འཁྱམས་པོ།
དུངས་དུངས་ཀྱི་དུངས་པ་ཟབ་པས་་་མར་མེ་འོད་ཆེན།
འབུམ་ཕྲག་གི་རེ་བ་བརྩེགས་པའི་ང་།
འབར་བཞིན་འབརབཞིན་ང་འབར་སོང་།
ངའི་ཨ་མྱེ་འབར་ ཨ་ཕ་འབར་ བུ་ཆུང་འབར་ ཕུ་བོ་དང་ནུ་མོ་འབར།
དགའ་མ་ཡང་འབར་ གྲོགས་དང་སྤུན་ཟླ་འབར།
རླབས་ཀྱིས་འཁྱུད་པའི་མེ་ལྕེའི་ཀླུང་ན།
ལྷུན་སྟུག་གིས་བརྩེགས་པ་ནི་ ང་དང་ངའི་ཕུ་ནུ་ཚོའི་བེམ་པོ།
ངས་བེམ་པོ་དེ་དག་ཡར་སྒྲིག་འདོད་དེ་ ཕར་ཕྱིན།
ངས་ཅི་ཡང་འདེགས་མི་ཐུབ་ལ་ ང་ཅི་ལའང་ཐོག་རེག་བྲལ།
ངས་སྐད་ཤུགས་ཡོད་ཚད་ཀྱིས་ཇི་ལྟར་བོས་ཀྱང་།
མི་ཚོའི་ང་ལ་ཅེར་ནས་མིག་ཆུ་འདོན་པ་ལས།
ཅི་ཡང་མི་སྨྲ་བའི་རྟུལ་ཞིག་ཁོ་ན་འཛིན།
ང་ནི་འབར་བའི་མེ་ནང་དུ་འབར་ ཤུན་ཏུ་འབར།
རབ་ཏུ་འབར་ རྣམ་ཤེས་ཁྲི་འབུམ་གྱི་རེ་བ་དང་སེམས་ཤུགས་བཞིན།
ངས་མེ་རི་དང་མེ་ལྕེར་འཁྱུད་ནས་གཉའ་གནོན་དང་སྡུག་ངལ་ཁུར་དེ།
མི་ཚོས་གཏན་ཏུ་རེ་བའི་ལྷ་ལ་བཅོལ་ན་འདོད།
འོན་ཏེ་ ངས་ལྷ་དེ་ཇི་ལྟར་བཙལ་ཡང་མ་རྙེད།
ངས་མི་ཚོགས་ཁ་ཕྱོགས་ནས།
རང་ཉིད་ཀྱི་མགོན་ནི་རང་ཉིད་ལས།
ལྷ་ཞེས་ང་ཚོ་ལ་ཁ་ཡ་བྱེད་མཁན་ཞིག་མི་འདུག
འདི་ལྟར་ཤུགས་ཀྱིས་བཤད་ནའང་།
ཁོང་ཚོས་ངའི་ཁ་ལ་མི་ཉན་པ་མ་ཟད་ ངའི་སྐད་ཀྱང་མི་གོ།
ངས་རང་ཉིད་ལ་ཞིབ་ཏུ་བལྟ་དུས།
ང་ནི་འོད་ཕུང་ཞིག་སྟེ་ འབར་བཞིན་པའི་མེ་དང་དབྱེར་མེད་དུ་གྱུར།
༢༠༡༢/༡༡/༨ལ་ས་མཐའ་ཞིག་ནས་འབར་བཞིན་པའིསྤུན་ཟླ་ཚོར་འཕངས་སེམས་ཀྱིས་ཕུལ།