebeth)ཞིང་ཆེན་དེ་ནི་རླབས་ཆེ་བའི་རྒྱལ་བོ་ཁན་(Great Khan)གྱི་མངའ་འོག་ཏུ་ཚུད་འདུག་ལ། དེའི་ཉེ་འཁོར་གྱི་རྒྱལ་ཕྲན་གཞན་དག་དང་ཞིང་ཆེན་གཞན་དག་གིས་ཀྱང་དེ་ལྟར་བརྗོད་ཀྱི་ཡོད། བོད་ཀྱི་ཞིང་ཆེན་དེའི་ཁྲོད་ན་ཞིང་ཆེན་གཞན་ཞིག་ཡོད་པ་ནི་ཁན་རྡོ(province of Kaindu)ཞིང་ཆེན་རེད།
[ཐེ་བྷེ་ཐ་Thebethཞེས་བ་ནི་དེང་སྐབས་ཀྱི་བོད་Tibetཞེས་བརྗོད་པའི་དོན་རེད།]
- རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
མར་ཁོ་ཕོ་ལོ་ནི་སྤྱི་ལོ་1254ལོར་ཨེ་ཌྲ་ལེའི་(Italy)གྲོང་ཁྱེར་བན་ནེ་སའི(Venice)ནང་དུ་སྐྱེས་ཤིང་། སྤྱི་ལོ་1271ནང་རང་གི་ཁྱིམ་མི་དང་ལྷན་དུ་འགྲུལ་བཞུད་ཀྱི་འགོ་བརྩམས་པ་དང་། འགྲུབ་བཞུད་ཀྱི་ཟིན་ཐོ་རིང་མོ་ཞེས་པ་དེའང་ཤར་ཕྱོགས་ཡུལ་གྲུ་དུ་མར་འགྲུབ་བཞུད་བྱས་པའི་ཟིན་ཐོ་ཞིག་རེད། ཁོས་རླབས་ཆེ་བའི་རྒྱལ་བོ་ཀུབ་ལེ་ཁང་(Kublai Khan)གི་རྩ་ཁྲིམས་ལ་བརྩི་མཐོང་དང་རྒྱ་ཆེ་ཞིང་འོད་སྟོང་འཕྲོ་བའི་མོང་གོལ་རྒྱལ་ཁམས་ལ་(Mongol empire) སྲི་ཞུ་བསྒྲུབས་པ་དེས་གསེར་གོས་རིན་ཆེན་སོགས་མང་དུ་མཆིས་པའི་འབྱོར་ལྡན་གྱི་ས་ཆ་འབར་མ་དང་བོད་(Burma and Tibet )སོགས་ཡུལ་ཐག་རིང་པོའི་སར་འགྲུབ་བཞུལ་བྱས་ཡོད་ནའང་། ཡོ་རོབ་པ་མང་པོས་དོན་དམ་པའི་གནས་སྟངས་དེ་འདྲ་མཁྱེན་མི་འདུག
གུས་པས་ཟིན་ཐོ་འདི་བོད་ཡིག་ཏུ་བསྒྱུར་དོན་ནི་གཅིག་ནས་ཕྱི་གླིང་བ་ཞིག་གིས་བོད་ཀྱི་དུས་རབས་བཅུ་གསུམ་པའི་སྤྱི་ཚོགས་ཀྱི་གནས་སྟངས་མིག་མཐོང་ལག་ཟིན་གྱིས་ཟིན་ཐོར་བཀོད་པ་འདི་ལོ་རྒྱུས་ཀྱི་རྒྱུན་ཤེས་ལ་ཤིན་ཏུ་གལ་ཆེན་བ་དང་། གཉིས་ནས་བོད་ཀྱི་སློབ་གྲྭ་ཆེན་མོའི་ལོ་རྒྱུས་དགེ་རྒན་ཞིག་གིས་“མར་ཁོ་ཕོ་ལོ་བོད་ལ་བསླེབས་དུས་ཡུལ་དེའི་བོད་མིས་མི་ཤ་ཟ་བཞིན་འདུག”ཅེས་དགེ་རྒན་ཁོང་གིས་དཔེ་དེབ་གང་ཞིག་གཞིར་བཞག་ནས་གླེང་གི་ཡོད་པ་ཕྲན་གྱིས་མི་ཤེས་མོད། གཏམ་དེ་གོ་མ་ཐག་མྱུར་དུ་ “མར་ཁོ་ཕོ་ལོའི་འགྲུལ་བཞུད་”ཅེས་པའི་དབྱིན་ཡིག་གི་དཔེ་དེབ་འདི་ཉོས་ནས་ཁོང་འགྲུལ་བཞུད་ཁྲོད་བོད་དུ་སྐྱོད་པའི་ཟིན་ཐོ་བོད་ཡིག་ལ་བསྒྱུར་བའི་ཁུལ་ཡིན།
སྤྱི་ལོ་2015ལོའི་ཟླ་7ཚེས་6ཉིན། ཆུ་མོ་གང་གྷའི་ཉེ་འགྲམ་གྱི་ཇ་ཁང་ཞིག་ནས།
མར་ཁོ་པོ་ལོ་བོད་དུ་སླེབ་པའི་དཔང་རྟགས་དང་ཁུང་བསྐྱེལ་ག་རེ་ཁྱེད་ལ་བསྟན་རྒྱུ་ཡོད་།སྐྱག་རྫུན་བཤད་མ་བསྡད་།
མརྐོ་ པོ་ལོ་ བོད་ནང་སླེབས་པའི་གློག་བརྙན།
https://www.youtube.com/watch?v=J5cFYgn_Umc
ལོ་རྒྱུ་ལ་མི་འདི་ཀརྨ་པ་༢པ་ཀརྨ་པཀྴི་མཇལ་བའི་ལོ་རྒྱུ་ཡོད་རེད། (THE COURT OF KUBLAI KHAN
At the age of 47 (1252), he set out on a three-year journey to China, at the invitation of Kublai, grandson of Ghengis Khan. While there, Chinese and Tibetan histories, as well as statements of European visitors, record that the Karmapa was said to have performed many spectacular miracles at the court. He also played an important role as a peacemaker. However, the Karmapa declined to stay permanently in the court, which caused Kublai Khan’s displeasure.) ཀརྨ་པཀྴིའི་རྣམ་མཐར་ནས།
རྩོམ་འདིའི་མཇུག་ཞིག་ཡོད་ཀྱི་རེད།བསྒྱུར་ཐུབ་ན་བཀའ་དྲིན་ཆེ